2019-03-19
གནའ་བོའི་བོན་ལུགས་སུ་འབྱུང་བའི་ཁམས་ཀྱི་བྱེ་བྲག་སའི་མཚོན་རྟགས་སུ་སེང་གེ་དང་ཆུའི་མཚོན་རྟགས་སུ་འབྲུག མེའི་མཚོན་རྟགས་སུ་ཁྱུང་། རླུང་གི་མཚོན་རྟགས་སུ་སྟག་གི་གཟུགས་རྣམས་བཀོད་སྲོལ་བྱུང་ཞིང་། ཚུལ་དེ་དུས་རིམ་གོང་མ་ནས་བཟུང་བོན་ལུགས་ཀྱི་ཆོ་འགའི་ཁོངས་སུ་ཆུད་ཅིང་། དུས་རིམ་བར་མ་དང་འོག་མའི་ནང་སྔར་རྒྱུན་མུ་མཐུད་ནས་དར་བར་མ་ཟད་བོད་མི་ཚོས་དེང་དུས་སུ་བེད་སྤྱོད་བྱེད་བཞིན་པའི་རླུང་རྟ་ཞེས་བྱ་བ་འདི་རྣམས་བྱུང་བ་ཡིན།
རླུང་རྟའི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་བཀོད་ཡོད། དེ་རྣམས་ཀྱིས་འབྱུང་བའི་ཁམས་རླུང་ས་མེ་ཆུ་རྣམས་མཚོན་ལ། རླུང་རྟའི་དབུས་སུ་རྟ་མཆོག་རིན་པོ་ཆེའི་རྒྱན་ཆས་སྤྲས་པའི་སྟེང་དུ་ནོར་བུས་མཚན་པ་རེ་བཀོད་སྲོལ་བྱུང་ཡོད་པ་དེས་འབྱུང་བའི་ཁམས་ཀྱི་ནུས་ཤུགས་གང་ལ་ལྡན་པའི་སྐྱེས་བུ་དེ་ཉིད་མཚོན་པ་ཡིན། ཇི་ལྟར་མཚོན་པའི་ཚུལ་ཡང་ཡོངས་གྲགས་ཀྱི་ལུགས་སུ་འབྱུང་བའི་ཁམས་ཞེས་པ་དེ། ས་ཆུ་མེ་རླུང་གི་ནུས་ཤུགས་ལ་ཐད་ཀར་ངོས་འཛིན་པ་ཡིན་ལ་གནའ་བོའི་བོན་པོ་ཚོས་འབྱུང་བ་དང་འབྱུང་བའི་ཁམས་གཉིས་སུ་ཕྱེས་ཏེ། འབྱུང་བ་ནི་ས་ཆུ་མེ་རླུང་རྣམས་ཡིན་པ་དང་འབྱུང་བའི་ཁམས་ནི་འབྱུང་བའི་ཀློང་དེར་ཡོད་གཡོ་བ་ཅན་གྱི་ནུས་ཤུགས་ཤིག་ལ་ངོས་བཟུང་། དེའི་ཚུལ་ནི་འབྱུང་རྩིས་ཀྱི་ལུགས་སུ་རླུང་གི་ཁམས་དེ་ཤིང་གིས་མཚོན་པ་ལྟར་འདིར་ཡང་འབྱུང་བ་ཤིང་གིས་རླུང་མཚོན་ལ། རླུང་ངམ་ཤིང་ནགས་ཀྱི་ཀློང་དུ་གནས་འཆའ་ཞིང་གཡོ་བ་ཅན་གྱི་སྲོག་གི་ནུས་པ་དང་ལྡན་པ་ནི་སྟག་ཡིན་སྟབས། འབྱུང་བ་རླུང་ཁམས་ཀྱི་མཚོན་རྟགས་སུ་སྟག་བཀོད་པ་དང་། འབྱུང་བ་སའི་སྙིང་པོ་སྲ་ཞིང་མཁྲེགས་པའི་རང་བཞིན་དང་ལྡན་པའི་རི་བོ་ཆེན་པོ་རྣམས་ཡིན་ལ། ད་དུང་ཆེས་སྲ་ཞིང་མཁྲེགས་པ་གངས་ཀྱི་རི་བོ་རྣམས་ཀྱི་སྤོའམ་གངས་རིའི་ཀློང་དུ་གནས་འཆའ་ཞིང་། གཡོ་བ་ཅན་གྱི་སྲོག་གི་ནུས་པ་དང་ལྡན་པ་ནི་སེང་གེ་ཡིན་སྟབས། འབྱུང་བ་ས་ཁམས་ཀྱི་མཚོན་རྟགས་སུ་སེང་གེ་བཀོད་པ་དང་། འབྱུང་བ་མེའི་སྙིང་པོ་ཚ་ཞིང་བསྲེགས་པའི་རང་བཞིན་དང་ལྡན་པ་ནི་དབལ་དང་ཛྭོ་དང་འབར་བ་ཆེན་པོའི་མེ་ལྕེ་རྣམས་ཡིན་ལ་མེ་ལྕེ་དང་དབལ་ཟེར་གྱི་ཀློང་ན་གནས་འཆའ་ཞིང་གཡོ་བ་ཅན་གྱི་སྲོག་གི་ནུས་པ་དང་ལྡན་པ་ནི་ཝེར་མ་ཁྱུང་ཆེན་བསེའུ་ཡིན་སྟབས། འབྱུང་བ་མེ་ཁམས་ཀྱི་མཚོན་རྟགས་སུ་ཁྱུང་བཀོད་པ་དང་། འབྱུང་བ་ཆུའི་སྙིང་པོ་རླན་གཤེར་གྱི་རང་བཞིན་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོའི་ཆུ་ཡིན་ལ། རྒྱ་མཚོའི་ཆུ་ཀློང་དུ་གནས་འཆའ་ཞིང་གཡོ་བ་ཅན་གྱི་སྲོག་གི་ནུས་པ་དང་ལྡན་པ་ནི་འབྲུག་ཡིན་སྟབས། འབྱུང་བ་ཆུ་ཁམས་ཀྱི་མཚོན་རྟགས་སུ་འབྲུག་བཀོད་པ་དང་། རྟ་མཆོག་རྒྱུག་རྩལ་དང་ལྡན་པ་དེས་རྒྱུན་མི་ཆད་པའི་སྐྱེས་བུའི་ནུས་ཤུགས་མཚོན་པ་དང་། རྟ་མཆོག་ལ་རིན་པོ་ཆེའི་རྒྱན་ཆས་དང་། ནོར་བུ་རིན་པོ་ཆེས་བརྒྱན་པ་ནི་སྐྱེས་བུའི་ནུས་ཤུགས་དེ་མཐུན་རྐྱེན་ལེགས་པའི་ཚོགས་ཀྱིས་སྤྲས་པ་དང་རང་རྒྱུད་ཀྱི་འབྱུང་བའི་ནུས་ཤུགས་ཕུན་སུམ་ཚོགས་པས་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཚོན་སྟབས། རྟ་མཆོག་རྒྱན་ལྡན་གྱི་གཟུགས་ཤིག་འགོད་སྲོལ་བྱུང་ཡོད་འདུག
རྩོམ་གསར། 10