བང་ཁང་ནི་ནགས་ཚལ་ཡོད་སའི་བོད་ཡུལ་གྱི་ས་ཆ་ཀུན་ལ་ཁྱབ་པའི་སྡོད་ཁང་ཁྱད་ཆོས་ཅན་ཞིག་ཡིན་ལ། དེ་ལ་དབྱར་དུས་དྭངས་ཤིང་དགུན་དུས་དྲོ་བ། བརླན་གྱིས་གནོད་པ་ཆུང་ཞིང་འབུ་སྲིན་དང་བྱི་བ་སོགས་འགོག་ཐུབ་པ། རྒྱུ་ཆ་རང་སར་རྙེད་ཅིང་ས་འགུལ་ལ་དཔའ་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན། བང་ཁང་བཟོ་བར། ཐོག་མར་ནགས་སུ་སོང་ནས་ཐང་ཤིང་རྒྱུ་དྲང་ལ་འཛེར་མ་ཉུང་བ། ནང་རུལ་བའི་ཐང་རྒན་མ་ཡིན་པ་བསལ་ཏེ། སྟོན་ཁ་ཤིང་ཤེད་རྒྱས་ཤིང་། ཤིང་གི་སྡོང་པོ་དང་པགས་པའི་བར་ཆུ་བབས་ནས་ཤིང་ལྤགས་བཤུ་སླ་བའི་དུས་ཚིགས་སུ་བཅད་ནས་སྤུ་བཅད༼ ཡལ་ག་རྣམས་སྡོང་རྩ་ན་བྲེག་པའི་དོན༽དང་། པགས་བཤུ་ལེགས་པར་བྱས་ཐོག རིང་ཐུང་བང་བ་ཆེ་ཆུང་ཇི་ཙམ་འདོད་པའི་ཚད་ལ་གཞིགས་ནས་རིང་བཅད་བྱས་ཏེ་ཤིང་གི་འགོ་དང་ཡལ་ག་སོགས་དོར་། འདི་ལ་རྒན་པོའི་ངག་རྒྱུན་དུ། ཤིང་ལ་རིང་གཅད་དང་། ལྕགས་ལ་ཐུང་གཅད་དགོས་ཞེས་པ་ནི་ཤིང་བཟོ་དང་མགར་བའི་ཉམས་མྱོང་ཡིན་པས། ཤིང་ཆའི་རིགས་གང་ཞིག་གཅོད་ཀྱང་དངོས་སུ་སྤྱད་བྱའི་ཚད་ལས་རིང་བཅད་བྱེད་པ་ནི་མན་ངག་ཡིན་པར་སྣང་། གཞན་ཡང་སྒོ་དང་། སྒེའུ་ཁུང་དང་། གཅལ། ཀ་གདུང་། སྟེང་འགེབས། བབ་སོ་བབ་གམ་མམ་ལྕམ་ཤིང་། ནང་བཅོས་ཤིང་ལེབ་དང་བཞི་ལིངས་སོགས་ཀྱི་རྒྱུ་ཆ་གང་དགོས་འདང་ངེས་བཅད་ནས་བཅུ་སྐམ་དུ་བཞག དེ་ནས་སོག་ལེས་བང་ཤིང་ཡིན་ན་སྡོང་པོར་དཀྱིལ་ཐིག་བཏབ་ནས་གཤགས་ཏེ་གཉིས་བཀས་བྱེད། སྒོ་རུ་དང་མཆོད་ཁྲི་སོགས་ལ་མཁོ་བའི་བཞི་ལིངས་སྦོམ་ཕྲ་འོས་འཚམས་གྲུ་བཞིར་གཤག གཅལ་སོགས་བཟོ་བའི་ཤིང་ལེབ་དགོས་མཁོ་ལྟར་དྲས་ནས། མགྱོགས་ཙམ་སྐམ་ཐུབ་པའི་ཆེད་དུ་ཆར་མི་ཕོག་སར་བསླས་བརྩིག་གི་བར་སིང་རླུང་རྒྱུ་བར་བྱས་ཏེ་བརྩིགས་ཤིང་། ཤིང་ལེབ་དང་བཞི་ལིངས་མི་འཁྱོག་པའི་ཆེད་དུ་བརྩིགས་སྣེ་རྡོ་ཡིས་མནན་ནས་བཞག་གོ། དེ་ནས་ཤིང་དེ་དག་སྐམ་ཐག་ཆོད་པ་དང་ཤིང་བཟོ་བ་བཀུག་ནས། བང་ཤིང་གི་ཟུར་གཉིས་ནས་ཐིག་བཏབ་སྟེ་ཧ་གཙག་གིས་མཉམ་པར་གཞོག ཤིང་སྡོང་སྦོམ་ཕྲའི་རྐྱེན་གྱིས་བང་ཤིང་སྲབ་མཐུག་ཏུ་གྱུར་པ་རྒྱབ་ནས་བཞོག་སྟེ་ཆ་སྙོམ་པར་བྱས་ཐོག ནང་ཕྱོགས་དང་ཟུར་གཉིས་འབུར་ལེན་གྱིས་དྲང་ཞིང་འཇམ་པོ། བང་ཤིང་བརྩེག་སྐབས་སྲུབ་མི་མངོན་ཞིང་ཆུ་བླུག་ནའང་ཕྱིར་མི་འཛག་པ་ཙམ་བྱེད་། དེ་ནས་ཐིག་ཚད་ལྟར་སྣེ་གཉིས་དྲང་པོར་གཏུབ། བང་ཤིང་བརྩེགས་པའི་བསྣོལ་མཚམས་ཕྱེད་གཏུབ་ཀྱི་སྤྲས་ཀ་ཅན་ལ། དངོས་སུ་བརྩེག་སྐབས་ཤིང་བཟོའི་ལག་རྩལ་དབང་གིས་འཕྲད་དཀའ་བ་དང་། ཡང་ན་སྤྲད་མཚམས་ཀྱི་ཕྱི་ནང་གཉིས་ཀའམ་ཕྱོགས་གཅིག་ཏུ་སྲུབ་ཆེན་པོ་ཡོད་པ་སོགས་ཀྱི་སྐྱོན་དང་བྲལ་བ། སྒོ་དང་སྐར་ཁུང་གི་སྟེང་དུ་འཇག་ཁོངས་ཞེས་བང་ཤིང་རླན་གྱིས་འཁུམ་ཚད་དང་འཚམས་པའི་བར་སྟོང་ངེས་ཅན་ཞིག་དགོས་པ་དེ་ཚོད་ཟིན་སོགས་ནི་ཤིང་བཟོའི་ལག་རྩལ་དང་ཉམས་མྱོང་ལ་རག་ལས་པ་ཡིན། བང་བ་ཆེན་པོ་ཡིན་ན་དཀྱིལ་དུ་ཀ་བ་དང་། ཀ་ཉིའམ་འདུང་འདེགས་དེ་སྟེང་གདུང་མ། དེ་སྟེང་བབ་སོའམ་ལྕམ་ཤིང་དེའི་སྟེང་གནམ་གཅལ་སྟེང་མ། དེའི་སྟེང་ཤིང་གཤགས་རིམ་པ་གཅིག་དེའི་སྟེང་དུ་སྔོ་དྲེག་དེའི་སྟེང་དུ་འབྱར་རྩི་ཅན་གྱི་ས་བླུགས་ནས་བརྡུང་བའམ། ཡང་ན་ཨར་ཀ་བཟོ་བ་དང་། རི་ཁྲོད་སོགས་སུ་ཤིང་གཤགས་དང་རྡོ་གཡོམ་གྱི་སྟེང་ཁེབས་དང་། དེང་སང་རྫ་གྱོའི་སྟེང་ཁེབས་འཛོག་པ་སོགས་ཀྱང་ཆ་རྐྱེན་ཅན་རྣམས་ཀྱིས་བྱས་པར་མཐོང་བས་གང་རུང་། གོང་དུ་བཤད་མ་ཐག་པ་ནི་བང་བའི་ཕྱི་ཁོག་ཙམ་སྟེ། བང་ཁང་ལ་སྒོ་དང་སྒེའུ་ཁུང་དང་། ལྕམ་ཤིང་ངམ་བབ་སོ་བབ་གམ་རིམ་པ། གནམ་གཅལ་གྱེན་སྤྲོད། འབྲུ་སྒོམ། ཁྲ་མ། ཁྲ་ཡོལ། མཆོད་ཁང་ཡིན་ན་མཆོད་ཁྲི། དཔེ་སྒྲོམ། གཟིམ་ཁྲི་དང་མདུན་འཇོག་ཆ་འགྲིག སྒོ་དང་དཀར་ཁྲ་རྒྱས་པ་ལ། བང་ཤིང་དང་སྐར་ཁུང་གི་སྤྲད་མཚམས་ཕྱི་ནས་ནང་གི་རིམ་པར། པད་སྐྱོར། པདྨ་མཆོད་བརྩེགས་འབུར་མ། མཆོད་བརྩེགས་ཀྱོང་མ༼འདི་ལ་ས་ཆ་འགའ་ཞིག་ཏུ་བུང་ཚང་ཞེས་ཀྱང་འབོད ༽འབྲུག་ཁང་བཅས་རིམ་པ་ལྔ་བརྩེགས་ཅན། དེའི་ནང་དུ་འདན་སྒོ། དག་ཁྲ་སྤོས་རྒྱ་ཅན་ནམ། ཡང་ན་གཡུང་དྲུང་བསླས་མ། སྒང་འབུར་གའུ་མ་སོགས་ཀྱི་ཕྱི་རུ་ཁྲ་མ་མེ་ཏོག་ཅན་བཅས་ཀྱི་བཀོད་པ་སྣ་ཚོགས། སྒེའུ་ཁུང་སྟེང་དུ་སྒོ་རྒྱན་༼ས་ཆ་འགའ་ཞིག་ཏུ་ཉི་འཐེན་ཡང་ཟེར༽ཁྲ་མ་ལ་མེ་ཏོག་འདབ་མ་བཞི་པ་དག་མུ་འབྲེལ་དུ་བསྒྲིགས་པ་དང་། གཡུང་དྲུང་སོགས་བསླས་པའི་པ་ཏྲ་རིགས་ཀྱི་བསླས་མཚམས་དང་། ཡང་ན་ཁུག་ཏུ་མེ་ཏོག་བརྐོས་མས་བརྒྱན་པ་སྣ་ཚོགས་འབྱུང་ལ། དེ་ལའང་དགུན་གྱི་དུས་སུ་གསལ་ཞིང་དྭངས་ལ་སྣང་བ་སྤྲོ་བའི་རས་ཀྱི་ཁྲ་ཡོལ་ཁོ་ན་ཙམ་བཀོལ་ལ། བོད་ལུགས་ཀྱི་ཁྲ་ཡོལ་ནི། རལ་དཀར་དྭངས་གསལ་རས་ནག་པོའི་ལྕགས་རི་ཅན། སྐར་ཁུང་ཆེ་རིགས་ཀྱི་ཁྲ་ཡོལ་ནི། རས་དཀར་དྭངས་གསལ་ནས་ནག་པོའི་ལྕགས་རི་ཅན། སྐར་ཁུང་ཆེ་རིགས་ཀྱི་ཁྲ་ཡོལ་ལ་དཀྱིལ་ནས་སྲིད་དང་འཕྲེད་དུ་རས་ནག་པོའི་ལྕགས་རི་ཅན། སྐར་ཁུང་ཆེ་རིགས་ཀྱི་ཁྲ་ཡོལ་ལ་དཀྱིལ་ནས་སྲིད་དང་འཕྲེད་དུ་རས་ནག་པོའི་རྒྱ་གྲམ་ཅན། བསྣོལ་མཚམས་ཐམས་ཅད་དུ་རས་དམར་པོ་མཐའ་ཤན་དང་འཚམས་པའི་གྲུ་བཞི་མས་སྤྲས་པ། དེའི་སྟེང་དུ་རས་དང་གོས་དར་གྱི་ཕུར་མས་མཛེས་པ་བཅས་སོ། །
བང་ཁང་གི་ནང་བཅོས་ལ། གོ་གཅལ། གནམ་གཅལ་གྱེན་སྤྲད། བང་ཁང་སྤྱིའི་ནང་དུ་འབྲུ་སྒྲོམ། ༼ འདི་ལ་ས་ཆ་ཞིག་ཏུ་འབྲུ་ཁྲ་ཡང་ཟེར། ༽ མཆོད་ཁང་ཡིན་ན་མཆོད་ཁྲི་ལ་བཀོད་པ་སྣ་ཚོགས་འབྱུང་བར། སྤྱིར་བང་ཁང་གི་ངོས་གཅིག་མཆོད་སྒྲོམ་ཡིན་པར། མཆོད་སྒྲོམ་གྱི་དཀྱིལ་སྨད་དུ་མཆོད་པ་བཤམ་ཡུལ་གྱི་མཆོད་སྟེགས། དེའི་གོང་དུ་སྐུ་རྟེན་བཞུགས་གནས་ཀྱི་སྐུ་ཁང་གའུའི་དབྱིབས་འཕྱོ་འཕྲུལ་རྐོས་རིས་ཅན། དེའི་གོང་དང་གཡས་གཡོན་དུ་གསུང་རྟེན་པོ་ཏི་བཞུག་པའི་དྲ་མིག། དེའི་སྟེང་མཆོད་ཁྲིའི་དཔྲོག་རྒྱན་སྒོ་རྒྱན་དང་འདྲ་བ་དང་། ཡང་ན་རྒྱ་ཕིབས་ལྟ་བུ་དང་། ཕྱེ་མ་ལེབ་ཀྱི་སྤྲས་ཀ་ཅན་སོགས་སྣ་ཚོགས། གཞན་ཡང་མཆོད་ཁྲིའི་ཕྱི་ཁོག་གོང་དུ་བཤད་ཟིན་པའི་སྒེའུ་ཁུང་གི་ཕྱི་ཁོག་ལྟར་པད་སྐྱོར་དང་པདྨ་ནས་འབྲུག་ཁང་བར་བསྒྲིགས་པའང་མང་། མཆོད་ཁྲིའི་རི་མོ་ནི། ཕལ་ཆེར་སྐྱོ་འབུར་དང་རྐོས་རིས་གཉིས་ཏེ། རྒྱན་རིས་ཏྲ་ལ། དཀྱིལ་ནོར་བུ་མེ་འབར། ཕྱོགས་གཉིས་གཡུ་འབྲུག་ཁ་སྤྲོད། ཡང་ན་དབུས་སུ་རི་དྭགས་ཆོས་འཁོར། ཕྱོགས་གཉིས་སུ་ཤིང་ལོ་པ་ཏྲ་མེ་ཏོག་གིས་མཛེས་པ། ཡང་འགའ་རེ་ལ། དཀྱིལ་དུ་ཙི་པ་ཏྲ། ཁ་ནས་རིན་པོ་ཆེ་རཏྣ་ཕྱུར་བ། ལག་པ་གཉིས་ནས་ཤིང་ལོའི་པ་ཏྲ་ཕྱོགས་གཉིས་སུ་གྱེས་ཤིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ནི་འཕྱོ་འཕྲུའི་རི་མོ་སྟེ། མཆོད་ཁྲིའི་ལག་འཐེན་དང་སྒོ། ཤིང་བཀག་རྣམས་སྟག་སེང་ཁྱུང་འབྲུག ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། རང་བྱུང་རྣམ་ལྔ། འདོད་ཡོན་རྣམ་ལྔ། མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། རིན་ཆེན་སྣ་བདུན་སོགས་འོས་འཚམས་དང་། མགོན་ཁང་གི་གཏོར་སྒྲོམ་ལ་ནི་དྲག་པོའི་རྣམ་ལྔའི་རི་མོ། སྐུ་ཁང་གི་རྒྱན་འབྲུག་གྱེན་ལངས། སྤྲིན་རིས་དང་ཤིང་ལོ་པ་ཏྲ་གྱེན་དུ་འཁྱིལ་བ། མཆོད་ཁྲིའི་ཕྱི་ཁོག་སྒོ་དང་སྒེའུ་ཁུང་གི་ཕྱི་ཁོག་ལྟ་བུ་ལ་ནི་རི་མོ་ཡང་དེ་དང་ཕལ་ཆེར་འདྲ་བ་ལ། སྒོ་དང་སྒེའུ་ཁུང་གི་རི་མོ་རགས་ཙམ་གྱིས་ཆོག་ལ། མཆོད་ཁྲི་ལ་ནི་ཞིབ་ཚགས་རྒྱས་སྤྲོས་ཅན་དགོས་པ་ཡིན། མཆོད་ཁང་ནང་གི་གནམ་གཅལ་གྱེན་སྤྲད་ལ། པ་ཏྲ་ལག་བསླས། རྟགས་བརྒྱད་བུམ་གཟུགས། སྣོད་བཅུད་བསྟོད་པའི་འཁོར་ལོ། བཏགས་གྲོལ་དང་མཐོང་གྲོལ་སོགས་འཁོར་ལོའི་རིགས། བཀྲ་ཤིས་རྟགས་མཚན་གྱི་རི་མོའི་རིགས་བཀོད་པ་ལ། སྐྱོ་འབུར་དང་ཚོན་རིས་ལ་ས་རྐོ་དཀྲོལ་རྒྱག་སྲོལ་ཕལ་ཆེར་མེད་པ་འདྲ། བང་ཁང་གི་ལྡེབས་ངོས་སུ། སྟེང་དུ་ཕུར་མ་དང་ཡང་ན་དྲ་བ་དྲ་ཕྱེད། ལྡེབས་གཞི་དམར་སེར་སྟེང་གོས་ཆེན་གྱི་རི་མོ་རག་འདུལ་སྤུས་ལེགས་ཀྱིས་ཉམས་དང་ལྡན་པ་ཞིག་འབྲི་བ་ནི་སླ་ཞིང་མཛེས་ལ་སྣུམ་མདངས་ཆགས་པ་ཡིན། མཆོད་ཁང་ནང་གི་མདུན་ཅོག་དང་། གྲྭ་ཁྲི་སོགས་ལའང་དེ་མཚུངས་ཀྱི་རི་མོ་འབྲི་བ་སྟེ། རྐོས་ཡོད་མེད་དང་། རི་མམོ་རྒྱས་བསྡུས། ལ་ཁྲ་དང་སྟག་པ། ཤུག་པ་ཤིང་དང་སྟར་ཀ་སོགས་ཤིང་གང་ཞིག་ལས་བཟོ་སོགས་ནི་ཁྱིམ་བདག་རང་རང་གི་ཆ་རྐྱེནདང་། མོས་པ། ནོར་གྱི་འབྱོར་བ་སོགས་ཀྱིས་རྐྱེན་པས་སྣ་ཚོགས་པའོ། །
སྤྱིར་རི་མོ་རྒྱས་དང་བཀྲག་མདངས་ཆེ་བར་དགའ་བ་ནི། བོད་རིགས་ཀྱི་ཞེན་པ་ཁྱད་ཆོས་ཅན་ཞིག་ཡིན་པ། ཁང་པ་ལའང་དེ་དང་མཚུངས་པར་གྱང་དང་རྩིག་པའི་ཕྱི་ངོས་ལ་ས་དཀར། བང་ཁང་གི་ཕྱི་ངོས་ལ་བཙགས་སྨུག ། དེའི་སྟེང་དུ་དུང་ཕྲེང་། དེའི་སྟེང་བས་སོ་བབ་གམ། ལྕམ་དང་ལྕམ་བཀག་རིམ་པ་གསུམ་གྱི་གདོང་ལ་ས་དཀར། འགྲམ་པར་བཙགས་སྨུག ། ལྕམ་བཀག་རྒྱས་པ་ལ་ཚོན་གྱི་པ་ཏྲ་བསླས་རིས། བསྡུས་པ་ལ་ས་དཀར་དང་སྣག་ཚའི་པ་ཏྲ་ཙམ། ཕྱམ་གྱི་གནམ་གཅལ་བོད་མེས་པོའི་སྐབས་ཀྱི་བོན་ལུགས་ཡིན་པར་འདོད་པའི་ནམ་མཁའི་མདོག་ཅན་ནོ། ། སྒོ་རུ་དང་སྒེའུ་ཁུང་ཕལ་ཆེར་གཙུག་ལག་ཁང་གི་སྐབས་བཤད་ཟིན་པ་དང་འདྲ་བར་། ཕྱི་ནས་ནང་གི་རིམ་པར་པད་སྐྱོར་དམར་པོ་བ་བླ་དང་ཡང་ན་སྤང་གི་ཤན་ཆ་ཅན། པདྨ་ལ་སྣ་ཚོགས་པདྨ་རི་མོ་གསེར་གྱི་ཤན་ཆ་ཅན། མཆོད་བརྩེགས་ཀྱོང་མ་ནང་དམར་པོ། པདྨ་ལ་སྣ་ཚོགས་པདྨའི་རི་མོ་གསེར་གྱི་ཤན་ཆ་ཅན། མཆོད་བརྩེགས་ཀྱོང་མ་ནང་དམར་པོ། འགྲམ་པར་ཁ་དོག་སེར་ཐིང་དམར་ལྗང་སྤྲད་པའི་པདྨ་ཕྱེས་པ། ༼ འདི་ལ་འབྲུག་ཁང་གི་ཕྱི་ནས་པདྨ་བྱེད་པ་དང་། ཡང་ན་མཆོད་བརྩེགས་དང་པདྨ་གཉིས་ཀྱི་གོ་ས་ལྡོག་པ་དང་། མཆོད་བརྩེགས་ཀྱོང་མ་ཙམ་ལས་འབུར་ཀྱོང་གཉིས་རེ་མེད་པ་སོགས་སྣ་ཚོགས་འབྱུང་བས་མཐའ་གཅིག་ཏུ་མངེས་ཀྱང་འདིར་རྒྱས་ཚད་དུ་བྲིས་པའོ། ། ༽མཆོད་བརྩེགས་འབུར་མ་ལི་ཁྲི་གཞི་གང་མཛེས། ། འབྲུག་ཁོག་སྟ་ཟུར་བཞི་ལ་གྲུ་གུ་སྤྲས་མ། མཐའ་རྒྱན་ནོར་འཛིན་པ་ཏྲ། དབུས་སུ་གཡུ་འབྲུག སྒོ་འདན་ལ་མཛེས་རིས་སྣ་ཚོགས། སྒོ་རྒྱན་དང་སྒེའུ་ཁུང་གི་ཉི་འཐེན་མཆོད་ཁྲིའི་དཔྲོག་རྒྱ་དང་ཕྱོགས་མཚུངས་ཡིན་པས་ནོར་བུ་མེ་འབར་ཤིང་ལོ་པ་ཏྲས་བརྒྱན་པ་སོགས་གང་མཛེས་སུ་བྱ། མཆོད་ཁང་མ་ཡིན་པའི་བང་བའི་ནང་ལ་སྔར་ལུགས་ལྟར་ན་ཕལ་ཆེར་ཚོན་གྱི་རི་མོ་རྒྱས་སྤྲོ་མི་འབྲི་བའོ། ། དེང་དུས་སུ་བོད་རིས་ཀྱི་མཛེས་རྒྱན་སྤྲས་པའི་ལྕགས་སྒོ་བཟོ་བཞིན་པ་ནི་བཙན་ཞིང་མཛེས་པ་ཞིག་སྣང་ངོ་། །