སྲོལ་རྒྱུན་གྱི་ཆང་ལས་བྱེད་སྟངས་སྟབས་བདེ་ཞིག་གི་ངོ་སྤྲོད།

དཔལ་ལྡན་ལེགས་བཤད།        2013-01-23

མི་རིགས་གཞན་གྱི་ཤུགས་རྐྱེན་ལས་བོད་རང་གི་དམངས་ཁྲོད་རིག་གནས་ལ་མོས་པ་ཆེན་པོ་ཞིག་བདག་ལའང་སྐྱེས། དེས་ན་དུས་དང་རྣམ་པ་ཀུན་ཏུ་དམངས་ཁྲོད་དུ་ཡོད་པའི་སྲོལ་རྒྱུན་རིག་གནས་ལ་ཡིད་འཇོག་དང་རྟོག་ཞིབ་བྱེད་པའི་གོམས་གཤིས་ཤིག་བདག་ལ་ཆགས་ཡོད། དེ་ནི་བདག་ལ་མཚོན་ན་ཆེས་གལ་ཆེ་བའི་གྲུབ་འབྲས་ཤིག་ཡིན། ཡིད་འཇོག་བྱས་པ་ལས་རྟོགས་པ་ནི། དུས་དེང་སང་ཡང་འཚོལ་བསྡུ་དང་རྒྱུན་འཛིན་བྱས་ནས་ང་ཚོས་དང་དུ་ལེན་དགོས་པའི་སྐོར་དུ་མ་ཞིག་མཆིས། དེ་ལས་བོད་ལ་བཟའ་བཏུང་ཐོན་སྐྱེན་ཀྱི་ཤེས་རིག་དམངས་ཁྲོད་དུ་དར་སོ་ཆེ་ཡང་ཡིག་ཐོག་ཏུ་མ་བཀོད་པའི་རིགས་ཇི་སྙེད་ཅིག་ཡོད། དེའི་ནང་ཚན་སྲོལ་རྒྱུན་གྱི་ཆང་ལས་སྟབས་བདེ་ཞིག་རང་ཡུལ་ན་མངོན་སུམ་དུ་མཐོང་བ་དང་། དར་མདོར་ལས་དོན་སྒྲུབ་མཁན་གྱི་སྡེ་རོང་རྫོང་སྤུན་གསུམ་ཡུལ་ཚོའི་ཁྱོ་ཤུག་གཉིས་ལ་བཅར་འདྲི་བྱས་དོན་ལྟར་ངོ་སྤྲོད་བྱ་རྒྱུ་ཡིན།
  བ་ལས། ཁྱེད་རྣམ་པ་གཉིས་ཀྱིས་བདག་ལ་རང་ཡུལ་གྱི་བོད་ལུགས་སྟབས་བདེའི་ཆང་ལས་བྱེད་སྟངས་བཤད་ན་འགྲིག་གམ།
  ཞ་བྱས།  འགྲིག  ངས་ཆུང་དུས་ནས་ཕ་མས་རང་ཁྱིམ་དུ་ཆང་རག་བཙོས་པ་ཐེངས་མང་པོ་མཐོང་མྱོང་། དེ་ལ་དང་པོ་ཡོ་བྱད་འདུ་བྱེད་དགོས། བརྔོས་སླང་དང་སློ་མ། ཁྲོ་ཟངས། སྐྱོགས། ཟ་ཁྲི། ཤིང་གི་ཁེམ་བུ། འབུད་ཤིང་། ལྦ་བོ༡།གོ་ཐལ། གསོ་མ། གྲོའི་སོག་མ། ཁྲོ། ཁྲོ་ལོག༢།ཨག་རྫ། ཨག་རྫེའུ།  ཟངས་ཆུང་། ཆང་རག་བླུག་སྣོད། གནས་ཆེན་གྱི་ཤུག་པ། རྡོ་ལེབ། ཡོག་ཐོད་བཅས་པ་དགོས།
  ཆང་རག་གི་རྒྱུ་ཆ་ལ། རབ་ནས་ནག་དང་སོ་བ། དེ་ནས་ནས་དཀར་ཆར་སོ། འབྲིང་གྲོ། ཐ་མ་མ་རྨོས་ལོ་ཐོག་དང་བྲ་བོ་རེད།
  ཕབས་རྩི་ལ། ཕབས་རྩམ་རྒྱ་ནག་ནས་ཐོན་པ་དེ་དང་བོད་ཀྱི་ཕབས་ལེབ་བམ་ཕབས་རྡོག་གཉིས་ཀ་འཛོམས་ན་ལེགས། མིན་རུང་བོད་ཕབས་རྐྱང་པས་ཆོག གྲབས་ཟིན་དུས་ཆང་རྒྱུ་འབྲུ་རིགས་དེ་ཆུ་བཀྲུས་གཙང་མ་བྱ་དགོས། དེ་ནས་བརྔོས་སླང་ནང་དུ་ཉུང་ངུ་ཉུང་ངུར་བླུགས་ནས་ཐབ་ཐོག་ལ་བསྐྱོན། མེ་ཚོད་ཟིན་ལ་ཞིབ་ནན་ཆེ་བའི་བུད་མེད་ཅིག་གིས་ཡོས་ལེགས་པ་བརྔོ་དགོས།
  ཚ་གྲས། ད་ངས་བཤད། ཆང་ལས་ཕལ་ཆེར་བུད་མེད་ཀྱིས་བྱེད་པའི་ཕྱིར། སྲོལ་རྒྱུན་ལ་དང་པོ་ཉིད་ནས་ཆང་ལས་བྱེད་མཁན་གྱིས་གཙང་སྦྲ་ཡག་པོ་བྱས་ནས་ཡོ་བྱད་ཚང་མ་ལ་ཤུག་བདུག་བྱ་དགོས། དེ་ནས་གོང་དུ་སྨྲས་པ་ལྟར་ཡོས་བརྔོས་ཚར་རྗེས་གྲང་བར་བྱས་ཏེ་མེ་ཐབ་ཀྱི་ཐོག་ཁྲོ་ཆེན་པོ་ཞིག་ཏུ་བཙོས་ནས་ཚོས་པར་བྱ། ཡོས་ཀྱི་ཤར་ཚད་དང་ཚོས་ཚད་ནི་ཉམས་མྱོང་ཅན་ཞིག་གིས་བལྟས་ན་ལེགས། ངེས་པར་དུ་བཙོ་དུས་ལ་ཤིང་གི་ཁེམས་བུས་ཡང་ཡང་དཀྲུག་སྒྱུར་བྱས་ཤིང་མེ་ཚོད་ཟིན་དགོས།
  བ་ལས།  འོ་ན་ཕབས་ནམ་གདབ་དགོས་ཀྱི་རེད།
  ཚ་གྲས།   ཕབས་ཕྱེ་མར་བྱས་ནས་ད་ལྟ་བཙོས་པའི་ཆན་དེ་ཟ་ཁྲིའི་ཐོག་ཏུ་མཐུག་སྲབ་རན་པར་བཀྲམ་རྗེས་ཕབས་ཕྱེ་སྙོམས་པོར་འདེབས་དགོས་པ་རེད། དེ་འདྲ་བྱས་ཏེ་ཚ་ངད་ཡལ་ཐག་མ་ཆོད་པའི་བར་དུ་འཇོག་དགོས།
  བ་ལས། ལྦ་བོའི་ནང་དུ་ཞག་གསུམ་ཙམ་བསྙལ་དགོས། ལྦ་བོ་ལག་མཛོད་ནང་དུ་བཞག་ན་འགྲིག  ཞག་གསུམ་གྱི་རྗེས་སུ་ཆང་འཐུང་འདོད་ན་རྡོ་ལེབ་ཀྱི་ཁ་གཅོད་ཕྱེ་སྟེ་ཆུ་ཅུང་ཟད་བརྒྱབ། ལྦ་བོའི་ཁ་སྔར་བཞིན་ཡག་པོར་བཅད་དེ་ཞག་གཅིག་ཙམ་བཞག་རྗེས་ལྦ་བོའི་ཞབས་ཉེའི་དང་ག་ནས་ཆང་གཙག་པས་ཆོག
 ཞ་བྱས། ཆང་དེ་ནི་ཧ་ཅང་ཞིམ་པོ་ཡིན། དེ་ལ་དང་ཁུ་ཟེར། འོན་ཀྱང་ཆུ་ལན་མང་དུ་བླུགས་ཏེ་ཆང་ལན་མང་པོར་བཙགས་ན་ཇེ་སིང་ཇེ་སིང་དུ་གྱུར་པས་མཐར་ཆང་བཅུད་མང་པོ་མེད་ཚེ་ཆང་སིང་ཟེར། ཞིམ་པོ་རང་མེད།
  ཚ་གྲས།  རེད་དེ། ཨ་རག་བཙོ་བསམས་ནས་ཆང་ལན་གཅིག་ཙམ་ལས་མང་པོ་གཙག་མི་ཉན། བཙགས་གྲངས་མང་ན་ཨ་རག་གར་པོ་འབབ་ཀྱི་མ་རེད།
 བ་ལས། ཐུགས་རྗེ་ཆེ། རྗེས་སུ་ཁོམ་ལོང་ཡོད་དུས་ང་ལ་ཨ་རག་འབེབས་སྟངས་བཤད་རོགས།
  དེ་ལྟར་བོད་ལུགས་སྟབས་བདེའི་ཆང་བཙོ་སྟངས་འདི་ཙམ་ཤེས་པས་ཀྱང་བཏུང་བ་ཞིམ་པོ་བཟོ་ཆོག་པ་ཡིན། སྔ་ཕྱི་ཉིན་བཞི་ནས་དྲུག་ཙམ་གྱིས་རང་ཁྱིམ་ཆང་དྲིས་ཁྱབ་པའི་བོད་ཆང་འཐུང་ཐུབ། སྲོལ་རྒྱུན་དུ་ཆང་དང་ཁུ་དེ་གྲོགས་པོ་བཟང་པོ་དང་ཁྱིམ་མཚེས་རྣམས་ལའང་བགོ་བར་བྱེད་པ་ལས་རང་གཅིག་པུས་སྤྱོད་པ་མ་ཡིན་ནོ། །
  མཆན།  ༡ ལྦ་བོ། རོང་ཆེན་དུ་གནའ་སྔ་མོར་སྤྱོད་པའི་ས་ལས་བྱས་པའི་སྣོད་དབྱིབས་བུམ་པ་ལྟ་བུ་ལྟོ་བ་ལྡིར་བ་ཞབས་ཞུམ་པ་ཁ་ཅུང་གཡེལ་བ་ཞབས་ཉེའི་སར་སའི་ཟག་མཆུ་ཐུང་ངུ་ཕྱིར་དོན་པའི་ཆང་བསྙལ་སྣོད་ཅིག་གི་མིང་རེད། ཟག་མཆུ་དེ་ལ་དང་ག་ཟེར།
  ༢ ཁྲོ་ལོག  ཁྲོ་ལས་བྱས་པའི་སྣོད་ཁ་སྦུབས་ན་མཆོད་རྟེན་གྱི་བུམ་པའི་དབྱིབས་ལྟ་བུ་ཆུ་སྐོལ་བ་དང་ཐབ་ཕུག་ལ་བཞག་ནས་གྲོ་སོ་ཕྱེ་མ་བཤམ་པ་སོགས་སྤྱོད་སྒོ་མང་བའི་སྣོད་ཅིག་གི་མིང་།
  • ལེ་ཚན་སྔོན་མ།:ཟངས་བཟོ།
  • ལེ་ཚན་རྗེས་མ།:རྒྱལ་རོང་གི༼རྒྱལ་པོ་བེ་ཅེན༽ཞེས་པའི་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།