བོད་ལྗོངས་ཀྱི་གདན་རིགས་བཟོ་རྩལ།
སྲོལ་རྒྱུན་གྱི་བཟོ་རྩལ་ཁུངས་དེད་ནས་བཤད་ན། བོད་ལྗོངས་ཀྱི་གདན་འཐག་སྟངས་ཀྱི་ལག་རྩལ་ལམ་རིགས་སྣེ་གཉིས་ཡོད་པ་སྟེ།
༡ ས་གདན། འཐག་སྟངས་དམིགས་བསལ་ཡིན་པ་དང་། ཚོས་མདངས་མཛེས་ཤིང་བཀྲ་བ། རི་མོ་བཀོད་སྟངས་གནའ་ཉམས་ལྡན་ཞིང་བབ་ཆགས་པ། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ། གདན་ངོས་མཉེན་ཞིང་འཇམ་པ། བཟོ་རྩལ་ཕུལ་དུ་བྱུང་བ། མཛེས་ཤིང་སྤམ་པ། ས་གདན་འདི་བཀྲུས་རྗེས་ཚོས་མདོག་མི་ལོག་པ། ཡུན་རིང་སྤྱོད་ཤན་ཆེ་བ། ཁྱད་པར་དུ་རྒྱལ་རྩེ་ས་ཁུལ་གྱི་ས་གདན་ནི་ཆེས་སྙན་གྲགས་ཆེ་བ་རེད།
༢ ཁ་གདན། ཁ་གདན་ནི་བོད་ལྗོངས་མི་དམངས་ཀྱིས་ཧ་ཅང་དགའ་བའི་ཉིན་མཁོའི་བཞུགས་གདན་ཡིན་པས། དེ་ལ་ས་གདན་ཆུང་ཆུང་ཟེར་ཞིང་། མི་གཅིག་ཉལ་སའི་ཆེ་ཆུང་ཙམ་ཡོད་པ་རེད། གདན་རིགས་དེར་དྲོད་སྲུང་ཞིང་རླན་གཤེར་འགོག་ནུས་ཡོད་པས། ཉལ་ཆས་ཡག་པོ་ཞིག་ཡོད་ལ་ཡིད་དུ་འོང་བའི་རྒྱན་ཆ་ཞིག་ཀྱང་ཡིན་པ་རེད།
བོད་ལྗོངས་གདན་ཀྱི་རྒྱུ་ཆ་གཙོ་བོ་དང་དེའི་ཁྱད་ཆོས།
བོད་ལྗོངས་མཐོ་སྒང་གི་བལ་ནི་བལ་རྒྱུ་སྲ་ཞིང་རྒྱུད་རིང་བ། ལྡེམ་ཤུགས་ཆེ་ཞིང་འོད་མདངས་ལེགས་པས་ས་གདན་འཐག་སའི་རྒྱུ་ཆ་ཡག་པོ་ཞིག་ཡིན་པ་རེད། བོད་ལྗོངས་ཀྱི་ས་གནས་ཀུན་ཏུ་ཐོན་སྐྱེད་བྱེད་ས་ཡོད་པའི་ནང་ནས་རྒྱལ་རྩེ་དང་ལྷ་ས་ས་ཁུལ་གཉིས་གྲགས་ཆེ་བ་རེད། རྒྱལ་རྩེ་ནི་ཁ་གདན་གྱི་འབྱུང་གནས་ཡིན་པ་དང་ད་བར་ལོ་༦༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། རྒྱལ་རྩེ་ས་ཁུལ་གྱི་ཁྱིམ་ཚང་སོ་སོའི་ནང་གདན་འཐག་མི་ཤེས་མཁན་ཧ་ལམ་མེད་ཟེར་ནའང་ཆོག་ནི་རེད། རྒྱལ་རྩེའི་ཁ་གདན་གྱི་བལ་སྐུད་སྙོམས་པ་དང་རྒྱུ་སྤུས་ལེགས་པ། ཚོས་རྒྱག་སྟངས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། གདན་རིགས་དེའི་ཚོན་མདངས་དམར་པོ་དང་ནག་པོ་གཉིས་ཕུད་ཁ། ཚོས་གཞན་དག་ནི་ས་གནས་དེ་གའི་ཤིང་ལོ་དང་རྩྭའི་རྩ་བ། གཏེར་རྫས་སོགས་ཀྱིས་བཟོས་པ་རེད། འདིའི་ཚོས་མདངས་ཧ་ཅང་མཛེས་ཤིང་བཀྲ་བ། མཐོ་སྒང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་རེད། རྒྱལ་རྩེའི་ཁ་གདན་རྒྱལ་ཡོངས་སུ་སྐད་གྲགས་ཁྱབ་པ་མ་ཟད། ད་རུང་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་ཏུ་འཚོང་བྲིན་བཞིན་ཡོད་པ་རེད།
མཚོ་སྔོན་གྱི་ས་གདན།
མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་ཕྱུགས་ལས་ཐོན་རྫས་ཀྱི་འབྱུང་ཡུལ་ཡོད་པས་བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་ས་གལ་ཆེན་ཡིན་ལ། ཟི་ལིང་གི་ལུག་རྒྱུད་ཀྱི་སྤུ་སྣ་མཉེན་ཞིང་འཇམ་པ་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་ཁྱབ་པ་ཞིག་ཀྱང་རེད།
མཚོ་སྔོན་ནས་ཐོན་པའི་གདན་ལ་རིགས་སྣ་མང་ལ་ཇུས་འགོད་གཟེངས་སུ་ཐོན་པ། ཞིབ་ཅིང་ཚགས་པའི་བཟོ་རྩལ་ཡོད་པ། དཔེ་གསར་ཅན་གྱི་རྒྱན་རིས་ལྡན་ཞིང་དེང་རབས་ཀྱི་ཁྱད་ཆོས་མཚོན། ཚོས་མདངས་ལེགས་ཤིང་ཉམས་དགའ་བ། གདན་རིགས་དེ་དག་ནི་མཉེན་ཞིང་འཇམ་པ། སྤྱོད་ཤན་ཆེ་བ། སྤམ་ལ་མཛེས་པ། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་སྟབས། རྒྱལ་སྤྱིའི་ས་གདན་ལས་རིགས་ནང་རང་ལུགས་མཚོན་པའི་གདན་རིགས་གསར་གཏོད་བྱས་ཡོད། མཚོ་སྔོན་གྱི་གདན་རིགས་དེར་གྲང་ངར་དང་བརླན་གཤེར་འགོག་པའི་ནུས་པ་ཡོད་ལ། དྲོད་སྲུང་ཞིང་བསྡུ་བའི་ནུས་པའང་ཆེན་པོ་ལྡན་པ་རེད། ས་ཁ་མཐོ་བའི་ས་ཁུལ་དུ་འཚོ་བ་རོལ་བཞིན་པའི་མི་རྣམས་ལ་མེད་ཐབས་མེད་པའི་སྤྱོད་ཆས་རིགས་ཤིག་ཡིན་པ་རེད། དེ་ལ་དབྱེ་ན་ས་གདན་དང་ཉལ་གདན། ཁ་གདན་བཅས་རིགས་གསུམ་ཡོད་པ་རེད།
གདན་རིགས་དེའི་རྒྱུ་ཆས་ཀྱང་རིགས་གསུམ་ཡོད་པ་སྟེ། གཅིག་ནི་གནག་ཕྱུགས་ཀྱི་ཁུ་ལུ་དང་བལ་སྐུད་གཉིས་སྲེ་ནས་བཏགས་པའི་གདན་དང་། འདིའི་རྒྱན་རིས་མཛེས་ཤིང་སྣ་ཁ་མང་བ། རྒྱུ་ཆ་མཉེན་ཞིང་འཇམ་པ། གཉིས་ནི་བལ་སྐུད་རྐྱང་བས་བཏགས་པའི་བོད་ཀྱི་ས་གདན་ཡིན་ཞིང་། འདིའི་བཟོ་དབྱིབས་རྙོག་གྲ་མེད་ཅིང་ཚོས་གཞི་སྤམ་ལ་ཁམས་དྭངས་པ་ཡིན་མོད། འོན་ཀྱང་ཚོན་སྐུད་ཀྱིས་བཟོས་པའི་བཟོ་དབྱིབས་སྣ་མང་ལྡན་པའི་ས་གདན་ཡང་ཡོད། གསུམ་ནི་ཧྥན་པུའུ་རས་དང་ཡང་ན་ཀོ་བས་དྲུབ་པའི་ནང་གླ་སྤུ་དང་སོག་མ། རྩྭ་སྐམ་བཅས་བླུགས་ནས་བཟོས་པ་རེད། འདིར་ཁ་གདན་ནམ་བཞུགས་གདན་ཟེར། ཚོས་གཞི་ཡག་པོ་བསྒྲིགས་ན་ཁྱིམ་ཆས་ཡག་པོ་ཞིག་བྱེད་ཆོག་པ་རེད།
རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།