དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་ཀྱི་བསང་ཡིག

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་ཀྱི་བསང་ཡིག

༼  ཀོཾ་པོ་དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་ཀྱི་བསང་མཆོད་བཞུགས་སོ།།༽

ཀྱེེ།འཛམ་གླིང་བྱང་ཕྱོགས་བོད་ཀྱི་ཡུལ།།ཁ་བ་ཅན་ལྗོངས་མདོ་ཁམས་ཀྱི།།ཤར་གྱི་སྤང་འབོར་ཟིལ་མོ་སྒང་།།གངས་དཀར་རྩེ་མཐོ་གཉན་གྱི་རི།།ཀོཾ་པོཾ་(ཀམ་པོ)དགེ་བསྟེན་ཞེས་སུ་གྲགས།།ཤར་གྱི་ཀོཾ་པོ་གནས་ཀྱི་མཆོག།གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སོགས།།འཇའ་ལུས་མཁའ་སྤྱོད་གནས་སུ་གཤེགས།།དཔའ་བོ་དཔའ་མོ་སྤྲིན་ལྟར་གཏིབས།།གནས་མཆོག་འགྲན་ཟླ་བྲལ་བ་ལ།།ཆོས་རྗེ་དུས་གསུམ་མཁྱེན་པ་ཡིས།།དབང་བསྐུར་སེམས་བསྐྱེད་དམ་ཚིག་ཕོག།རྡོ་རྗེ་དཔལ་བརྩེགས་ཞེས་སུ་གྲགས།།ཤེལ་གྱི་མི་དཀར་རི་རྩེ་ལ།།སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།།ལྟ་བས་མི་ངོམ་གཟི་བརྗིད་འབར།།སྐུ་ལ་ཟ་འོག་བེར་ཆེན་གསོལ།།དར་དཀར་ཅོད་པན་སུ་རུ་རུ།།དབུ་ལ་པག་ཞུ་དམར་པོ་གསོལ།།སྤྲིན་དཀར་ལྡིང་བའི་གུར་ཁང་ལ།།ཉི་ཟླ་མཛེས་པའི་རྒྱན་གྱིས་སྤྲས།།དབུ་ཡི་གཙུག་ན་དཀྱིལ་ལི་ལི།།གསེར་གཡུ་རིན་ཆེན་སྣ་ཚོགས་ཀྱིས།།སྐུ་ཡི་རྒྱན་ཆ་པི་ལི་ལི།།གསུང་ནི་འགག་མེད་ཆོས་སྒྲ་སྒྲོགས།།ཐུགས་ནི་སྟོང་ཉིད་བདེ་ཆེན་དང་།།མངོན་ཤེས་རྫུ་འཕྲུལ་སྟབས་དང་ལྡན།། མྱུར་འགྲོ་སྤྲུལ་པ་དཔག་མེད་འགྱེད།།ཞབས་ལ་པགས་ཏིའི་རྒྱ་ལྷམ་མནབ།།དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན།།འཁོར་དུ་ཡུལ་ལྷ་འབུམ་གྱིས་བསྐོར།།ཆོས་མཛད་ཡོངས་ཀྱི་བསྟན་པ་སྲུངས།།ཀོཾ་པོ་དགེ་བསྙེན་ཞེས་བྱ་བ།།ཆིབས་སུ་དུང་རྟ་དཀར་པོ་བཆིབས།། འཇའ་ཚོན་སྟན་བསྟད་ལྷབས་སེ་ལྷུབ།།གསེར་གྱི་སྒྲ་ཁྲ་ཝངས་སེ་ཝངས།།གསེར་གྱི་གོང་སྨད་འཁྱུགས་སེ་འཁྱུག།།མུ་མེན་གློ་ལེན་སི་ལི་ལི།།འཕྲུལ་གྱི་ཡོབ་ཆེན་ཀྱི་ལི་ལི།།གསེར་སྲབ་གཡུ་མཐུར་སི་ལི་ལི།།ཕྱག་གཡས་དུང་ཆེན་ཆོས་སྒྲ་སྒྲོགས།།ཕྱག་གཡོན་ཤེལ་དཀར་ཕྲེང་བ་འཛིན།།དར་མདུང་ཁྲོ་བོ་གྲུ་མོ་བརྟན།། རྡོ་རྗེ་དཔལ་བརྩེགས་ཡུལ་ལྷའི་ཚོགས།།ཁྱོད་འཁོར་སུམ་བརྒྱ་དྲུག་ཅུ་དང་།།ཡང་འཁོར་བྱེ་བ་འབུམ་སྡེའི་ཚོགས།།ས་ཕྱོགས་ཡུལ་རིས་འདི་དག་གི།གནས་པའི་ས་བདག་ཀླུ་གཉན་རྣམས།།རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ།།བསང་མཆོད་འདི་ཡིས་ཐུགས་དམ་བསྐང།།ཁྱོད་ལ་མཆོད་པ་འབུལ་བ་ནི།།སྨན་སྣ་དྲི་བཟང་སྣ་ཚོགས་དང་།།དཀར་གསུམ་དམར་གསུམ་འོ་ཞོ་ཁྲུམ།།ཕྱེ་མ་འདོད་དགུ་ཞལ་དཀར་དང་།།འབྲས་ཀྱི་བཤོས་བུ་རྩེ་བརྒྱད་དང་།།འདོད་ཡོན་སྣ་ལྔ་ཡི་མཆོད་པ་དང་།།འབྲས་ཀྱི་གཡག་ལུག་ར་གསུམ་དང་།།སྦྲང་རྩི་གསེར་སྐྱེམས་ཇ་ཆང་དང་།།ཤིང་ཏོག་མེ་ཏོག་འབྲུ་སྣ་ཚོགས།།ལྷ་ཡི་ལོངས་སྤྱོད་བསམ་མི་ཁྱབ།།ཁྱོད་ཀྱི་དབང་པོའི་སྤྱོད་ཡུལ་དུ།།འདོད་ཡོན་ལོངས་སྤྱོད་ཚིམ་གྱུར་ཅིག།ཁྱེད་ལ་འཕྲིན་ལས་བཅོལ་པ་ནི།།རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི།།བསྟན་པ་སྲུངས་པ་ལ་སྡོང་གྲོགས་མཛོད།།གཞི་རུ་འདུག་ན་ཡོན་བདག་མཛོད།།བྱེས་སུ་འགྲོ་ན་ལམ་སྣ་དྲོངས།།རང་གི་བུ་རྟའི་ཁ་འཛིན་མཛོད།།རྣལ་འབྱོར་བདག་གི་བསྟན་པ་སྲུངས།།འཁོར་སྲུངས་རྐྱེན་ངན་བཟློག་བར་སེལ།།མི་ལ་ནར་ཚ་མེད་པར་མཛོད།།ཕྱུགས་ལ་གོད་ཁ་མེད་པར་མཛོད།།ཞིང་ལ་བཙལ་སད་མེད་པར་མཛོད།།བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད།།དགེའོ།།

ཀྱེེ། དཀར་ཕྱོགས་སྤྱོད་པའི་མཐུ་ལྡན་དཔའ་བོ་ཆེ།། རྡོ་རྗེ་དཔལ་བརྩེགས་འཁོར་དང་བཅས་པ་དང་།། བསྲིད་གསུམ་གནས་པའི་གཞི་བདག་ཐམས་ཅད་ལ།།འདོད་དགུའི་བསང་མཆོད་ཕུལ་བས་རྒྱས་གྱུར་ཅིགམངྒ་ལམ།བཀྲིས་པར་གྱུར་ཅིག

༼  དཔེ་རྙིང་ལས་ལི་ཐང་ཀམ་པོ་དགེ་བསྙེན་ཆེན་མོ་རྡོ་རྗེ་དཔལ་བརྩེགས་ཀྱི་བསང་ཡིག་འདི་མཇལ་བའི་བསོད་ནམས་བྱུང་།བསང་ཡིག་རྙིང་པ་འདི་སུས་མཛད་པ་ཤེས་མ་གྱུར།བསང་ཡིག་འདིའི་ནང་ཀམ་པོ་གནས་ལ་ཀོཾ་པོཾ་དང་ཀོཾ་པོ་ཞེས་བྲིས་འདུག  དེ་སྔར་ཀོཾ་པོ་གནས་དང་འབྲེལ་བའི་མིང་ལ་འབོད་སྟངས་མི་འདྲ་བ།ཀམ་པོ།ཀཾ་པོ།སྒམ་པོ།ཀོཾ་པོ།ཀོཾ་པོཾ་སོགས་འདུག  ཀམ་པོ་གནས་འདི་མདོ་སྨད་གངས་ཀྱི་ར་བ་གསུམ་གྱི་ཡ་གྱལ།འདི་ཀམ་པོ་གངས་ཀྱི་ར་བ་དང་ཏྲེ་ཤོད་གངས་ཀྱི་ར་བ།རྫོགས་ཆེན་གངས་ཀྱི་ར་བ་བཅས་གསུམ།གནས་འདི་ཡོངས་གྲགས་སུ་རྗེ་ཀརྨ་པ་དུས་གསུམ་མཁྱེན་པས་གནས་སྒོ་ཕྱེ་ཞེས་གྲགས།བསང་ཡིག་འདི་མ་དཔེ་བཞག་ཐོག་དཔེ་བཤུས་ཏེ་བསྒྲིགས་པ་ཡིན།༽


  • ལེ་ཚན་སྔོན་མ།:མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག།
  • ལེ་ཚན་རྗེས་མ།:སྣ་ཆེན་བྲག་དཀར་སེང་གེ་གནམ་རྫོང་གི་གནས་ཀྱི་ངོ་སྤྲོད་སྐལ་ལྡན་སྙིང་ནོར།
  • དོ་སྣང་ཆེ་བའི་རྩོམ།