ༀ་བརྒྱ་གནས་རི།

སྡེ་རོང་བཀྲ་ཤིས་ཕུན་ཚོགས་ཀྱིས།    དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།    2010-07-22

རང་ཁུལ་གྱི་སྡེ་རོང་རྫོང་གི་ཁོངས་སུ་ཡོད་པའི་གནས་ཆེན་ༀ་བརྒྱ་གནས་ཞེས་པའི་གནས་རི་དེ་ཉིད།  དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན། གནས་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གནས་ཆེན་བརྒྱ་དང་བརྒྱད་ཀྱི་ནང་གསེས་གཅིག་ཡིན་པར་མ་ཟད།བོད་ཁམས་སུ་གནས་ཁང་བརྒྱ་དང་བརྒྱད་ཀྱི་གནས་སྒོ་ཕྱེ་བའི་ལྡེ་མིག་ཡོད་ཅེས་ཟེར་སྲོལ་ཡོད་པ་ཞིག་རེད།
  ༀ་བརྒྱ་ནི་བོད་ཡིག་ཏུ་ༀ་ཡིག་བརྒྱ་ཡི་དོན་ཡིན་པ། གནས་ཆེན་ༀ་བརྒྱའི་མགོ་མཇུག་བར་དུ་རང་བྱོན་གྱི་ༀ་ཡི་མང་པོ་མཐོང་རྒྱུ་ཡོད།  ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་སྨྱུག་འཛིན་པས་རང་རྒྱལ་གྱི་ས་གནས་སོ་སོ་ནས་འོངས་པའི་མི་རིགས་མི་འདྲ་སྣ་ཚོགས་དང་། ད་དུང་ཕྱི་རྒྱལ་ནང་འོངས་པའི་ཡུལ་སྐོར་ལྗོངས་རྒྱུ་བ་གྲངས་ལས་འདས་པ་ཞིག་གནས་དེར་འཛོམས་ཡོད་པ་མཐོང་བྱུང་།  ས་གནས་དེ་གའི་རྒན་རབས་པ་ཚོས་བཤད་པ་ལྟར་ན།  ད་ལོ་ནི་མེ་ཕག་ལོ་ཡིན་ཞིང་།  ལོ་རྟགས་འདི་ལྟ་བུའི་གནས་བདག་ནི་ལོ་དྲུག་ཅུ་ལ་ཐེངས་མ་རེ་མ་གཏོགས་མེད་པའི་དབང་གིས་གནས་བསྐོར་འོང་མཁན་ཡང་དུས་རྒྱུན་ལས་མང་བ་རེད།  དོག་ཅིང་གཟར་བའི་ཀྱག་ཀྱོག་གི་གནས་ལམ་དུ་དད་ལྡན་གྱི་གནས་བསྐོར་བ་རྣམས་གྲལ་རིང་པོ་བསྒྲི་གས་ནས་ལ་ལས་མ་ཎི་རྒྱང་འབོད་བྱེད་པ་དང་།  ལ་ལས་སྐད་ཤུགས་ཆེན་པོས་གནས་ༀ་བརྒྱ་ཡག་བྱུང་བྲག་ལམ་ཞན།། ངའི་བོང་བུའི་མིག་ནང་མཆི་མ་འབབ།། ཞེས་ཟེར་ནས་གླུ་ལེན་པས་ཡིད་སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ད་དུང་ཕྱི་ཕྱོགས་ནས་འོངས་བའི་ལྗོངས་རྒྱུ་བ་ཚོས་དྲན་རྟེན་གྱི་ཚུལ་དུ་པར་སྒྲོན་པ་དང་།སེམས་འགུལ་ཐེབས་པའི་དབང་གིས་མགུལ་བའི་སྦུག་ནས་གླུ་ཆུང་བླངས་པར་བྲེལ་བཞིན་མཆིས།ཁོ་ཚོ་ལ་ལ་ནི་རང་ཁུལ་གྱི་རྫོང་ཁག་སོ་སོ་ནས་ཡོང་བ་དང་ལ་ལ་ནི་རང་རྒྱལ་གྱི་ས་གནས་སོ་སོ་ནས་འོང་བའི་ཡུལ་སྐོར་ལྗོངས་རྒྱུ་བ་ཡིན་པ་རེད།   ལོ་གསར་གྱི་སྔོན་རྗེས་སུ་གནས་སྐོར་ཡོང་མཁན་ཉིན་རེར་མི་ཐེངས་གྲངས་༧༠༠ལྷག་ཟིན་པ་རེད།  ཡུལ་སྐོར་ལྗོངས་རྒྱུ་བ་རྣམས་ཀྱི་བདེ་ཐང་ཁག་ཐེག་བྱེད་ཆེད།  ལོ་གསར་ནང་དུ་རྫོང་འགྲིམ་འགྲུལ་སྤྱི་བདེ་རུ་ཁག་དང་བདེ་འཇགས་ཞིབ་བཤེར་བཅས་འབྲེལ་ཡོད་ལས་རིགས་སྡེ་ཁག་གིས་འདྲུད་འཐེན་འཁོར་ལོ་དང་ཞིང་སྤྱོད་འཕྲུལ་ཆས་ཀྱིས་མི་སྐྱེལ་མི་ཆོག་པ་བྱས་ཏེ་འགྲིམ་འགྲུལ་གྱི་ཆག་སྒོ་གཅིག་ཀྱང་བྱུང་མེད་པས་གོང་རིམ་སྡེ་ཁག་གིས་གཟེངས་བསྟོད་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་མཆོག་ཁ་བ་དཀར་པོ།
  • དོ་སྣང་ཆེ་བའི་རྩོམ།