གནས་མཆོག་ཁ་བ་དཀར་པོ།

མཚོ་སྔོན།(བདུད་རྩིས་བྲིས།)        2010-09-01

གནས་མཆོག་ཁ་བ་དཀར་པོ།

གནས་མཆོག་ཁ་བ་དཀར་པོའི་རི་རྒྱུད་ནི་ཡུན་ནན་ཞིང་ཆེན་གྱིས་གཟི་བརྗིད་ཉམས་ལྡན་པའི་གནས་རི་ཞིག་ཡིན་ལ།རི་རྒྱུད་དེས་སེམས་ཀྱི་ཉི་ཟླ་(སྔོན་གྱི་བདེ་ཆེན་རྫོང་།)རྫོང་གི་ས་ཆའི་རྒྱ་ཁྱོན་ལས་བརྒྱ་ཆ༣༤、༥ཡན་ཆད་ཟིན་ཡོད་པ་རེད།ད་གར་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི༦༠༠༠ཡན་ཆད་ཡོད་པའི་གངས་རི་བཅུ་གསུམ་ཡོད་པ་དང་།གནས་ཆེན་ཁ་བ་དཀར་པོའི་གངས་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་༦༧༠༠ལྷག་ཡོད་པ་རེད།རི་རྒྱུད་དེར་གངས་ནགས་རྩྭ་གསུམ་འཛོམས་པས་མཛེས་སྡུག་རབ་ཏུ་ལྡན་པ།བོད་ཁམས་ཀྱི་གནས་མཆོག་བརྒྱད་ཀྱི་ཡ་གྱལ་དུའང་བགྲང་སྲོལ་ཡོད་པ་ཞིག་རེད།  ངག་རྒྱུན་དུ་བཤད་པ་ལྟར་ན།ཁ་བ་དཀར་པོའི་གནས་རི་དེ་དང་ཐོག་བཀའ་བརྒྱུད་པའི་བསྟན་སྲུང་ཞིག་ཡིན་པ་དང་།ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ(སྤྱི་ལོ༡༢༨༤—༡༣༣༩)དངོས་སུ་གནས་དེར་ཕེབས་ཤིང་ཁ་བ་དཀར་པོར་རབ་གནས་མཛད་པ་ནས་བཟུང་གནད་མཆོག་དེ་བཀའ་བརྒྱུད་པའི་སྒྲུབ་གནས་སུ་གྱུར་པར་བཤད།ཡང་《གླིང་གེ་སར་རྒྱལ་པོའི་སྒྲུང—རྒྱ་གླིང་》དུ་ཁ་བ་དཀར་པོའི་རི་ནི་སྔོན་ཆད་གསང་བདག་གི་གནས་དང་།སློབ་དཔོན་པད་མ་འབྱུང་གནས་ཀྱི་ཆོས་གཏེར་བདག་གཉེར་བྱེད་མཁན་གྱི་ལྷ་ཞིག་ཀྱང་ཡིན་པར་བརྗོད།གེ་སར་རྒྱལ་པོས་དམ་ལ་བཏགས་ཏེ་དགེ་བསྙེན་གྱི་སྡོམ་པ་བསྐུར་བ་ནས་བཟུང་བསྟན་སྲུང་དུ་གྱུར་ཟེར།གནས་དེའི་ལྷ་ཁང་ཞིག་ཏུ་སྟོན་པ་ཤྰཀྱ་ཐུབ་པའི་འབག་སྐུའི་གཡོན་ཕྱོགས་སུ་ཁ་བ་དཀར་པོ་བཅིབས་རྟ་དཀར་པོ་ཞིག་ལ་བཅིབས་པ་དང་།ཕྱག་ཏུ་མདུང་རིང་ཐོགས་པའི་གཞི་བདག་ཅིག་གི་ཚུལ་དུ་བཞེངས་ཡོད།བཤད་ཚུལ་ལྟར་ན།ལོ་རེའི་ཟླ་བ༣པའི་ཚེས༡༥ཉིན།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་རིགས་སྤུན་ཟླས་གནས་དེ་ནས་བསང་མཆོད་ཕུལ་ཏེ་བསྟན་སྲུང་ཁ་བ་དཀར་པོར་མཆོད་འབུལ་བྱེད་པའི་སྲོལ་ཞིག་དར་ཡོད་པ་རེད།ལུག་གི་ལོ་ནི་བསྟན་སྲུང་ཁ་བ་དཀར་པོའི་རང་ལོ་ཡིན་པས་དད་ལྡན་མང་ཚོགས་དང་ལྗོངས་རྒྱུ་བ་སྔར་བས་མང་པོ་ཞིག་གནས་དེར་ཡོང་ནས་ལྗོངས་རྒྱུ་ལྟད་མོར་རོལ་བཞིན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:བོད་ཀྱི་ཆུ་བཞི་སྒང་དྲུག
  • ལེ་ཚན་རྗེས་མ།:འབྲི་ཆུའི་ཆུ་ཁུག་དང་པོ།
  • དོ་སྣང་ཆེ་བའི་རྩོམ།