ཨོཾ་བརྒྱ་གནས།

        2019-12-06

    ཨོཾ་བརྒྱ་གནས་ནི་སྡེ་རོང་རྫོང་གྲོང་གི་བྱང་ཤར་ཕྱོགས་ནས་སྤྱི་ལེ15ཡོད་སར་ཆགས་ཡོད་ཅིང་། གནས་འདིར་བོད་ཀྱི་གནས་ཆེན་བརྒྱའི་སྒོ་མོ་ཕྱེ་སའི་གསེར་གྱི་ལྡེ་མིག་ཡོད་པ་དང་། མི་ཚང་མ་དང་པོར་གནས་འདིར་ཡོང་ནས་གསེར་གྱི་ལྡེ་མིག་ལོན་རྗེས་དེ་ནས་ནང་བསྟན་གྱི་གནས་རི་གཞན་དུ་གནས་མཇལ་འགྲོ་ན་གཞི་ནས་བསམ་དོན་ཡིད་བཞིན་དུ་འགྲུབ་ཐུབ་པའི་བཤད་སྲོལ་ཡོད་པ་རེད། དེར་བརྟེན་གནས་འདིར་གནས་མཇལ་ཡོང་མཁན་རྒྱུན་ཆད་མེད་ཅིང་། ལོ་རེའི་ཕག་ལོ་ཤར་དུས་དང་བོད་ཟླ12པའི་དགུ་གཏོར་དུས་ཆེན་ཤར་བའི་སྐབས་སུ། བོད་ལྗོངས་དང་ཡུན་ནན། སི་ཁྲོན་གྱི་ལྷོ་ནུབ་སོགས་ས་ཁུལ་མ་ཚད། ད་དུང་མིང་གྲགས་ཆེ་བར་བརྟེན་རྒྱ་གར་སོགས་ནས་གནས་མཇལ་ཡོང་མཁན་ཡང་ཡོད་པ་རེད།

    གནས་རིའི་བྲག་ཕུག་རྒྱབ་རྟེན་དུ་བྱས་ནས་ཨོཾ་བརྒྱ་དགོན་བསྐྲུན་པ་ཡིན་པས། དགོན་པ་བྲག་ཕུག་ནས་ཕྱིར་ཐོན་པའམ་བྲག་ཕུག་ནང་དུ་དགོན་པ་ཡིབ་པ་ལྟར་གཅིག་ཏུ་འདྲེས་ཤིང་དབྱེར་མ་མཆིས། བྲག་ཕུག་ཏུ་མི་སྟོང་ལྷག་ཤོང་ཞིང་། དེའི་ནང་དུ་རྡོའི་རང་བྱོན་གྱི་རྣམ་པ་སྣ་ཚོགས་ཡོད་ཅིང་། ལ་ལ་ནི་འདབ་ཆགས་དང་། ལ་ལ་ནི་རི་དྭགས་དང་གཅན་གཟན་འདྲ་ཞིང་། འགའ་ཞིག་ཅོག་ཙེ་དང་རྐུབ་སྟེགས། འགའ་ཞིག་ལྷ་སྐུ་དང་ཀུན་ནས་མཚུངས་པ་རེད། བྲག་ཕུག་གི་རྩེ་མོར་ཕུག་རོན་དང་ཁུག་རྟའི་ཚང་མལ་ཡོད་ཅིང་། བྲག་ཕུག་གི་དཀྱིལ་གཞུང་ནས་ཆུ་མིག་དྭངས་ཤིང་གཙང་བ་ཞིག་བརྡོལ་ནས་ཡོད་ཅིང་དུས་བཞིར་སྐམ་མི་སྲིད། དད་ལྡན་ཚོས་གྲུབ་ཆུར་བརྩིས་ནས་འཐུང་ཞིང་མགོར་བྱབས་ཏེ་ཚེ་རིང་ནད་མེད་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་བཏབ་པ་རེད།།

  • ལེ་ཚན་སྔོན་མ།:མཛོད་དགེའི་འདམ་ར་དང་ཁྲུང་ཁྲུང་སྐེ་ནག
  • ལེ་ཚན་རྗེས་མ།:བོད་ཀྱི་ནང་འབབ་ཆུ་བོ་ཁག
  • དོ་སྣང་ཆེ་བའི་རྩོམ།