2019-10-16
མཛོད་དགེར་མཚོ་ཁྱ་ཁྲེབ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡིད་དུ་འོང་བ་ཞིག་ཡོད། མཚོ་ངོས་སུ་ཁྲུང་ཁྲུང་སྐེ་ནག་ཚུད་པའི་དུས་བྱ་སྣ་ཚོགས་ཅི་དགར་རོལ་བཞིན་མཆིས།“ད་ཆ་མཚོ་ཁྱ་ཁྲེབ་ཀྱི་འདམ་རར་གཞིས་ཆགས་པའི་བྱ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད”ངས་ལྟ་སྲུང་བྱ་སའི་རྒྱ་ཁྱོན་སྤྱི་ལེ4ཡི་འདམ་རའི་ས་ཁོངས་སུ་ད་ལོ་ཁྲུང་ཁྲུང་སྐེ་ནག13ཡོང་ནས་བྱ་ཚང8བཟོས་འདུག་ཅེས་ལོ53ལ་སླེབས་པའི་མཛོད་དགེ་ས་མཐོའི་འདམ་ར་སྲུང་སྐྱོང་བ་རིག་ཁོས་བཤད། 2009ལོའི་འབྲེལ་ཡོད་བརྟག་དཔྱད་ལྟར་ན། མཛོད་དགེ་ས་མཐོའི་འདམ་རར་ཁྲུང་ཁྲུང་སྐེ་ནག2000ལྷག་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་གཅིག་སྡུད་རང་བཞིན་ཆེ་ཤོས་ཀྱི་ཁྲུང་ཁྲུང་སྐེ་ནག་བརྒྱུད་འཕེལ་བྱ་ཡུལ་གྱི་གྲས་ཤིག་རེད།
ལོ་ཁ་ཤས་ཀྱི་གོང་། མཛོད་དགེ་ས་མཐོའི་འདམ་རའི་ས་འོག་གི་ཆུ་བྲི་ནས་ན་འདམ་ཕོན་ཆེན་མེད་པར་གྱུར་པ་དང་། མཚེའུ་ཆེ་ཆུང200ལྷག་སྐབས་ཤིག་རིང་བསྐམས་པ་དང་། མཚོ་ཁྱ་ཁྲེབ་འདམ་རའི་རྒྱ་ཁྱོན་ཡང་སྤྱི་ཆིང318ནས་སྤྱི་ཆིང215བར་ཆུང་དུ་སོང་བར་བརྟེན། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར། མཛོད་དགེ་རྫོང་གིས་གནས་ཚུལ་དེར་དམིགས་ནས་འདམ་ར་སླར་གསོའི་ཇུས་གཞི་བཟོས་ཏེ་ལེགས་བཅོས་ཀྱི་ལས་ཀ་མང་པོ་བསྒྲུབས་ཤིང་། མཚོ་སྐྱེད་ཆུ་གསབ་ཐད་གཞོལ་ནས་མཚོ་ཁྱ་ཁྲེབ་འདམ་ར་ཚོད་ལྟ་ས་ཚིགས་སུ་བྱས་པའི་སྣོད་བཅུད་སླར་གསོའི་ལས་གྲྭ་གཉེར་འགོ་ཚུགས་པ་རེད། མཚོ་སྐྱེད་ཆུ་གསབ་ཀྱིས་འདམ་ར་སླར་གསོ་བྱེད་ཐབས་ལ་བརྟེན་ནས་མཚོ་ཁྱ་ཁྲེབ་ཀྱི་རྒྱ་ཁྱོན་དེ་སྔོན་དུས་ཀྱི་སྤྱི་ཆིང215ནས་ད་ཆའི་སྤྱི་ཆིང650བར་ཆེ་རུ་སོང་བ་དང་ཆུ་རྒྱས་ནས་དེ་སྔོན་དང་བསྡུར་ན་ལི་སྨི40ནས50བར་མཐོ་རུ་སོང་བར་མ་ཟད། མཚོ་ཁྱ་ཁྲེབ་ཉེ་འཁོར་གྱི་ན་འདམ་དང་ན་སྤང་ཡང་མུའུ་ཁྲི་ཡན་སླར་གསོ་ཐུབ་པ་རེད། འདམ་ར་སྲུང་སྐྱོང་བྱ་ཆེད་མཛོད་དགེ་རྫོང་གིས་ཤུར་སྙོམ་དང་། བྱེ་འགོག ཨབ་གསོད། ཕྱུགས་བཀག འཚོ་སྐྱོང་ཚད་འཛིན་སོགས་ལ་བརྟེན་ནས་འདམ་རའི་སྣོད་བཅུད་སླར་གསོ་བྱས་ཡོད།
2016ལོའི་ཟླ8པར་མཛོད་དགེ་འདམ་རའི་སྤྱི་གླིང་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱུང་ནས་རྒྱལ་ཁབ་རིམ་པའི་རྔ་པ་ཁུལ་གྱི་འདམ་རའི་སྤྱི་གླིང་དུ་གྱུར། ལོ་འདི་དག་གི་རིང་། རྩྭ་ཐང་ཡུལ་སྐོར་གོང་འཕེལ་མྱུར་པོ་སོང་ནས་ཁེ་བཟང་རག་པ་དང་བསྟུན། ཞིང་འབྲོག་པ་ཁ་ཤས་ཀྱིས་ཡུལ་སྐོར་ལམ་རྒྱུད་དང་ལྷག་དོན་དུ་རྒྱལ་ལམ213རྒྱུད་དང་ཞིང་ཆེན་ལམ209རྒྱུད་དུ་གང་བྱུང་ངང་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་ས་མཐོའི་འདམ་ར་སྲུང་སྐྱོང་ཁུལ་ནང་ལ་ཁྲིམས་འགལ་ངང་བརྟན་འཇགས་ཀྱི་བཟོ་བཀོད་བསྐྲུན་པ་དང་། གང་འདོད་དུ་ས་ཆ་གསར་སྦོལ་བྱས་ནས་རྩྭ་ཐང་འདམ་རའི་སྣོད་བཅུད་ལ་གཏོར་སྐྱོན་བཟོ་ཡི་ཡོད་པ་རེད།
ཁྲུང་ཁྲུང་སྐེ་ནག་ལ་རྒྱུད་སྤེལ་གྱི་བསྟི་གནས་སྔར་བས་ཡག་པ་ཞིག་སྐྲུན་ཆེད། མཛོད་དགེས་ད་དུང་རྩྭ་ཐང་འདམ་རའི་ཡུལ་སྐོར་ཁོར་ཡུག་གི་ཆེད་དོན་བཅོས་སྒྲིག་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རྩྭ་ཐང་འདམ་རར་གཏོར་སྐྱོན་བཟོ་བའི་བྱེད་སྤྱོད་ལ་འགན་འཁྲི་ལྡོག་བཤེར་དང་། ཕན་འབྲས་འདྲི་རྩད་དང་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱས་ཡོད། མཛོད་དགེ་འདམ་ར་དོ་དམ་ཅུས་ཀྱིས་ལྟ་སྲུང་བ35གདན་དྲངས་ནས་དུས་བཀག་ཐོག་འདམ་རར་སྐོར་ཞིབ་བྱས་ཏེ་སྲུང་སྐྱོང་ཁུལ་དུ་རྔོན་རྒྱག་དང་། འཛིན་རྒྱ། ཉ་འཛིན་བཅས་བྱ་རྒྱུ་བཀག་པ་རེད།
གནམ་ཕྱུག་རྒྱལ་གྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10