ཡ་རབས་སྲོལ་བཟང་གཙུག་ཏུ་བཀུར་།། བདེ་སྐྱིད་འཚོ་བའི་མིག་དཔེ་བསྟན།།

ཡེ་ཤེས་ཀྱིས་བསྒྱུར།        2021-01-29

2020ལོའི་རྒྱལ་ཡོངས་ཀྱི་ཆེས་མཐུན་པའི་ཁྱིམ་ཚང་གི་མཚན་སྙན་ཐོབ་མཁན་ཀྲང་ཞུའེ་ལཱང་ཚང་གི་གནས་ཚུལ་རགས་བཀོད།

ཡ་རབས་སྲོལ་བཟང་གཙུག་ཏུ་བཀུར་།། བདེ་སྐྱིད་འཚོ་བའི་མིག་དཔེ་བསྟན།།

ཀྲང་ཞུའེ་ལཱང་ཚང་གི་ཁྱིམ་མིའི་ལྷན་པར།

བཤད་སྲོལ་དུ་ཁྱིམ་ཚང་འཆམ་མཐུན་བྱུང་ན་དོན་ཀུན་འགྲུབ་ཅེས་པ་ལྟར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གུར་དྲག་གྲོང་ཚོར་མི་རབས་བཞི་འཛོམས་པའི་ཁྱིམ་ཚང་དྲོ་སྐྱིད་ལྡན་པ་ཞིག་ཡོད་དེ། ཁོང་ཚང་གི་ལོ་ན་ཆེ་ཤོས་ཀྱི་ཨ་མྱེས་ལགས་ལོ95ལོན་ཡོད་པ་དང་། ལོ་ན་ཆུང་ཤོས་ཀྱི་བུ་ལོ9ལ་སོན་ཡོད། ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་སྐོར་གླེང་སྐབས་ངོ་ཤེས་ཚང་མས་ཡིད་སྨོན་འཆོར་གྱིན་ཡོད་དེ། ཉེ་ཆར་ཁྱིམ་ཚང་དེར2020ལོའི་རྒྱལ་ཡོངས་ཀྱི་ཆེས་མཐུན་པའི་ཁྱིམ་ཚང་གི་མཚན་སྙན་ཐོབ་པས་རེད།

ཀྲང་ཞུའེ་ལཱང་ནི་གཟུགས་གཞི་ཆེ་ཞིང་ཤ་རྒྱགས་པ་དང་བཅོས་མིན་གྱི་རང་གཤིས་བཟང་པོ་གྲུབ་ཡོད་པའི་མི་ཞིག་རེད། ཁོང་ནི་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གྱི་ལས་བྱེད་པ་དཀྱུས་མ་ཞིག་རེད། ཁོང་གི་བཟའ་ཟླ་ནི་དར་མདོ་གྲོང་ཁྱེར་དོ་དམ་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡུལ་དུས་ཀྱི་བར་ཐག་གིས་བཟའ་ཟླའི་བར་གྱི་བརྩེ་སེམས་ལ་ཤུགས་རྐྱེན་ཐེབས་མྱོང་མེད་ལ། ལོ་མང་པོའི་རིང་ཁོང་གཉིས་ཀྱིས་རྒན་རྒོན་ལ་བྱམས་སྐྱོང་དང་བསྙེན་བཀུར་བྱེད་ཚུལ་གྲོང་ཚོའི་མིག་དཔེའི་གྲས་སུ་ཚུད་པ་དང་། གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་དང་། ཁྱིམ་མཚེས་བར་ཧ་ཅང་མཐུན་པོ་གནས་པ་སོགས་སྤྱི་བཏང་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཆུང་དག་གིས་ཁོང་ཚོའི་ཁྱིམ་ཚང་ལ་བདེན་པའི་བརྩེ་བ་ཞིག་གིས་ཡོངས་སུ་ཁེངས་ཡོད།

རྒན་རྒོན་བྱམས་སྐྱོང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བར་བརྟན་སྲུང་བྱས།

ང་ནི་ཨ་མྱེས་དང་རྨོ་བོ་གཉིས་ལགས་ཀྱི་གསོ་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན། ཆུང་དུས་འཚོ་བ་ཧ་ཅང་སྡུག་པོ་ཡོད། རྒྱུན་དུས་ཨ་མྱེས་དང་མཉམ་དུ་རི་ལ་ལུག་འཚོས་ནས་སྡོད་ཀྱི་ཡོད། ཨ་མྱེས་ཀྱིས་ལུག་བཙོངས་བའི་དངུལ་ཁྱེར་ནས་ང་ལ་ཁ་ཟས་ཞིམ་པོ་ཉོ་བ་ད་དུང་ཡང་གསལ་པོར་དྲན་གྱིན་འདུག ང་དང་ཨ་མྱེས་གཉིས་བརྩེ་དུང་ཧ་ཅང་ཟབ་པས་ངས་ཁོ་ལ་རྒྱུས་ཡོད། ཁོང་གིས་ཀྱང་ང་ལ་རྒྱུས་ཆེན་པོ་ཡོད་རེད་ཅེས་ཀྲང་ཞུའེ་ལཱང་གིས་དགའ་འཛུམ་འཛུམ་ངང་ནས་བཤད་པ་རེད།

སྔོན་མར་ཁྱིམ་གྱི་ཆ་རྐྱེན་ཞན་པས་ཨ་མྱེས་དང་རྨོ་མོ་གཉིས་ཕྱི་རོལ་གྱི་འཇིག་རྟེན་མཐོང་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པས་ཀྲང་ཞུའེ་ལཱང་གིས་སེམས་ནང་དམ་བཅའ་བཞག་སྟེ་ཆ་རྐྱེན་འཛོམས་ཚེ་ངེས་པར་དུ་ཁོང་གཉིས་ཁྲིད་ནས་ཕྱིར་ཡུལ་སྐོར་ལ་འགྲོ་རྒྱུའི་ཐག་བཅད། དེར་བརྟེན་གུང་གསེང་གཏོང་རིམ་ཁོང་བཟའ་ཟླ་གཉིས་ཀྱིས་ཨ་མྱེས་ཁྲིད་དེ་རྒྱལ་ཡོངས་ས་གནས་ཁག་ཏུ་ཡུལ་སྐོར་ལ་སོང་བ་རེད། ཀྲང་ཞུའེ་ལཱང་གིས་ཨ་མྱེས་ཁྲིད་དེ་ས་ཆ་མི་འདྲ་བར་བསྐྱོད་དེ་ས་ཆ་དེ་ཚོའི་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མྱོང་རོལ་བྱེད་ཐུབ་ཚེ་རང་ལ་བློ་ཕམ་མེད་པ་སེམས་བདེ་མོ་ཞིག་རེད་ཅེས་བཤད།

ལོ་ཁ་ཤས་སྔོན་ཁོང་གི་བཟའ་ཟླ་ཀའོ་ཀྲི་ཡན་གྱི་ལས་ཀ་བྱེད་སར་དར་མདོ་ལ་ཕྲུ་གུ་གཉིས་དང་མཉམ་དུ་གནས་སྤོས་ཤིང་ཨ་མྱེས་ཡང་དར་མདོར་བསུ་འདོད་བྱེད་ཀྱི་ཡོད་མོད། འོན་ཀྱང་ལོ80ལྷག་ཙམ་ལ་སོན་པའི་ཨ་མྱེས་དར་མདོའི་གནམ་གཤིས་ཆ་རྐྱེན་དང་འཚམ་ཐུབ་ཀྱི་མེད་པས་ཀྲང་ཞུའེ་ལཱང་དང་མཉམ་དུ་གུར་དྲག་ལ་འཚོ་བ་སྐྱེལ་གྱི་ཡོད་བ་རེད། ཀྲང་ཞུའེ་ལཱང་གིས་ང་ཉིན་ལྟར་ལས་ཀར་ཞུགས་པར་ཕུད་དེ་མིན་དུས་ཚོད་ཚང་མ་ཨ་མྱེས་དགའ་བའི་ཐབས་བྱས་ནས་མཉམ་དུ་བསྡད་པ་ཡིན། མི་རྒས་དུས་ཆེས་མཁོ་བ་ནི་རྒྱུ་དངུལ་སོགས་མ་ཡིན་པར་ཁོ་ཚོ་དང་མཉམ་དུ་བསྡད་དེ་ཁ་བརྡ་གང་མང་མང་ལབ་རྒྱུ་དེ་རེད་ཅེས་བཤད།

ཀྲང་ཞུའེ་ལཱང་གི་བཟའ་ཟླ་ཀའོ་ཀྲི་ཡན་གྱིས2003ལོར་ངའི་སྐྱེས་པ་དམག་དཔུང་ནས་ཕྱིར་ལོག་པ་ནས་བཟུང་། ཁོང་གུར་དྲག་གྲོང་ཚོར་ཡོད་ན་ཉིན་ལྟར་འཚོ་བའི་ཁྲོད་ཀྱི་ལས་ཀ་ཆེ་ཆུང་ཡོད་ཚད་བསྒྲུབས་པ་རེད། དེ་སྔོན་རྨོ་བོ་བཞུགས་ཡོད་སྐབས་གྲིབ་ནད་ཕོག་ནས་ཉལ་ཁྲིའི་ཐོག་ལྷུང་བའི་སྐབས་སུ། ཁོང་གིས་ཉིན་ལྟར་ཟས་བཟོ་བ་དང་། གོས་བཀྲུ་བ། གཅིན་སྐྱག་དུས་ཐོག་འཕོ་བ་སོགས་ཀྱི་འགན་གཙང་ལེན་བྱས་ཏེ་རྒན་རྒོན་ལ་ཞབས་ཕྱི་ཞུས་ཡོད་པ་རེད། དེ་དག་ཚང་མ་གྲོང་ཚོའི་ནང་གི་མི་ཚོས་ང་ལ་བཤད་པ་རེད་མ་གཏོགས་ངའི་སྐྱེས་པས་དེ་ལྟར་བཤད་མྱོང་མེད། ཁོང་ནི་མི་ཧ་ཅང་བཟང་པོ་ཞིག་ཡིན། ང་རང་སྐྱེས་པ་དེ་འདྲ་བཟང་པོ་ཞིག་ལ་འཕྲད་པ་ནི་ངའི་ཆེས་ཆེ་བའི་བསོད་ནམས་རེད་ཅེས་བཞིན་ལ་བརྩེ་བས་ཁེངས་བཞིན་དེ་ལྟར་བཤད་པ་རེད།

ཀྲང་ཞུའེ་ལཱང་གིས་དུས་ཡུན་རིང་པོའི་ནང་ཨ་མྱེས་ལ་ལྟ་རྟོག་བྱས་ཤིང་། གཟའ་མཇུག་སྐབས་སུ་ཀྲང་ཞུའེ་ལཱང་གིས་བཟའ་ཟླ་དང་ཕྲུ་གུ་ཁྱིམ་དུ་བསུས་ནས་ཨ་མྱེས་དང་མཉམ་དུ་བསྡད་བཅུག་པ་དང་། བཟའ་ཟླས་ཁྱིམ་དུ་ཟ་མ་བཟོ་བ་དང་ཕྲུ་གུ་ཚོ་ཨ་མྱེས་དང་མཉམ་དུ་རྩེད་འཇོར་རོལ་གྱི་ཡོད། ཁོར་ཡུག་དེ་འདྲ་ནི་བག་ཕེབས་ལ་སྤྲོ་སྣང་ལྡན་པ་ཞིག་རེད། ཁོར་ཡུག་དེ་འདྲའི་འོག་ཏུ་འཚོ་གནས་བྱེད་པའི་ཁྱིམ་ཚང་གི་ཕྲུ་གུ་ཚོར་ཤུགས་རྐྱེན་ཆེན་པོ་ཡང་ཐེབས་ཤིང་། ཕྲུ་གུ་ཚོ་ཁྱིམ་དུ་བསྡད་ཚེ་མ་བསྐུལ་དང་ལེན་གྱིས་ཨ་མྱེས་ཀྱི་རྐང་པ་བཀྲུ་རྒྱུ་དང་གླུ་གཞས་གཏོང་བ། དེ་བཞིན་ལེ་ཚན་འཁྲབ་སྟོན་བྱེད་པ་སོགས་བྱས་ཏེ་རྒན་རྒོན་སེམས་ཀྱི་ཞིང་སར་དྲོ་སྐྱིད་ཆུ་རྒྱུན་དྲངས་པ་རེད།

2019ལོའི་ལོ་མཇུག་ཏུ་ཀྲང་ཞུའེ་ལཱང་གི་ཨ་མྱེས་ཚེ་ལ་འདས་པས། ཁྱིམ་ཚང་དེར་སྡུག་བསྔལ་མི་ཉུང་བ་ཞིག་ཕོག་ཡོད་མོད། འོན་ཀྱང་དེ་དང་ཆབས་ཅིག་ཏུ་ཁོ་ཚོས་ཀྱང་བུས་ཕ་མའི་དྲིན་ལན་འཇལ་འདོད་ཚེ་ཕ་མ་ཡང་བཞུགས་ཡོད་པ་དང་། གནམ་འོག་གི་ཕ་མ་ཡོངས་རྫོགས་རྒས་པའི་དུས་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་སུ་འཇུག་མི་རུང་བའི་གནས་ལུགས་ཟབ་མོ་ཡང་རྟོགས་ཡོད་པ་ཆབས་ཅིག་སྨོན་ལམ་ཡང་དེ་བཞིན་འདེབས་པ་རེད།

བུ་ལ་ངག་སློབ་དཔེ་སྟོན་བྱེད་སྟངས་ཀྱི་ཐབས་ཤེས་འཚོལ།

བཟའ་ཚང་ཕན་ཚུན་ཁ་འཆམ་མཐུན་འགྲོགས་དང་ཕན་ཚུན་ཁོང་ཡངས་བྱ་རྒྱུ་ནི་ཤེས་བྱ་ཞིག་ཡིན་ལ་བདེ་སྐྱིད་ལྡན་པའི་གཉེན་སྒྲིག་གི་རྨང་གཞིའང་ཡིན། དེའི་སྐོར་གླེང་སྐབས་ཀའོ་ཀྲི་ཡན་གྱིས་གསར་འགོད་པར་སྔོན་མར་ཨ་མྱེས་དང་རྨོ་བོ་གཉིས་ཀྱིས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཕུན་ཚུན་གྲོས་མོལ་གྱིས་རྣམ་པའི་ཐོག་ནས་ཡིན་པ་ལྟར་ད་ལྟ་ཀྲང་ཞུའེ་ལཱང་གིས་ཀྱང་བྱ་བ་སྒྲུབ་སྐབས་རྟག་ཏུ་ངའི་ཆེད་དུ་བསམ་གཞིག་བྱེད་ཀྱི་ཡོད། བཟའ་ཟླའི་བར་འབྲེལ་བ་ཡག་པོ་ཡོད་ཚེ་ཕྲུ་གུར་ཚེ་གང་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།

ཀྲང་ཞུའེ་ལཱང་སྔོན་མ་དམག་དཔུང་དུ་ལོ5བསྡད་མྱོང་བས་ཁོང་གིས་མི་གཞན་ལ་བསམ་ཤེས་བྱེད་པར་མ་ཟད། རང་ས་མི་བཞག་ནས་བསམ་གཞིག་ཀྱང་བྱེད་ཤེས་ཤིང་། གནད་དོན་གང་ཞིག་འཕྲད་ཀྱང་དང་པོ་རང་ཉིད་ཐོག་ནས་སྐྱོན་འཚོལ་གྱིན་ཡོད། དེའི་ཕྱིར་བྱིས་པར་སློབ་གསོ་གཏོང་བའི་ཐད་ནས་ཁོང་གིས་བྱིས་པར་བརྩི་འཇོག་བྱེད་ཤེས་པ་དང་། དུས་མཚུངས་སུ་བྱིས་པ་གསོ་སྐྱོང་བྱེད་པར་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།

ཁོ་ཚོས་ཐོག་མཐའ་བར་གསུམ་དུ་ཕྲུ་གུར་རྒན་བཀུར་བྱིས་སྐྱོང་བྱ་དགོས་པའི་སློབ་གསོ་རྒྱག་པ་དང་རང་ཉིད་ངོས་ནས་མིག་དཔེ་རྒྱུན་ཆད་མེད་པར་སྟོན་གྱི་ཡོད། ཁོ་ཚོས་གྲོགས་པོ་བར་གྱི་འབྲེལ་འདྲིས་བྱེད་སྟངས་ཀྱིས་བྱིས་པ་རྣམས་ལ་རང་ཉིད་ཀྱི་རང་ཚུགས་ཀྱི་ལྟ་བ་ཞིག་ཡོད་དུ་བཅུག་པ་དང་། ཁྱིམ་ཚང་གི་འཚོ་བའི་ཁྲོད་ཁོང་ཚོས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕ་མའི་མིག་ལམ་དུ་ཡོད་པའི་ཕྲུ་གུ་དང་། སྐྱེས་པའི་བཟའ་ཟླ། ཕྲུ་གུའི་མིག་ནང་གི་ཕ་མ་བཅས་ལ་གསལ་བཤད་གང་ལེགས་བྱེད་ཀྱི་ཡོད།

ལས་ལ་དགའ་ཞིང་བཀུར་བ་དང་ཁྱིམ་མཚེས་འཆམ་མཐུན་ཡོང་བར་འབད།

བརྩེ་བ་དེ་ཁྱིམ་ཚང་གཅིག་ཁོ་ནར་གནས་པ་ཙམ་ཡིན་ན་བརྩེ་བ་དེ་ནི་བརྩེ་བ་ཆུང་ཆུང་ཞིག་ཡིན་ཞེས་ཟེར་ མཁན་འདུག་མོན། འོན་ཀྱང་ཁོ་ཚོའི་ཁྱིམ་མིས་བརྩེ་བ་དེ་ལས་ཀ་དང་། གཉེན་ཉེ། ཁྱིམ་མཚེས་བཅས་སུ་ཁྱབ་ཏུ་བཅུག་ནས་བརྩེ་སེམས་ཆེན་པོ་ཞིག་གྲུབ་ཏུ་བཅུག་ཡོད། བཟའ་ཟླ་གཉིས་ཀྱི་ཁེངས་སྐྱུང་དང་སེམས་བཟང་གི་སྐོར་གླེང་མ་ཐག་མི་རྣམས་ཀྱིས་མཐེ་བོང་བསྒྲེངས་ནས་བསྟོད་པ་རེད།

2003ལོར་དམག་དཔུང་ནས་ཕྱིར་ལོག་པའི་ཀྲང་ཞུའེ་ལཱང་དཔའ་སྲེག་རོང་ཡུལ་ཤོག་ལ་ལས་བགོས་ནས2019ལོའི་བར་ཡུལ་ཤོག་དེའི་དམངས་སྲིད་སྡེ་ཚན་དུ་ལས་ཀ་བྱས། ལས་གནས་ཐོག་ཆེས་དཀའ་བའི་བྱ་བ་ཞིག་ནི་བཟའ་ཚང་ཁ་བྲལ་སྐོར་གྱི་ལས་ཀ་དེ་རེད། ཀྲང་ཞུའེ་ལཱང་གིས་ངས་དམངས་སྲིད་ཐད་ལོ16ལས་ཀ་བྱས་ཤིང་གཙོ་བོ་བཟའ་ཚང་ཁ་བྲལ་བའི་སྐོར་གྱི་འགན་འཁུར་རྒྱུ་དེ་རེད། ཁ་བྲལ་འདོད་ཀྱི་བཟའ་ཚང་ལས་ཁུངས་སུ་འགྲོ་ལུགས་སྒྲུབ་སར་ཡོང་བའི་ཚེ་ངས་ཁོ་ཚོར་བསམ་བློ་ཞིབ་པོ་ཞིག་གཏོང་དགོས་རབས་དང་། བཟའ་ཚང་གཉིས་པོའི་བར་འགལ་བ་ཆུང་ཆུང་ཕྲན་བུ་ཡོད་པའི་དབང་གིས་བཟའ་ཚང་ཁ་བྲལ་ན་རྗེས་སུ་འགྱོད་པ་ཆེན་པོ་སྐྱེ་སྲིད་པ་དང་། ཕྲུ་གུ་ལ་ལུས་སེམས་གཉིས་ཆར་གནོད་འཚེ་ཕོག་ཚུལ་སོགས་ཁོ་ཚོར་གནད་དོན་དབྱེ་ཞིབ་གསལ་པོར་བྱེད་རོགས་བྱས་པ་ཡིན། ཐ་ན་ཁོ་ཚོར་དུས་སྐབས་འདིའི་རིང་ལ་འགྲོ་ལུགས་བསྒྲུབ་རྒྱུ་མ་རེད་ཅེས་མགོ་སྐོར་བཏང་བ་ཡིན། ངའི་ཁ་བརྡ་སློབ་གསོའི་འོག་བཟའ་ཚང་མི་ཉུང་བ་ཞིག་ཡང་བསྐྱར་འཆམ་མཐུན་བྱུང་སོང་ཞེས་བཤད་པ་རེད།

2020ལོར་ཀྲང་ཞུའེ་ལཱང་གུར་དྲག་གྲོང་རྡལ་གྱི་གནོད་འཚེ་སྔོན་འགོག་གཞུང་དོན་ཁང་དུ་ལས་གནས་སྤོས་པ་དང་། ཁོང་གི་ལས་རོགས་ཚོས་ཕོ་གསར་དེས་བྱ་བ་གང་ཞིག་སྒྲུབ་ཀྱང་སེམས་རྣལ་དུ་ཕབ་ཐུབ་པ་དང་། སློབ་སྦྱོང་དང་ལས་དོན་སྒྲུབ་དུས་མྱུར་ཞིང་ལས་ཆོད་ཆེ་བ། དཀའ་སྤྱད་འབད་བརྩོན་ཆེན་པོ་ཡང་རེད་ཅེས་རྟག་ཏུ་བསྟོད་པ་རེད།

མིག་སྔར་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་སུ་བསླེབས་ཡོད། ཁོང་ཉིན་ལྟར་ལས་རོགས་ཚོ་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་སར་བསྐྱོད་དེ་ནགས་ཚལ་དང་རྩྭ་ཐང་གི་མི་མངོན་པའི་རྐྱེན་ངན་དག་གྲལ་བཤེར་ཞིབ་ཚགས་བྱས་ཏེ་ནགས་ཁུལ་དང་། འབྲོག་ཁུལ། ཁེ་ལས། གྲོང་ཚོ། སློབ་གྲྭ། སྡེ་ཁུལ། དགོན་སྡེ། ཁྱིམ་ཚང་བཅས་ཕྱོགས་བརྒྱད་ལ་རྒྱུན་གཏན་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དུས་ཚིགས་གལ་ཆེན་དང་གཙོ་གནད་ས་ཁོངས་སུ་མེ་ཟོན་ཉེན་བརྡའི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་ཏེ་མེ་ཟོན་བརྡ་ཁྱབ་སོགས་སྦྱར་གྱི་ཡོད་པ་རེད།

ཀྲང་ཞུའེ་ལཱང་གིས་ཞོགས་སྔ་ལངས་དང་ནུབ་ཕྱི་ཉལ་བྱེད་པ་དང་། ཉིན་གཞུང་གི་ཁ་ལག་གྲོང་ཚོར་སྟབས་བདེར་ཟ་བ། དེ་མིན་གཞུང་ལས་ཁང་དུ་མགྱོགས་ཐུག་ཟ་བ་སོགས་ཀྱི་སྣང་ཚུལ་ཆེས་རྒྱུན་ལྡན་དུ་གྱུར་ཡོད་ལ། ཁོང་གིས་སྣང་ཚུལ་དེ་དག་ནི་རང་ཉིད་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པའི་ངོམ་ངོམ་བྱེད་ཡས་ཤིག་ཏུ་རྩ་བ་ནས་དྲན་གྱི་མེད་ལ། ཁོང་གིས་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་དོན་ནི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་འདོན་ཐུབ་པའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཀྱང་ཡིན་པ་རེད། ང་ཚོས་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་པ་ཡིན་ན། མི་ཚང་མའི་སེམས་ཁྲལ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ་ལ་བློ་བདེ་མོས་བྱ་བ་སྒྲུབ་ཆོག་པ་རེད་ཅེས་བཤད་པ་རེད།

ཀྲང་ཞུའེ་ལཱང་སོགས་ནི་འཛམ་གླིང་ཐོག་ཕ་མ་ཕལ་པའི་བུ་ཕྲུག་དཀྱུས་མ་ཡིན་ཞིང་། ཁོ་ཚོའི་ཁྱིམ་ཚང་གི་ཁྱིམ་མི་ཚང་མར་ཆེས་དཀྱུས་མའི་བྱམས་སེམས་ཤིག་ཡོད་པ་དང་། ཕན་ཚུན་རོགས་རམ་དང་ཕན་ཚུན་བརྩི་འཇོག རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་མི་ཚེའི་ཆར་རླུང་ཁྲོད་ལག་གདང་སྦྲེལ་ཏེ་བསྐྱོད་པའི་ཐོག་རང་རང་སོ་སོའི་བྱམས་སེམས་ལ་བརྟེན་ནས་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་ཁྱིམ་ཚང་ཡག་ཤོས་ཤིག་བསྐྲུན་ཡོད། དེས་ན་བྱམས་སེམས་ལྡན་པར་བདེ་སྐྱིད་ཀྱི་ཉི་མ་འཆར་སྔ་བ་ཡང་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ་བོ།།


  • ལེ་ཚན་སྔོན་མ།:རིགས་ཞེན་གྱི་ལྷག་བསམ་ཀུན་ལས་ཆེ།། བརྒྱུད་འཛིན་གྱི་སྙིང་སྟོབས་རབ་ཏུ་འཕེལ།།
  • ལེ་ཚན་རྗེས་མ།:ཀྲོའུ་ཨ་ཅ་ཡིས་གཞི་རིམ་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ།