ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཤེས་རབ་ཉི་མ་མཆོག་གི་མཛད་རྣམ་རགས་བསྡུས། །

བདེ་ཆེན་དབང་མོ་དང་ཨོ་རྒྱན་གྱིས།        2014-09-30

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཤེས་རབ་ཉི་མ་མཆོག་གི་མཛད་རྣམ་རགས་བསྡུས། །

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་བོད་རིག་པའི་སློབ་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཤེས་རབ་ཉི་མ་མཆོག་ནི་སྤྱི་ལོ༡༩༥༥ལོར་མདོ་ཁམས་ཏྲེ་ཧོར་གྱི་ཡུལ་གྲུ་སྟེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ་སྐུ་འཁྲུངས། ཆུང་དུས་ནས་སློབ་གྲྭའི་དགའ་ཚལ་དུ་འགྲིམ་པའི་སྐལ་བ་ཐོབ་པས་ཡུལ་ཚོ་སློབ་ཆུང་ནས་རིམ་བཞིན་སློབ་སྦྱོང་གི་འགོ་བརྩམས་ཏེ༡༩༧༤ལོར་བྲག་འགོ་རྫོང་སློབ་འབྲིང་ནས་སློབ་མཐར་ཕྱིན་ཏེ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཀྱིས་དར་མདོ་མི་རིགས་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད།
སློབ་གླིང་དེ་གའི་དགེ་བའི་བཤེས་གཉེན་དག་གི་བྱམས་བརྩེའི་མན་ངག་རང་ཉིད་ལ་མི་ཚེའི་མདུན་ལམ་སྟོན་བྱེད་ཀྱི་འོད་ཟེར་ལ་བསྒོམས་ཤིང་ཤེས་བྱ་བདུད་རྩིའི་གྲུ་ཆར་གྱིས་རྨོངས་པའི་སྐོམ་གདུང་སེལ་བྱེད་ཀྱི་ཟས་མཆོག་ཏུ་བཟུང་ནས་བརྩོན་པའི་རྒྱུན་བསྐྱངས་ཏེ་འབད་པ་བྱས་པར་བརྟེན་ཤེས་རིག་གི་རྨང་གཞི་བརྟན་པོ་ཆགས་པ་མ་ཟད།རང་ཉིད་ཀྱི་མི་གཞིའི་ཀུན་སྤྱོད་དང་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་མི་དམངས་དགེ་རྒན་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་དང་སློབ་གསོའི་བྱ་གཞག་གིས་ཞིང་འབྲོག་གི་བྱིས་པ་ཚོ་ཅི་ལྟར་སྐྱེད་སྲིང་བྱེད་དགོས་པའི་གནས་ལུགས་རྟོགས།སློབ་གླིང་དེ་གར་སློབ་སྦྱོང་གི་འཚོ་བ་མཇུག་རྫོགས་ཏེ་སློབ་མཐར་ཕྱིན།ཁོང་གི་སེམས་སུ་སློབ་གྲྭ་ཞིག་ནས་སློབ་མཐར་ཕྱིན་པ་དེ་ནི་རང་གི་སློབ་སྦྱོང་མཇུག་རྫོགས་སོང་སྙམ་པའི་གུ་དོགས་པའི་བསམ་བློ་དང་ངེས་ཤེས་རིང་དུ་དོར་ཏེ། མུ་མཐུད་དུ་སློབ་སྦྱོང་ལ་བརྩོན་པའི་རྒྱུན་བཟང་པོའི་སྣེ་མཐུད་པས། སྤྱི་ལོ༡༩༧༨ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གླིང་དེ་གའི་དགེ་བའི་བཤེས་གཉེན་དག་གི་ཞབས་རྡུལ་སྤྱི་བོར་ལེན་ཏེ་བསམ་སྦྱོར་གཉིས་ཀྱིས་འབད་པའི་རྒྱུན་བསྲིངས་བས་སྤྱི་ལོ༡༩༨༢ལོར་སློབ་གླིང་དེ་ག་ནས་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཀྱིས་སློབ་མཐར་ཕྱིན། སློབ་མཐར་ཕྱིན་པ་དང་རྩོམ་རིག་གི་ཤེས་རམས་པ་དང་བསླབས་གནས་ཀྱི་ཐོབ་ཐང་བླངས་ཏེ་སློབ་གྲྭ་རང་མལ་ནས་དགེ་རྒན་གྱི་མཛད་བཟང་གཉེར་བཞིན་སྐལ་ལྡན་གདུལ་བྱ་མང་པོ་ལེགས་པའི་ལམ་དུ་འདྲེན་རྒྱུའི་དབུ་བརྩམས། བགྲང་བྱ་མང་པོའི་རིང་ལ་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་བསད་དེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཁང་དུ་ཕྱག་ལས་གཉེར་ཞོར་བོད་རིག་ཞིབ་འཇུག་ཁང་གི་གཙོ་བདག་གཞོན་པའི་འགན་བཞེས།སྤྱི་ལོ༡༩༩༣ལོ་ནས་སྤྱི་ལོ༢༠༠༢ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་ཁང་དུ་བྱ་བ་གཉེར། སྤྱི་ལོ་༢༠༠༢ལོ་ནས་ད་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་། བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོའི་སོགས་ཀྱི་བྱ་བའི་ལས་འགན་ལྕི་མོ་ཕྲག་ཏུ་བཞེས་ཤིང་སློབ་གྲྭའི་བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་བརྩོན་པ་བསྐྱེད་ལ།སྐལ་ལྡན་གདུལ་བྱ་མང་པོ་སྐྱོང་གིན་གཞན་ཕན་གྱི་འཕྲིན་ལས་འབའ་ཞིག་གཉེར་བཞིན་ཡོད།  
སྤྱི་ལོ༡༩༩༦ལོ་ནས༡༩༩༨ལོའི་བར་གྱི་བགྲང་བྱ་གཉིས་ཀྱི་རིང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་མཐོ་རིམ་སློབ་གསོ་དོ་དམ་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།སྤྱི་ལོ༡༩༩༧ལོ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་སྲིད་གཞུང་དམིགས་བསལ་གྱི་ཟླ་ཕོག་ཐོབ་པའི་ཆེད་མཁས་མི་སྣར་བདམས།སྤྱི་ལོ༢༠༠༠ལོར་པེ་ཅིན་གྲོང་ཁྱེར་གྱི་སྔོན་ཐོན་ལས་སྒྲུབ་མི་སྣར་བདམས་ཐོན་བྱུང་བ་དང་།སྤྱི་ལོ༢༠༠༡ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་དོ་དམ་གྱི་སྔོན་ཐོན་མི་སྒེར་ལ་བདམས།    ཁོང་གིས་དགེ་རྒན་གྱི་བྱ་བའི་མཛད་བཟང་གཉེར་བའི་སྔ་ཕྱིར་བརྩམས་ཆོས་མང་པོ་མཛད་ཡོད་དེ།
སྤྱི་ལོ༡༩༩༥ལོར《ཀྲུང་ཧྭ་མི་སེར་རྒྱལ་ཁབ་དུས་སྐབས་ཀྱི་དམག་དཔོན་གྱི་ལས་འགན》ཞེས་པ་དང་།《བོད་ལྗོངས་ཀྱི་དགོན་པ་དང་གྲྭ་པ》ཞེས་པའི་དཔེ་ཆ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།སྤྱི་ལོ༡༩༩༦ལོར《བོད་ལྗོངས་ལོ་རྒྱུས་ཀྱི་ཐོབ་ཐང》ཞེས་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་དེ་འགྲེམ་སྤེལ་བྱས་པས་ལོ་དེའི་པེ་ཅིན་གྲོང་ཁྱེར་གྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་ཁྱད་འཕགས་བྱ་དགའ་དང་།སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་དང་།ཀྲུང་གོའི་དཔེ་དེབ་བྱ་དགའ་སོགས་ཀྱི་བྱ་དགའ་གང་མང་ཐོབ།
ལོ་འདི་ག་ནས《ཉེ་རབས་བོད་རིགས་མི་གྲགས་ཅན》ཞེས་པ་དང་། 《ཀྲུང་གོའི་བོད་རིགས་མི་གྲངས》།《ཀྲུང་གོ་བོད་ལྗོངས་ཀྱི་ལོ་རྒྱུས་གོ་གནས》།《བོད་ལྗོངས་གནའ་རབས་ཁྲིམས་གཞུང་གཅེས་བསྡུས》།《བོད་ལྗོངས་ལོ་རྒྱུས་རིག་གནས་ཚིག་མཛོད》སོགས་ཀྱིས་མཚོན་པའི་དཔེ་ཆ་མང་པོ་རང་རྩོམ་དང་མཉམ་སྒྲིག  གཙོ་སྒྲིག་སོགས་ཀྱི་འགན་བཞེས་ནས་པར་དུ་བསྐྲུན་པ་དང་། དེ་ལས་《བོད་ལྗོངས་གནའ་རབས་ཁྲིམས་གཞུང་གཅེས་བསྡུས》ཞེས་པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཕུལ་བྱུང་གི་བྱ་དགའ་ཐོབ།   
 སྔ་ཕྱིར་ཨ་རི་དང་ཐེ་གོ དབྱི་ཐ་ལི།འཇར་པན།ནོར་ཝེ།སུའེ་ཙེར།དབྱིན་ཇི།ཧྥ་རན་སི།མོ་རོ་ཁོ།ཨེ་ཅིབ།ཐའེ་ཝན་སོགས་འཛམ་གླིང་གི་རྒྱལ་ཁབ་ཆེ་ཆུང་དུ་མའི་སློབ་གྲྭ་ཆེན་མོ་དག་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་དང་རིག་གཞུང་འཆད་ཁྲིད་སོགས་ཀྱི་སླད་དུ་ཐེངས་མང་པོར་ཕེབས་ཏེ་བོད་ཀྱི་རིག་གནས་འཛམ་གླིང་ཅན་དུ་འགྱུར་རྒྱུའི་ཐུགས་འདུན་གཙང་མས་མཛད་འཕྲིན་གཉེར་བས་བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་ཁྱབ་པར་ཕན་འབྲས་བླ་ན་མེད་པར་འདོན།
   མིག་སྔར་ཁོང་གིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་། བོད་རིག་པའི་སློབ་གླིང་གི་གླིང་གཙོ།དགེ་རྒན་ཆེན་མོ།རམ་འབྱམས་པའི་སློབ་སྟོན་གྱི་སློབ་དཔོན་ཆེན་མོ།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་ཚགས་པར་༼སྤྱི་ཚོགས་ཚན་རིག༽གི་གཙོ་སྒྲིག་པ།ཀྲུང་གོ་མི་རིགས་ལོ་རྒྱུས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན།ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཆེད་དུ་གདན་འདྲེན་ཞུ་བའི་ཞིབ་འཇུག་པ།སི་ཁྲོན་ཞིང་ཆེན་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ཀྲུང་གོ་མི་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སོགས་ཀྱི་བྱ་བའི་ལས་འགན་ལྕི་མོའི་འགན་གཅིག་ལྕོགས་སུ་བཞེས་ཤིང་མཛད་འཕྲིན་དར་བཞིན་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་སློབ་གསོ་རིག་པའི་རབ་འབྱམས་པའི་སློབ་དཔོན་ཐོག་མ་དཔལ་ལྡན་ཉི་མ།
  • ལེ་ཚན་རྗེས་མ།:ཉན་ཤུལ་མཁྱེན་རབ་འོད་གསལ།
  • དོ་སྣང་ཆེ་བའི་རྩོམ།