___དགེ་བའི་བཤེས་གཉེན་ཆེན་མོ་དཔལ་ལྡན་ལེགས་བཤད་མཆོག་གི་མཛད་པའི་ཟུར་ཙམ་ནག་འགྲོས་ཕལ་ཚིག་གི་ལམ་ནས་ཅུང་ཟད་བརྗོད་པ།
གང་གིས་སྦས་དང་མ་སྦས་མཛད་པའི་ཚུལ།། ཇི་བཞིན་འཁོད་པའི་བློ་མིག་མི་ལྡན་ཡང་།།
གུས་སློབ་དག་གིས་བཀའ་དྲིན་དྲན་པའི་ཕྱིར།། མཛད་དོན་ཅུང་ཟད་ཚིག་གི་རིས་སུ་ཕབ།།
དང་པོ་གང་ནས་འཁྲུངས་པའི་ཡུལ་བསྟན་པ།
དགེ་བའི་བཤེས་གཉེན་ཆེན་མོ་དཔལ་ལྡན་ལེགས་བཤད་མཆོག་ནི་སྔོན་བོད་ཡུལ་ཆོལ་ཁ་གསུམ་ལས་མདོ་སྟོད་མིའི་ཆོལ་ཁའི་ས་ཡི་ཆ་ཁམས་འབའ་ཐང་གི་མངའ་ཁོངས་སུ་གཏོགས་ཤིང་། ད་ལྟའི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གི་སྤུན་གསུམ་ཡུལ་ཚོ་རུ་སྤྱི་ལོ་༡༩༦༨ལོ་སྟེ་བོད་རབ་བྱུང་དྲུག་པའི་ས་སྤྲེལ་ལོར་སྐུ་འཁྲུངས།
གཉིས་པ་སློབ་གཉེར་མཛད་པའི་ཚུལ་བསྟན་པ།
དགུང་ལོ་ཆུང་དུས་ནས་སྤུན་གསུམ་ཡུལ་ཚོའི་སློབ་ཆུང་འགྲིམ་ཅིང་ལོ་རིམ་དང་པོ་ནས་ལྔ་བའི་བར་དུ་རྒྱ་ཡིག་སྦྱོང་རྒྱུའི་གོ་སྐབས་རྙེད། སློབ་ཆུང་མཐར་ཕྱིན་རྗེས་འབའ་ཐང་རྫོང་སློབ་འབྲིང་དུ་སློབ་གཉེར་ལ་ཞུགས། སྐབས་དེར་ཏག་ཏག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཡིག་སྦྱོང་ཆོག་པའི་མི་རིགས་འཛིན་གྲྭ་གསར་འཛུགས་མཛད་པ་སྟེ། དཀར་མཛེས་རྫོང་དང་སྡེ་དགེ་རྫོང་། འབའ་ཐང་རྫོང་བཅས་ནས་ཁྱོན་མི་རིགས་འཛིན་གྲྭ་གསུམ་གསར་དུ་བཙུགས་པ་དང་སྟབས་ཁེལ་བས། ཁོང་ཉིད་སློབ་གྲྭ་དེ་དག་ལས་འབའ་ཐང་རྫོང་ནས་གསར་དུ་བཙུགས་པའི་སྐབས་དང་པོའི་མི་རིགས་འཛིན་གྲྭར་ཞུགས་ཤིང་ད་གཟོད་ཀ་ཁའི་སྦྱོར་ཀློག་གི་མགོ་བཙུགས་པ་དང་། རིམ་གྱིས་བོད་ཀྱི་བརྡ་སྤྲོད་པའི་གཞུང་དོན་ལྟར་སུམ་ཅུ་པའི་སྒྲ་ཡི་སྦྱོར་ཚུལ་དང་རྟགས་ཀྱི་འཇུག་པའི་ཕོ་མོ་མ་ནིང་གི་དབྱེ་བ་སོགས་བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་རྒྱུའི་གཞི་བཞག་པ་རེད། འབའ་ཐང་རྫོང་ནས་བགྲང་བྱ་གསུམ་གྱི་སློབ་གཉེར་འཚོ་བ་མཇུག་རྫོགས་ནས་ཕུལ་བྱུང་གི་སྦྱངས་འབྲས་ལས་༡༩༨༣ལོ་སྟེ་རང་ལོ་བཅུ་དྲུག་པར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐབས་གཉིས་པའི་སློབ་མར་གྱུར། ཁོང་ཉིད་སྒྲ་རིག་ཆེད་སྦྱོང་གི་འཛིན་གྲྭར་ཞུགས་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་ནའང་སྐབས་དེ་དུས་ཞིང་ཆེན་བོད་ཡིག་སློབ་གྲྭའི་གནས་ཡུལ་ད་ལྟའི་རྟའུ་རྫོང་དཔལ་སྨད་ས་ཆ་རུ་ཡིན་པས་ཆེད་སྦྱོང་སྒྲ་རིག་པ་ཡིན་ཚེ་སྡེ་དགེ་རྫོགས་ཆེན་ཤྲི་སེང་དུ་འགྲོ་དགོས་སྟབས་གཅིག་ནས་ས་ཐག་རིང་བ་དང་གཉིས་ན་ཆ་རྐྱེན་གྱིས་མི་འདང་བས་དཔལ་སྨད་དུ་ཡོད་པའི་ཞིང་ཆེན་བོད་ཡིག་སློབ་གྲྭའི་གསོ་རིག་ཆེད་སྦྱོང་འཛིན་གྲྭར་ཞུགས་དགོས་བྱུང་། ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་བགྲང་བྱ་བཞིའི་རིང་ལ་མཁས་དབང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་མོ་མཁྱེན་རབ་འོད་གསལ། མཁན་པོ་པཎ་ཚེ། དགེ་རྒན་བུ་ཕྲུག དགེ་རྒན་པདྨ་རྒྱལ་མཚན། དགེ་རྒན་ཡེ་ཤེས་དར་རྒྱས། དགེ་རྒན་རྒྱ་མཚོ་སོགས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སྐོར་ལ་སྦྱོང་པ་མཐར་ཕྱིན་པ་མཛད་ཅིང་སྤྱི་ལོ་༡༩༨༧ལོའི་ཟླ་དྲུག་པར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སློབ་གྲྭ་དེ་ཉིད་དུ་དགེ་རྒན་གྱི་ཕྱག་ལས་བཞེས་ནས་ཟླ་ངོ་གཉིས་ཙམ་ལ་སློབ་ཁྲིད་ཀྱི་མཛད་པ་སྤེལ། དེ་ནས། རྒྱ་ནག་ཁྲིན་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་ཚོ་ཆུང་ཞིག་གསར་དུ་བཙུགས་ལ། མཁས་དབང་གཟན་དཀར་རིན་པོ་ཆེས་གཙོ་སྒྲིག་པའི་འགན་བཞེས་ཤིང་། མི་ཉག་བུ་ཕྲུག་མཆོག་གིས་གཙོ་སྒྲིག་གཞོན་པའི་འགན་བཞེས་པར་གཟན་དཀར་རིན་པོ་ཆེའི་བཀའ་བཞིན་ཁོང་ཉིད་ཀྱང་རྩོམ་སྒྲིག་ཚོ་ཆུང་དུ་ཞུགས་ནས་ལོ་གཉིས་ལྷག་གི་རིང་ལ་ལེགས་རྩོམ་སྙིང་བསྡུས་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྡུས་འགྲེལ་སོགས་དེང་རབས་ཀྱི་ལུགས་ལྟར་སློབ་དེབ་ཏུ་བསྒྲིགས་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་ཁུལ་གྱི་སློབ་དེབ་ཏུ་བཀོལ་སྤྱོད་བྱས། སྤྱི་ལོ་༡༩༨༨ལོར་བཀའ་བསྟན་དཔེ་བསྡུར་ཁག་གི་ལས་བྱེད་པ་ཡོངས་ལ་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་སྐོར་སློབ་ཁྲིད་བྱས་ཤིང་། ཞོར་དུ་གེ་སར་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣར་ཞུགས་ནས་ཐ་སྙད་གསར་བསྒྱུར་སྐོར་གྱི་ལས་འགན་བཞེས་ཏེ་<<གེ་སར་ཚིག་མཛོད་ >> ཅེས་པ་པར་དུ་བསྐྲུན།
དུངས་ཞེན་ཁ་བའི་མདུན་ལྗོངས་བློར་འཁོར་ཞིང་། །
གསར་བྱུང་གྲངས་དངོས་རྫས་སོགས་དེང་རབས་ལུགས། །
ཁ་ཚ་དགོས་ཀྱིས་གཏུག་པའི་གནད་མཁྱེན་ནས། །
ཁ་བའི་རྒྱལ་སྲས་རིག་པའི་གླིང་གར་འགྲིམ།།
སྐྱབས་རྗེའི་གཟན་དཀར་རིན་པོ་ཆེས་ཁོང་ལ་མུ་མཐུད་ནས་སློབ་གྲྭ་འགྲིམ་དགོས་ལུགས་ཀྱི་སྐུལ་མ་མང་དུ་མཛད་པར་བརྟེན། སྤྱི་ལོ༡༩༨༩ལོར་དར་མའི་མཐོ་རྒྱུགས་སུ་ཞུགས་ནས་མཚོ་སྔོན་སློབ་གསོ་སློབ་གླིང་གི་དངོས་ཁམས་ཆེད་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་པ་རེད། མཁས་དབང་མཁྱེན་རབ་འོད་གསལ་གྱིས་གཏམ་དེ་ཐོས་འཕྲལ་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་རིགས་ཀྱི་བུ་ཁྱེད་ཀྱིས་མ་འོངས་པར་གྲངས་དངོས་རྫས་གསུམ་བོད་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པར་གོ་ཆོད་པར་སྦྱོངས་ཤིག་ཅེས་ནན་བསྐུལ་བྱས་པས། དམ་པ་ཉིད་ཀྱི་རེ་བའི་གསེར་ནག་བུམ་པ་རུམ་དུ་བཅུག་ཅིང་སྤོབས་པའི་དཔའ་སྟོབས་སྣུམ་པོ་སྙིང་ལ་གཉོར་བཞིན་མཚོ་སྔོན་སློབ་གསོ་སློབ་གླིང་དུ་སློབ་གཉེར་གྱི་ལས་ལ་ཞུགས། ལོ་གསུམ་གྱི་རིང་ལ་དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་བྱས་པར་བརྟེན་མཐོ་རིམ་དང་འབྲིང་རིམ་གྱི་དེང་རབས་གྲངས་དངོས་རྫས་གསུམ་ལ་སྦྱངས་འབྲས་གཡུར་དུ་ཟ་བ་སྨིན་པར་མ་ཟད། སྐབས་དེར་སློབ་གྲྭ་དེ་གར་དཀར་མཛེས་ཕྱོགས་ནས་ཡོང་བའི་འཛིན་གྲྭ་ཞིག་ཡོད་པའི་སློབ་གྲོགས་རྣམས་ལ་རྗེ་དམུ་དགེ་ཚང་གི་བློ་གསལ་རིག་རྒོད་སོགས་ཚད་མའི་སྐོར་སློབ་ཁྲིད་བགྱིས་ཤིང་། སློབ་གྲྭ་དེའི་དགེ་རྒན་ཚོར་མཁས་མཇུག་སོགས་ཐུན་མིན་རིག་གནས་སྐོར་གྱི་སློབ་ཁྲིད་བྱས་པས་ཀུན་གྱིས་ཁས་ལེན་ཐོབ་པ་ནས་ངེས་པ་དོན་གྱིས་དུས་རབས་ཀྱི་མཁས་པ་ཞིག་ཏུ་ངོས་འཛིན་དང་ཡིད་རྟོན་གནང་བ་རེད།
གསུམ་པ་མཛད་འཕྲིན་གྱི་རྒྱུན་བསྐྱངས་པའི་སྐོར།
སྤྱི་ལོ་༡༩༩༢ལོར་ཕྱིར་ཞིང་ཆེན་བོད་ཡིག་སློབ་གྲྭར་ལོག་ནས་སྔར་བཞིན་ནང་དོན་རིག་པ་དང་། སུམ་རྟགས་དག་གསུམ། རྩིས་སོགས་ཀྱི་དགེ་རྒན་གྱི་འཕྲིན་ལས་བསྐྱངས། འོན་ཀྱང་། དམ་པ་གང་གིས་རྣམ་ཀུན་ཐུགས་སུན་མཛད་པའི་གནས་ཉག་གཅིག་ནི་རང་ཡུལ་ནས་མཐོ་རིམ་གྱི་གྲངས་དངོས་རྫས་གསུམ་བོད་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་སྟེགས་བུ་ཞིག་མ་ཐོབ་པ་དེའོ།། དེ་བཞིན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དཔལ་བསྡུས་དང་། སངས་རྒྱས་ནོར་བུ་སོགས་དང་མཉམ་དུ་ཨ་རིག་རྫའི་མཁན་ཆེན་པཎ་ཚེའི་དྲུང་དུ་ཕྱིན་ནས་ལོ་ཐོ་ཕབ་ཅིང་། དེའང་སི་ཁྲོན་ཕྱོགས་ཀྱི་རང་གིས་བརྩམས་ཏེ་བསྒྲིགས་པའི་ཐོག་དང་པོའི་ལོ་ཐོ་རུ་གྱུར། སྤྱི་ལོ་༡༩༩༣ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བོད་རྩིས་ཆེད་སྦྱོང་འཛིན་གྲྭ་ཞིག་གསར་འཛུགས་གནང་བར་ཁོང་གིས་འཛིན་གྲྭ་དེའི་འཛིན་བདག་གི་འགན་བཞེས་ནས་སྔ་ཕྱིར་ལོ་ཐོ་ཐེངས་གསུམ་ཙམ་ལ་ཕབ་གནང་མཛད་པ་རེད།
སྤྱི་ལོ༡༩༩༢ལོར་སྤྱི་ཚོགས་ཀྱི་ལས་ཁུངས་སོ་སོར་བོད་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས་ཚུལ་དང་ཡིག་ཟམ་ལས་ཁུངས་སོ་སོར་ཡིག་ཤུབས་ངོས་སུ་ཁ་བྱང་བོད་ཡིག་ཏུ་འབྲི་དགོས་ལུགས་སོགས་ཀྱི་སྐོར་ལ་སྐུལ་སློང་གིས<<གྲོས་ཡིག་ཡིད་ཆེས་འབུམ་ལྡན>>ཞེས་པ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་མཛད་ནས་རྒྱལ་ཡོངས་ཀྱི་པེ་ཅིང་དང་ཞིང་ལྗོངས་ལྔ་ཡི་བོད་ཀྱི་ལས་ཁུངས་དང་སློབ་གྲྭ་སོ་སོར་བཀྲམ་པས་སྤྱི་ཚོགས་སྟེང་ནས་གདེང་འཇོག་མཐོན་པོ་ཐོབ་པ་དང་ཤུགས་རྐྱེན་བཟང་པོ་བཞག རྟའུ་དང་དར་མདོ་ནས་ཡིག་ཟམ་ལས་ཁུངས་སོ་སོར་ཐེངས་མང་པོར་ཕེབས་ནས་འཕྲིན་ཡིག་གཏོང་ལེན་སྐབས་ཡིག་ཤུབས་ངོས་ཀྱི་ཁ་བྱང་བོད་ཡིག་འབྲི་ཆོག་རྒྱུའི་རེ་ཞུ་བྱས་པ་དང་། དེ་བཞིན་ཡིག་ཤུབས་ངོས་སུ་ཁ་བྱང་བོད་ཡིག་བྲིས་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འཕྲིན་ཡིག་བཀྲམ་གཏོང་བྱས་པས་བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱའི་ཐད་ལ་ཤུགས་རྐྱེན་དང་བྱས་རྗེས་གསུབ་ཏུ་མེད་པ་བཞག་སྟབས་ད་ལྟ་བོད་ཡིག་སློབ་གྲྭའི་སློབ་མ་ཁང་གི་དགེ་རྒན་དཔའ་བུ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་དེའི་རྒྱུན་སྐྱོང་མུས་སུ་མཆིས་སོ།།
གཞན་ཡང་དགེ་རྒན་ཆེན་མོ་ལིའུ་ལི་ཆན་དང་སྐལ་བཟང་ཆོས་འཕེལ་སོགས་ཀྱི་དྲུང་ནས་ཡིག་བསྒྱུར་གྱི་རིགས་གཞུང་ལ་ཐོས་བསམ་བྱས་ཤིང་། སྤྱི་ལོ་༡༩༩༢ལོ་ནས་བཟུང་གསར་བྱུང་ཐ་སྙད་བསྒྱུར་རྒྱུའི་ལམ་བུར་ཞུགས་ནས་གསར་བྱུང་གི་ཐ་སྙད་མང་པོ་བསྒྱུར་ཅིང་སྐད་གཉིས་ཤན་སྦྱར་གྱི་སྒོ་ནས་སློབ་གྲྭའི་བསྒྲགས་པང་དང་ཤེས་བྱའི་དགའ་ཚལ་སོགས་ཀྱི་ངོས་སུ་བྲིས་པ་དང་། པར་བསྐྲུན་བྱས་ནས་ས་གནས་སོ་སོའི་སློབ་གྲྭ་དང་དགོན་སྡེ་སོགས་སུ་བཀྲམ་པས་བོད་སྐད་སྨྲ་བར་མཐུན་རྐྱེན་བླ་ན་མེད་པ་བསྐྲུན་པར་མ་ཟད། སློབ་མ་ཚོས་པང་བསྒྲིག་སྐབས་བོད་སྐད་ཀྱི་ཁ་འབོད་རྣམས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། སློབ་གྲྭའི་ནང་ཁུལ་དུ་བསིལ་ལྗོངས་གཞོན་ནུའི་ལུས་རྩལ་ཞེས་བསྡུས་མིང་ལ་ས་ཞ་ལ་ཞེས་པའི་ལུས་རྩལ་བྱེད་སྒོ་ཞིག་གསར་དུ་བཏོན་ཏེ། ལོ་རེར་སྟོན་དགུན་མཚམས་སུ་ལག་གྲུག་འགྲན་ཚོགས་ཀྱི་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་ལ། དེ་རུ་འགྲན་ཞུགས་རུ་ཁག་དང་། དཔང་པོ། སྐར་འགོད་པ་སོགས་བོད་སྐད་རྐྱང་རྐྱང་གི་ལམ་ནས་སྤེལ་བའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས་དེས་བསིལ་ལྗོངས་གངས་རིའི་ཡུལ་གྱི་ཕ་སྐད་ཀྱི་ལུས་རྩལ་འགྲན་བསྡུར་གྱི་སྒོ་གླེགས་ཐོག་མ་དེ་ཕྱེས་པ་རེད། གཞན་ཡང་རྩིས་འཕྲུལ་གྱི་རྒྱུན་སྤྱོད་ཐ་སྙད་བརྒྱ་ལྷག་བསྒྱུར་པས་མི་རིགས་ལས་བྱེད་སློབ་གྲྭའི་སློབ་དེབ་ཏུ་བཀོལ་སྤྱོད་བྱས་པ་རེད།
བོད་ཡིག་སློབ་གྲྭས་ཁོར་ཡུག་སྲུང་སྐྱོང་འཛིན་གྲྭ་ཞིག་གསར་དུ་བཙུགས་པས་ཁོང་གིས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དཔེ་ཆ་གཅིག་བོད་ཡིག་ཏུ་བསྒྱུར་བ་དང་། <<བོད་སྔ་རབས་ཀྱི་ཁོར་ཡུག་རིག་པ་>>ཞེས་པ་གསར་རྩོམ་གནང་ནས་བོད་ཡིག་གི་ལམ་ནས་ཁོར་སྲུང་གི་ཤེས་བྱ་སློབ་ཁྲིད་བྱས།
ད་དུང་<< གསར་བྱུང་ཐ་སྙད་སྟོང་ཚོ་གཅིག་ >> ཅེས་པའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་དཀར་མཛེས་ཚགས་པར་ཁང་ནས་པར་དུ་བསྐྲུན་པས་སློབ་གྲྭའི་ཡིག་བསྒྱུར་དགེ་རྒན་དང་། སློབ་མ་ཚོགས་པ་སོགས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་སྟབས་རྗེས་སོར་ནང་ཁུལ་གྱི་ཡིག་བསྒྱུར་བྱེད་སྐབས་ཚད་མར་འཛིན་སའི་གཞི་རུ་གྱུར།
སྔ་རྗེས་སུ་སློབ་མ་སྟོང་གཉིས་ལ་ཉེ་བ་ཞིག་གསོ་སྐྱོང་གནང་སྟེ་བོད་ལྗོངས་དང་ཨ་མདོ། ཁམས་ཁུལ་བཅས་ཀྱི་ས་ཆར་མངགས། ཁྱད་པར་དུ་བོད་ལྗོངས་ཆབ་མདོ་ནས་བོད་སྐད་ཡིག་གི་སྲོག་འཛིན་དགེ་རྒན་གྱི་ལས་རྐང་དུ་ཁོང་གི་སློབ་མ་བཞི་བཅུ་ལྷག་ཡོད་ལ། ཞོར་དུ་ཁོང་གིས་མི་རིགས་རིས་མེད་ཀྱིས་རྒྱ་ནག་གི་གྲྭ་པ་མང་པོ་ཞིག་ཀྱང་གསོ་སྐྱོང་གནང་།
སྤྱི་ལོ་༡༩༩༥ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ཆོག་མཆན་ལྟར་སྡེ་རོང་ཀོ་བོ་ཨོ་རྒྱན་བདུད་འདུལ་གླིང་གི་སྒར་རྗེ་སྤྲུལ་སྐུའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་ལོ་དེའི་ལོ་མཇུག་གི་སྤྱི་ཟླ་བཅུ་གཅིག་པར་གསེར་ཁྲིར་མངའ་གསོལ་བས། དགོན་པ་དེ་གར་བཤད་གྲྭ་གསར་དུ་བཙུགས་ཤིང་ཡུན་ནན་དང་འབའ་སོགས་ཀྱི་དགོན་སྡེ་བཅུ་ཕྲག་གི་སློབ་མ་མང་པོ་གསོ་སྐྱོང་གནང་གིན་ཡོད་དེ། ནམ་རྒྱུན་དབྱར་གནང་དང་དགུན་གནང་སྐབས་སུ་ཁོང་ཉིད་བཤད་གྲྭར་ཕེབས་ནས་ཆོས་ཁྲིད་མཛད་དེ་བགྲང་བྱ་བཅུ་གསུམ་ཙམ་འགོར། སྤྱི་ལོ་༡༩༩༩ལོ་ནས་སྡེ་རོང་རྫོང་སློབ་འབྲིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་དག་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་གྱི་སློབ་ཁྲིད་ཉིན་བཅུ་ཙམ་རེ་ལ་བྱེད་ཀྱིན་པ་མ་ཟད། སྤྱི་ལོ་༢༠༡༠ལོར་རིགས་མཐུན་སྤུན་ཟླ་དག་གིས་རྒྱབ་སྐྱོར་ལ་བརྟེན་ནས་ཕ་ཡུལ་གྱི་ལོ་རྒྱུས་ཐོག་གི་ཇོ་མོའི་བཤད་གྲྭ་ཐོག་མ་དེ་གསར་འཛུགས་གནང་ནས་ཇོ་མོ་ཚོར་བྲིས་དཀར་ནག་དང་སུམ་རྟགས་དག་གསུམ་ནས་མགོར་བཟུང་སྟེ་སློབ་སྦྱོང་གི་གོ་སྐབས་བསྩལ་པ་རེད།
སྔ་གཞུག་ཏུ་ཝེན་རོག་རྒྱལ་སྤྱིའི་འཕེལ་རྒྱས་ཚོགས་པའི་གྲོང་རྡལ་ཁེ་ལས་འཛིན་གྲྭར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་གྱི་འཆད་ཁྲིད་གནང་ཞིང་། འབའ་གྲུབ་ཆེན་དགོན་དང་། སྡེ་རོང་རྡོ་བཅངས་དགོན། སྡེ་རོང་ༀ་བརྒྱ་དགོན། ཕྱག་ཕྲེང་རི་ཤུལ་དགོན། སྤང་ཐོག་དགོན། ཡུན་ནན་གཏེར་རོང་ཡོན་ཏན་དགོན་སོགས་སུ་ཕེབས་ནས་ཆོས་ཁྲིད་དང་འཆད་ཁྲིད་བགྱིས་ཏེ་གདུལ་བྱ་མང་པོ་ལེགས་ལམ་དུ་དྲངས།
དེ་བཞིན་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་བཞིན་ཁྲིན་ཏུའུ་རུ་ཕེབས་ནས་དགེ་རྒན་གང་ཉིད་ཀྱིས་བསྒྱུར་པའི་གསར་བྱུང་ཐ་སྙད་སྟོང་ཚོ་གཅིག་ཅན་དེ་རྨང་གཞི་བྱས་ཐོག་དེང་སྐབས་གངས་རིའི་ལྗོངས་ན་གཅིག་གྱུར་དུ་སྤྱོད་བཞིན་པའི་རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་གི་མིང་མཛོད་དང་རིས་མཛོད་གཉིས་ཀྱི་རྩོམ་སྒྲིག་གི་ལས་ལ་ཞུགས་པ་སོགས་མཛད་པ་རླབས་ཆེ་ཞིང་བགྲང་གིས་མི་ལང་།
མཛད་འཕྲིན་དེ་དག་གི་ཞོར་དུ་གངས་དཀར་རི་བོ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོའི་འགན་བགྲང་བྱ་ཧྲིལ་པོ་བརྒྱད་དུ་གཉེར་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་རུ་ཞུགས་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་འཚོལ་སློབ་མའི་རྒྱུགས་ལེན་སྐབས་སུ་བོད་ཡིག་གི་སྐར་གྲངས་ཇེ་མཐོར་གཏོང་དགོས་པ་དང་། ངག་རྒྱུགས་ལ་བོད་སྐད་འཇོག་དགོས་ཚུལ་སོགས་ལ་གྲོས་ཡིག་དང་དགོངས་འཆར་བཏོན་པས་ཕན་འབྲས་ད་ལྟའི་དཀར་མཛེས་ཁུལ་གྱི་ལས་འཚོལ་སློབ་མ་བསྡུ་ལེན་སྐབས་ཀྱི་བོད་ཡིག་གི་སྐར་གྲངས་མིག་མཐོང་ལག་ཟིན་དུ་གྱུར་པ་འདི་ག་ལགས་ཤིང་། རང་སྐྱོང་སྲོལ་ཡིག་བཟོ་བཅོས་སྐབས་ཀྱང་དགོངས་འཆར་ལྷུག་སྩོལ་གནང་བས་ཕན་འབྲས་མི་དམན་པ་ཐོབ།
སྔ་གཞུག་ཏུ་རྩོམ་ཆོས་མང་པོ་བརྩམས་ཏེ་རྒྱལ་ཡོངས་ཀྱི་དུས་དེབ་དུ་མའི་སྟེང་དུ་བཀོད་པ་དང་། <<འགྱུར་གྱི་གཞུང་ལམ་ལེགས་པར་བཤད་པ་གསར་བྱུང་རིག་པའི་འདྲེན་བྱེད>>ཅེས་པ་དང་<<བོད་ཀྱི་ཡི་གེའི་བརྡ་དག་ཉུང་བསྡུས་>>སོགས་ཀྱི་དཔེ་ཆ་པོད་འགའ་ཡང་དཔར་དུ་བསྐྲུན་པར་མ་ཟད། དུས་དེབ་སོགས་སུ་བཀོད་པའི་རྩོམ་ཆོས་དག་ཕྱོགས་བསྡུས་ཀྱིས་དཔར་བསྐྲུན་བྱ་རྩིས་ཡོད།
ཁོང་ཉིད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བདུན་པའི་མི་དམངས་རྒྱུན་ལས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་ལྔ་པ་དང་དྲུག་པ་གཉིས་ཀྱི་ཨུ་ཡོན་ཡིན་ལ། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འགྱུར་ཞུས་པ་གཞོན་པ་སོགས་ཀྱི་འགན་བཞེས་མུས་སུ་མཆིས་སོ། །
བཞི་བ་མཐའ་མཇུག་གི་ཐུགས་འདུན་སྐོར།
གུས་པའི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་འཛིན་པའི་ཕྲན་ཆུང་གིས་ཐེངས་འདིའི་གོ་སྐབས་དང་བསྟུན་ནས། དགེ་རྒན་མཆོག་ལ་མ་འོངས་པར་ཅི་ཞིག་གི་ཕྱག་ལས་མཛད་རྩིས་ཡོད་ཅེས་ཞུས་ཚེ། ཁོང་གིས་སྤྱན་མཐར་མཆི་མ་འཁོར་བཞིན་གསུངས་དོན། དགེ་རྒན་མཁྱེན་རབ་འོད་གསལ་དགོངས་པ་མ་རྫོགས་པའི་ཉིན་བདུན་གྱི་སྔོན་ལ་ང་ནད་འདྲི་རུ་ཕྱིན་པ་ཡིན། སྐབས་དེར་ཁོང་གཟིམས་སར་ལྷུང་ཡོད་ནའང་ངའི་ལག་མགོར་དམ་པོར་བཟུང་ནས་ཕ་བཟང་བུ་ཁྱོད་མ་འཆུགས། ད་རུང་བོད་སྐད་ཀྱི་གྲངས་དངོས་རྫས་གསུམ་སློབ་ཁྲིད་བྱེད་ཐུབ་པར་གྱིས། བོད་རིག་གནས་སྐོར་གྱི་ལས་ཀ་ལས་དགོས་ཞེས་སླར་ཡང་སྐུལ་སློང་བྱས། ད་ལྟ་དེ་དག་དྲན་ན་སེམས་སྐྱོ་བ་ཞིག་རེད། ཁོང་གི་གསུངས་གཅིག་ཀྱང་མ་འགྲུབ་པར་དམ་པ་གང་ཉིད་དགོངས་པ་རྫོགས་སོང་བ་ཅི་འདྲའི་ཕངས་བ་ལ་ཨང་ཞེས་གསུང་ཞིང་། མུ་མཐུད་དུ། མ་འོངས་པར་ཟེར་ན་བོད་ཡིག་སློབ་གྲྭའི་བསྟན་པའི་ངོ་བོ་མ་འགྱུར་བར་ཇི་སྲིད་བར་དུ་གནས་ན། རང་གིས་ཀྱང་ཚེ་ལུས་ཀྱིས་ལྕོགས་ཙམ་དེ་སྲིད་དུ་བོད་ཀྱི་སྐད་ཡིག་སློབ་གསོའི་ལས་ཀ་བྱེད་བསམ་བཞིན་ཡོད། ཡོངས་གྲགས་སུ་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ཁྱིམ་པའི་སློབ་གསོ་གསུམ་དུ་དབྱེ་ནའང་། ངས་དེའི་ཁར་དགོན་པའི་སློབ་གསོ་ཞེས་པ་བསྣན་ནས་འབད་བརྩོན་བྱ་རྩིས་ཡོད། ད་དུང་ད་ལྟའི་དུས་འདིར་བོད་ཀྱི་ཆོས་གཞུང་མང་པོ་མི་རིགས་གཞན་པ་དུ་མའི་ཡིག་རིགས་སུ་བསྒྱུར་བཞིན་ཡོད་པ་དེ་དག་གི་ཁྲོད་ན་མ་དག་པ་དང་། བོད་ཀྱི་བརྡ་ཇི་བཞིན་གྱི་དོན་མ་གོ་བས་ལོག་བསྒྱུར་བྱས་པ་མང་པོ་ཡོད་སྟབས། ངས་དེ་དག་ལ་ཞུ་དག་ཅིག་བྱ་རྩིས་ཡོད། ཡིན་ནའང་དེ་ནི་མི་གཅིག་གིས་འཇོན་ནི་ཞིག་མ་རེད། ཅེས་མཁའ་ལྟར་ཡངས་བའི་ཐུགས་དགོངས་ལས་ལྷག་བསམ་གསེར་གྱི་ཉི་གཞོན་རིས་མེད་བོད་ཀྱི་བསྟན་པར་འཕྲོས་པས་འདིར་གུས་སློབ་ཕྲན་གྱིས་དགེ་རྒན་མཆོག་གི་ཐུགས་བཞེད་ཡིད་བཞིན་དུ་འགྲུབ་ཅིང་སྐུ་ཚེ་བསྐལ་བརྒྱར་བརྟན་ཏེ་མཛད་འཕྲིན་དཔལ་གྱི་ལང་ཚོ་བསིལ་ལྗོངས་གངས་རིའི་རྩེ་མོར་རྒྱས་བའི་སྨོན་འདུན་ཞུའོ། །
གླིང་ལྔ་མཚོ་བཞི་བསྐོར་ཏེ་མ་སོང་ཡང་། ། སྔོན་ཐོན་སྐད་རིགས་དུ་མ་ཁོང་དུ་ཆུད། །
དུས་ཀྱི་མར་གཤམ་མུན་པའི་སྨག་རུམ་དུ། ། རིག་པའི་སྒྲོན་མེ་སྤར་མཁན་དགེ་བའི་བཤེས། །
(རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།)