ཡེ་ཤེས་དར་རྒྱས་སམ་ཐུབ་བསྟན་ཕྱོགས་ཀྱི་གླང་པོ་ནི་མདོ་འབྲི་རྫ་ཟལ་མོའི་སྒང་རྒྱུད། གཙང་ཡུལ་མནྡ་ར་བ། སྤང་མི་ཕམ་མགོན་པོ་འཇའ་ལུས་སུ་གྲུབ་པའི་གནས་མཆོག་ཁམས་ཀྱི་ཝ་སེང་བྲག་གི་ཉེ་འགྲམ་དུ་སྤྱི་ལོ༡༩༣༣ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོར། ཡབ་རྒྱུ་ཐ་ཆོས་སྐྱོང་དྲི་མེད་དང་ཡུམ་ཁབ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས་ལྔ་ཡི་ཐོག་ཏུ་ར་ཧོར་རྫོགས་སྤྲུལ་གྱི་མདུན་ལ་ཀ་ཁ་སོགས་ཀློག་གི་སྐར་འཛིན་གྱི་ཉིན་མོར་ར་ཧོར་མདོ་སྤྲུལ་ནས་བྱ་བཏང་བ་འགོ་ཤུལ་མཁན་པོ་ཨ་ཐར་གྱི་ཡང་སྲིད་དུ་ངོས་བཟུང་། དེ་ནས་ཉིད་ཀྱི་ཁུ་བོ་བླ་མ་ཡོངས་གྲགས་དང་ཞང་བོ་བླ་མ་རིག་འཛིན་གཉིས་ཀྱི་མདུན་ནས་འབྲི་ཀློག་སོགས་ལ་སྦྱང་བ་ཚེགས་མེད་དུ་མཁྱེན། དགུང་གྲངས་བཅུའི་ཐོག་ར་ཧོར་དགོན་པའི་ཆོས་གྲྭར་ཞུགས་ནས་མཁན་པདྨ་འགྱུར་མེད། མཁན་དགེ་མཆོག་བཀྲ་དགེ་ཐུབ་བསྟན་སྙན་གྲགས། འབྲས་སྤུངས་དགེ་བཤེས་བྱམས་པ་མཆོག་གྲུབ་སོགས་སྐྱེས་ཆེན་དམ་པ་མང་པོ་བརྟེན་ནས་གསར་རྙིང་རིས་མེད་ཀྱི་རིག་གནས་ཡོངས་རྫོགས་ལ་གསན་སྦྱང་བྱས་ནས་མཁས་པར་གྱུར། སྤྱི་ལོ༡༩༥༩ལོ་དགུང་གྲངས་ཉེར་ལྔར་སོན་སྐབས་དམངས་གཙོ་བཅོས་བསྒྱུར་བྱས། སྤྱི་ལོ་༡༩༦༦ལོ་དུས་ཀྱི་དབང་གིས་ཁྱིམ་ཐབས་བཟུང་། ནོར་ལུག་གི་རྫི་བོའི་ཞོར་དུ་རང་སྟོབས་རིག་པའི་སྒོ་ནས་ས་གདན་ཞིག་འཐགག་པ་དེས་རྐྱེན་བྱས་ཏེ་སྤྱི་ལོ༡༩༧༨ལོར་ཨ་མདོ་རྔ་ཡུལ་དུ་ལག་རྩལ་སྦྱངས་ཤིང་གཙང་སྟོད་ས་གདན་བཟོ་གྲྭ་གསར་དུ་བཙུགས། སྤྱི་ལོ༡༩༨༣ལོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་སོགས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། མཐོ་རིམ་འཆད་ཁྲིད་དགེ་རྒན་མཛད། གཞན་ཡང་བོད་རིག་པ་ཞིབ་འཇུག་ཚོགས་པའི་པ་དང་། ཧོང་ཀོང་བོད་རིག་པ་ཞིབ་འཇུག་ཚོགས་པའི་བློ་འདྲི་ཡུལ། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་སྡུར་ཁང་གི་བློ་འདྲི་ཡུལ་བཅས་མཛད་པས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གི་འཚོགས་ཐེངས་དགུ་བ་དང་བཅུ་བར་གདན་འདྲེན་ཞུས། བྲག་མགོ་རྫོང་ཆབ་སྲིད་གྲོས་མོལ་ཁང་གི་འཚོགས་ཐེངས་དགུ་པ་དང་བཅུ་བར་གདན་འདྲེན་ཞུས། བྲག་མགོ་རྫོང་ཆབ་སྲིད་གྲོས་མོལ་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དང་། རྫོང་ནང་བསྟན་མཐུན་ཚོགས་ཀྱི་བློ་འདྲི་ཡུལ་བཅས་ཀྱི་འགན་བཞེས། སྤྱི་ལོ༢༠༠༤ལོ་སྟེ་དགུང་གྲངས་བདུན་ཅུ་དོན་གཅིག་ཐོག་ལས་འཁྱུར་ངལ་གསོ་བྱས། རྗེ་འདིའི་གསུང་ཆོས་སྐོར་ལ་ཚད་མ་རིག་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་རྣམ་བཞག ར་ཧོར་དགོན་པའི་བྱུང་བ་བརྗོད་པ། འཛམ་གླིང་གི་མི་རིགས་མང་པོ་ཞིག་ནི་བོད་ལས་མཆེད་པ་དང་། འཛམ་གླིང་གི་རིག་གནས་མང་པོ་ཞིག་གི་འབྱུང་ཁུངས་ཡང་བོད་ཀྱི་རིག་གནས་ཡིན་ཞེས་པའི་དཔྱད་བརྗོད། སའི་གོ་ལར་སྐར་མ་དུ་མ་མཇུག་རིང་གིས་བརྒྱབ་ནས་ཆུས་ཁ་སྣོན་བྱས་པ་ཡིན་པའི་དཔྱད་པ་སོགས་པོད་གཉིས་ཙམ་ཡོད། (རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།)