འགྱུར་མེད་ཚེ་དབང་།

ཡེ་ཤེས་མགོན་པོ།        2010-12-31

འགྱུར་མེད་ཚེ་དབང་།           
  འགྱུར་མེད་ཚེ་དབང་མཆོག་ནི༡༩༦༣ལོའི་འབྲས་ལྡན་དུས་སུ་དཀར་མཛེས་རྫོང་རོང་པ་ཚའི་དོལ་འདབ་གྲོང་སྡེར་སྐྱེས། ལོ་ན་བདུན་ལ་སོན་སྐབས་སུ་ཨ་ཕའི་མདུན་ནས་བོད་ཡིག་སྦྱོར་ཀློག་སོགས་ཡོན་ཏན་སྦྱོང་བའི་འགོ་ཚུགས། ཁོ་ནི་ཆུང་དུས་བློ་རིག་པ་གསལ་ལ་སྤྱང་དྲུང་ལྡན་པ་ཞིག་ཡིན་པས། ལོ་ན་བཅུ་ལ་སོན་སྐབས་རོང་ཚ་དམངས་གཉེར་སློབ་ཆུང་དུ་ཞུགས་ནས་རྒྱ་ཡིག་དང་རྩིས་རིག་སོགས་སློབ་གཉེར་བྱས། ༡༩༧༨ལོའི་སྟོན་ཁར་དཀར་མཛེས་རྫོང་རོང་པ་ཚའི་དམའ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད། ༡༩༨༡ལོར་སྟོན་ཁར་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྡེ་དགེ་རྫོགས་ཆེན་དུ་བོད་ཡིག་སློབ་གྲྭ་ཐོག་མར་བཙུགས་སྐབས་སྤྱི་ཚོགས་ཡོངས་སུ་སློབ་མ་བསྡུ་ལེན་བྱེད་སྐབས་འགྱུར་མེད་ཚེ་དབང་མཆོག་གི་ཕུལ་བྱུང་གི་སྦྱངས་འབྲས་ཐོགས་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་དེ་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐབས་དང་པོའི་སློབ་མར་གྱུར། །

           ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་རྗེས་གོ་སྐབས་དམ་བྱས་ནས་བོད་ཀྱི་མཁས་དབང་རྣམས་ཀྱི་སྐུ་མདུན་ནས་སྒྲ་དང་ཚད་མ། ནང་དོན་རིག་པ། སྙན་ངག  ལོ་རྒྱུས་བཅས་གཙོ་གནད་དུ་བཟུང་ཏེ་སློབ་གཉེར་བྱས། སློབ་གྲྭ་ལས་སློབ་མཐར་མ་ཕྱིན་གོང་འགྱུར་མེད་ཚེ་དབང་མཆོག་ལ་སློབ་གྲྭའི་གོང་རིམ་འགོ་ཁྲིད་དག་གིས་དམིགས་སུ་བཀར་ནས་དགེ་རྒན་གྱི་ལས་འགན་ཁུར་དུ་བཅུག   དེ་ནས་རིམ་བཞིན་དགེ་རྒན་གྱི་ལས་གནས་ཐོག་བསྐྱོད་ནས་སློབ་མ་གསོ་སྐྱོང་གི་བདུད་རྩི་སྦྱིན་པའི་ལས་ལ་ཞུགས།
༡༩༨༦ལོའི་ཟླ་བ༧པའི་ནས་འགྱུར་མེད་ཚེ་དབང་མཆོག་ལ་གཡུར་ཟའི་སྦྱངས་འབྲས་ཐོབ་སྟེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སློབ་གྲྭ་རང་མལ་ནས་དགེ་རྒན་གྱི་ཕྱག་ལས་གཉེར་ནས་ད་བར་སློབ་མ་སྟོང་ལ་ཟིན་པ་ཞིག་གསོ་སྐྱོང་བྱས་ཤིང་།ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོའི་ལག་རོགས་པ་དང་སློབ་དཔོན་ཆེན་མོ་བཅས་ཀྱི་འགན་བཞེས་བཞིན་ཡོད།
འགྱུར་མེད་ཚེ་དབང་མཆོག་གིས་སློབ་གྲྭའི་དགེ་རྒན་གྱི་ལས་འགན་ལེགས་སུ་འགྲུབ་པ་པར་ཕུད་ཁར། ད་དུང་བོད་ལྗོངས་དང་། མཚོ་སྔོན། དཀར་མཛེས་ཁུལ་གྱི་དགོན་པ་ཁག་ཅིག་ནས་ཁོའི་རྩར་བོད་ཀྱི་རིག་གནས་སློབ་གཉེར་བྱེད་དུ་འོང་མཁན་རྣམས་ལ་སློབ་ཡོན་མི་དགོས་པར་ཁོ་ཚོའི་རེ་བ་བསྐང་། དེ་དང་ཆབས་ཅིག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ལྷན་ཚོགས་བཅས་ཀྱི་གདན་ཞུས་ལྟར་བོད་ཀྱི་ཤེས་རིག་སྐོར་ལ་བགྲོ་གླེང་ཐེངས་མང་པོར་བྱས་ཤིང་། ཁོའི་གནས་ལུགས་ཀྱི་དོན་སྙིང་ཟབ་ལ་མིག་རྒྱང་རིང་བའི་ལྟ་ཚུལ་ལ་དང་། ཡོན་ཏན་གྱི་ཤེས་རྒྱ་ཆེ་བའི་སྙིང་སྟོབས་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་པ་དག་གིས་གདེང་འཇོག་མཐོན་པོ་ཐོབ་ཡོད། དེ་ནས་རིམ་གྱིས་ཡོ་རོབ་དང་འཇར་མན། ཕ་རན་སི། ཨི་ཊ་ལོ་སོགས་རྒྱལ་ཁབ་བདུན་གྱིས་གདན་ཞུས་ལྟར་དེང་རབས་ལག་རྩལ་སློབ་གསོའི་ལྟ་ཞིབ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དངོས་ཡོད་རིན་ཐང་དང་དུས་རབས་གསར་བའི་སྐབས་སུ་དུས་བསྟུན་མདུན་སྐྱོད་ཀྱིས་བོད་ཀྱི་ཤེས་རིག་འཕེལ་རྒྱས་གཏོང་སྟངས་སྐོར་བགྲོ་གླེང་བྱས་ནས་བོད་ཀྱི་རིག་གནས་དང་ལྷག་པར་དུ་ཁམས་པའི་རིག་གནས་འཛམ་གླིང་དུ་ངོ་སྤྲོད་བྱས་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད། སྔ་ཞུགས་སུ་བོད་ཀྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་དུ་རྩོམ་ཆོས་དུ་མ་སྤེལ་ཞིང་། དཔྱད་རྩོམ་ཕྱོགས་བསྒྲིགས་ཤེས་རིག་གི་སྤྱི་རྣམ་ཚངས་པའི་དྲང་ཐིག་ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
  • ལེ་ཚན་སྔོན་མ།:མི་རྗེ་བཀྲ་ཤིས་ཚེ་རིང་། ནམ་ཡང་མི་ནུབ་པའི་སེམས་ཁོང་གི་ཉི་མ།
  • ལེ་ཚན་རྗེས་མ།:དཔལ་བསྡུས། བོད་རིག་པའི་གཤིན་ས་ཁྲོད་ཀྱི་སྨྱུག་གསར།
  • དོ་སྣང་ཆེ་བའི་རྩོམ།