གེ་སར་ཞིབ་འཇུག་གི་སྣེ་ཁྲིད་པ་ཞི་ཆུང་།

ཡེ་ཤེས་མགོན་པོ།        2010-12-29

གེ་སར་ཞིབ་འཇུག་གི་སྣེ་ཁྲིད་པ་ཞི་ཆུང་།
ཞི་ཆུང་ནི་༡༩༥༠ལོའི་དབྱར་ཟླ་འབྲིང་པོར་གསེར་ཐར་རྫོང་སྙི་སྟོད་ཤང་དུ་སྐྱེས། དེའི་སྐབས་སུ་བཅིངས་འགྲོལ་བཏང་མ་ཐག་ཡིན་པས་འཚོ་བ་སོགས་གང་ཅིའི་ཐད་ལ་དཀའ་ངལ་ཆེན་པོ་ཡོད་མོད། སྤྱི་ཚོགས་རྙིང་པའི་སྐབས་སུ་ཡི་གེ་ཀ་རྡོག་ཡང་མི་ཤེས་པའི་ཕ་རྒན་གྱིས་དཀའ་བ་དུ་མར་བརྒྱུད་མྱོང་བའི་རྐྱེན་གྱིས་སེམས་སུ་རང་གི་བུ་རྒྱུད་སློབ་གྲྭར་སྐྱེལ་རྒྱུ་ནི་ཁོང་ཉིད་ཀྱི་འདུན་པ་ཉག་གཅིག་ཡིན་པས། ༡༩༦༢ལོའི་ཟླ་བ༩པའི་ཉིན་ཞིག་ལ་ཞི་ཆུང་རང་ཉིད་གྲོང་སྡེའི་དམངས་གཉེར་སློབ་གྲྭར་འཇུག་པའི་གོ་སྐབས་རྙེད་ནས་བོད་རྒྱ་སྐད་ཡིག་དང། རྩིས་རིག་སོགས་ལ་སློབ་གཉེར་བྱས། དེའི་སྐབས་སུ་ཁྱིམ་དུ་ངལ་རྩོལ་མི་ལག་མེད་པས་སློབ་གྲྭ་གྲོལ་རྗེས་ཞི་ཆུང་གིས་ད་དུང་ཕྱུགས་རྫི་དང་ཁྱིམ་ལས་ཙག་ཙིག་བྱེད་པ་བཅས་ནི་ཁོའི་ལས་འགན་དུ་གྱུར། ནམ་རྒྱུན་ཞི་ཆུང་གིས་ཁྱིམ་ལས་ཚར་ནས་མཚན་མོར་སླེབས་དུས་ས་སྣུམ་སྒྲོན་མེར་བརྟེན་ཏེ་ཉིན་མོར་དགེ་རྒན་གྱིས་བསྩལ་བའི་ནང་དོན་ཡོངས་རྫོགས་བསྐྱར་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་མཐར། སྦྱངས་འབྲས་ཀྱང་ཕུན་སུམ་ཚོགས་པོར་ཐོབ་ནས་དགེ་སློབ་ཡོངས་ཀྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར། །༡༩༦༦ལོར་རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེ་ཆེན་མོའི་དུག་རྒྱུན་གྱིས་སྦག་བཙོག་ཐེབས་ནས་སློབ་གྲྭའི་སློབ་གཉེར་ཡང་ཉམ་དམས་སུ་གྱུར་ཏེ་ཞི་ཆུང་གིས་སློབ་མཚམས་མི་བཞག་ཀ་མེད་ལ་ཐུག  
༡༩༧༡ལོར་ཁོང་ཉིད་དམར་དམག་ཏུ་ཞུགས་ནས་ཕུགས་འདུན་གྱི་གོམ་ཁ་དང་པོ་བསྒྱུར། ཞི་ཆུང་གིས་དམག་དཔུང་དུ་སྦྱོང་བརྡར་བྱེད་པའི་སྐབས་སུ་རྒྱ་ཡིག་གི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཚན་མཐའ་དག་རང་སྦྱོང་བྱས་པས་མ་ཚད། ཁོས་བྲིས་པའི་ལྷུག་རྩོམ་ཁག་གཅིག་ལ་ཕུལ་བྱུང་རྩོམ་ཡིག་གི་བྱ་དགའ་ཐོབ། ༡༩༧༦ལོར་ཞི་ཆུང་དམག་ཁོངས་ནས་ཕྱིར་ལོག་སྟེ་ཁོང་རང་གི་ཕ་ཡུལ་གསེར་རྟ་རྫོང་སྦྲག་སྲིད་ཁང་དུ་ལས་བགོས་བྱས། དེ་ནས་ཡུན་རིང་མ་འགོར་བར་གོམ་རིམ་གྱི་ལས་ཀའི་དགོས་མཁོ་ལ་གཞིགས་ཏེ། ཞི་ཆུང་ལ་སྔོན་རྗེས་སུ་ཤང་དང་རྫོང་རིམ་པའི་ལས་ཁུངས་སུ་ལས་གནས་སྤོ་རུ་བཅུག  དེའི་སྐབས་སུ་ཞི་ཆུང་གི་སེམས་སུ་ཚད་ལྡན་གྱི་མི་རིགས་ལས་བྱེད་པ་ཞིག་དགོས་ན། རྒྱ་ཡིག་ཐད་ལ་འཇོན་ནུས་ཡོད་དགོས་ལ། བོད་ཡིག་ཀྱང་ངེས་པར་དུ་ཤེས་དགོས་སྙམ་ནས་ཁོས་གཞི་ནས་བོད་སྐད་ཡིག་ལ་སླར་ཡང་སློབ་གཉེར་བྱེད་རྒྱུའི་ཆོད་སེམས་བཅངས།
ཉིན་ཞིག་ཞི་ཆུང་གྲོགས་པོའི་ཁྱིམ་ལ་མགྲོན་དུ་ཆས་སྐབས་སུ། གློ་བུར་དུ་སྒྲ་བསྡུ་འཕྲུལ་ཆས་ནས་མཁས་དབང་དམུ་དགེ་བསམ་གཏན་གྱིས་སུམ་རྟགས་སློབ་ཁྲིད་གནང་བའི་སྐད་གསང་ཐོས། གྲོགས་པོས་ཁོ་ལ་གནས་ཚུལ་དེའི་བརྒྱུད་རིམ་ལྷུག་བཤད་བྱས་མཐར། ཞི་ཆུང་གི་སེམས་སུ་ནོར་བུ་དགོས་འདོད་ཀུན་འབྱུང་རྙེད་པའི་སྣང་བ་ཞིག་སྐྱེས་བྱུང་། ཕྱི་ཉིན་རྫོང་ཚོང་གཉེར་ཁང་དུ་ཕྱིན་དུ་སྒོར༦༣སྟེར་ནས་སྒྲ་བསྡུ་འཕྲུལ་ཆས་ཤིག་ཉོས་ཏེ་དེ་ལས་བོད་ཀྱི་མཁས་དབང་དག་གི་འཆད་ཁྲིད་ལ་བསྟུད་མར་ལོ་དྲུག་གི་རིང་ལ་སློབ་གཉེར་བྱས་མཐར་བོད་ཡིག་གི་ཆུ་ཚད་མཐོར་འདེགས་བྱུང་ནས་ཕྱིན་ཆད་ཁོས་གེ་སར་སྐོར་ཞིབ་འཇུག་བྱས་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་རེད།
  དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བཟུང་ཞི་ཆུང་གིས་དམངས་ཁྲོད་དུ་ཉར་ཚགས་བྱས་ཡོད་པའི་གེ་སར་སྒྲུང་ཡིག་དང་དེ་བཞིན་དུ་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླིང་སྒྲུང་སྐོར་གྱི་ངག་རྒྱུན་འཚོལ་བསྡུ་ལེགས་སྒྲིག་དང་། དེང་སང་འཚོ་གནས་བྱས་ཡོད་པའི་སྒྲུང་པ་དང་། དམངས་ཁྲོད་ཀྱི་རིག་གནས་མཁས་ཅན། མཁྱེན་ལྡན་རྒན་རབས་པ་ཇི་རྙེད་པར་བཅར་འདྲི་བྱས་ནས་གེ་སར་རྒྱལ་པོའི་ཞབས་བཅགས་མྱོང་བའི་ས་མིང་ལོ་རྒྱུས། ཡིག་ཐོག་བཀོད་མེད་པའི་ངག་རྒྱུན་དུ་མ་འཚོལ་བསྡུ་བྱས་ནས་གེ་སར་ཞབས་རྗེས་འཚོལ་རྙེད་བྱས་པར་དུས་ནམ་ཡང་སྟ་གོན་བྱས་པའི་སེམས་པ་བཅངས།
དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླིང་སྒྲུང་སྐོར་གྱི་ངག་རྒྱུན་དང་ས་མིང་ལོ་རྒྱུས་སོགས་འཕྱུག་པ་མེད་པས་ཞིག་ཡིག་ཐོག་ལ་འགོད་ཐུབ་པའི་ཆེད་དུ། དུས་ཚོད་ལོ༢༠ལྷག་གི་རིང་ལ་ཞི་ཆུང་གིས་ལས་ཞོར་དུས་ཚོད་བཀོལ་ནས་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན་བཅས་སུ་ཕྱིན་ནས་གནས་ཡུལ་དངོས་སུ་བཅར་འདྲི་དང་། གེ་སར་གྱི་ཞབས་རྗེས་འཚོལ་སྙེགས་བྱས་མཐར། རང་རྒྱལ་བོད་རིགས་ཀྱི་ལོ་རྒྱུས་དང་། རྩོམ་རིག  སྒྱུ་རྩལ། ཆོས་ལུགས། གཞན་ཡང་གྲལ་རིམ་ཁག་གི་འབྲེལ་བ། མི་རིགས་ཀྱི་བར་གྱི་འགྲོ་འོང་། ཡུལ་སྲོལ་གོམས་གཤིས་སོགས་ཁྱབ་པའི་ཁོར་ཡུག་སོ་སོ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་ཐོ་འགོད་བྱས་ཏེ་གེ་སར་ཞིབ་འཇུག་ལས་ཁུངས་གཏུག་སའི་དཔྱད་གཞི་ཡིག་རིགས་མང་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་མ་ཚད། ད་དུང་ཀྲུང་གོའི་བོད་རིག་པ་དང་། གངས་ལྗོངས་རིག་གནས། བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་བཅུ་ལྷག་གི་ཐོག་གླིང་སྒྲུང་སྐོར་གྱི་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་མྱོང་པས། ༡༩༩༦ལོར་རྒྱལ་ཁབ་རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཞི་ཆུང་ལ་གེ་སར་ཞིབ་འཇུག་གི་སྔོན་ཐོན་མི་སྣའི་མཚན་སྙན་གནང་བ་རེད།
 

  • ལེ་ཚན་སྔོན་མ།:སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་།
  • ལེ་ཚན་རྗེས་མ།:མི་རྗེ་བཀྲ་ཤིས་ཚེ་རིང་། ནམ་ཡང་མི་ནུབ་པའི་སེམས་ཁོང་གི་ཉི་མ།
  • དོ་སྣང་ཆེ་བའི་རྩོམ།