དགེ་རྒན་ཆེན་མོ་མུ་པོ།

ཡེ་ཤེས་མགོན་པོས།        2010-09-01

དགེ་རྒན་ཆེན་མོ་མུ་པོ།
མུ་པོ་ལགས་ཀྱིས་ལོ༢༠ལྷག་གི་རིང་ལ་སློབ་གསོའི་བྱ་བཞག་ལ་སེམས་ཤུགས་ཡོད་ཚད་བསྒྲིམས་ནས་ཚད་ལྡན་གྱི་སློབ་གྲྭ་ཆེན་མོ་བའི་སློབ་མ་སྟོང་ཉེ་བ་ཞིག་གསོ་སྐྱོང་བྱས་ཏེ་བོད་མི་རིགས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་བྱས་རྗེས་བླ་ན་མེད་པར་བཞག་ཡོད།  ས་གཞི་ཡངས་པོར་དཔྱིད་དཔལ་རབ་ཏུ་རྒྱས་ནས་རྩི་ཤིང་སྣ་ཚོགས་ལ་གསོན་ཤུགས་བསྣན་པའི་སྐབས་ཀྱི་སྤྱི་ཟླ༣པའི་ཚེས༢༤ཉིན་སྨྱུག་འཛིན་པས་ཁམས་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་མུ་པོ་ལ་ཆེད་དུ་བཅར་འདྲི་ཞུ་སར་ཆས་པ་ཡིན།སྨྱུག་འཛིན་པ་དེར་ཐོན་དུས་དགེ་མུ་པོས་སློབ་ཁྲིད་དོ་དམ་སྐོར་གྱི་འཆར་འགོད་འབྲི་བཞིན་པའི་སྒང་རེད།ངས་དེར་འོངས་པའི་རྒྱུ་རྐྱེན་བཤད་རྗེས་དགེ་མུ་པོས་ལག་ནང་གི་ལས་ཀ་གནས་སྐབས་ཙམ་ཟུར་དུ་བཞག་ནས་སྨྱུག་འཛིན་པས་བཅར་འདྲི་ཞུ་བ་དང་ལེན་གནང་སོང་།
  ཕྱུགས་རྫི་བྱེད་ཞོར་རང་བློའི་རྨོངས་པ་བསལ།གོམ་སྟབས་རིམ་བཞིན་ལྔ་རིག་སློབ་གྲྭར་བསྒྱུར།  ༡༩༦༥ལོའི་ཟླ་བ༥པར་མུ་པོ་ཉིད་གསེར་ཐར་རྫོང་གསེར་པ་ཆུས་ཀྱི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས།ལོ་བཅུ་ཙམ་ལ་སོན་སྐབས་ཁོ་ཕྱུགས་རྫི་བྱེད་ཞོར་དུ་རང་ཉིད་གྲོང་ཚོའི་བོད་ཡིག་ཤེས་མཁན་ཞིག་དགེ་རྒན་ལ་བསྟེན་ནས་བོད་ཡིག་ལ་སྦྱོང་གཉེར་བྱས།དེའི་སྐབས་སུ་ཁོང་གིས་དུས་རྟག་པར་ཉིན་མོར་བོད་ཡིག་གི་དག་ཆ་སོགས་ལ་སྦྱོང་བ་དང་།མཚན་མོར་ས་སྣུམ་སྒྲོན་མེའི་འོད་ལ་བརྟེན་ནས་ཉིན་དཀར་སྦྱོངས་པའི་དག་ཡིག་བཅས་བསྐྱར་སྦྱོང་བྱས་པར་མ་ཟད།བྱིས་པ་དག་ཡིག སུམ་རྟགས་རྩ་བ་སོགས་བློ་ལ་བརྟན་པོ་བཟུང་།ལོ་གསུམ་ཙམ་འདས་རྗེས་བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་བཏིང་མཐར།གསེར་ཐར་རྫོང་རིག་སློབ་ཅུས་ཀྱིས་ཁོ་ཉིད་གྲོང་སྡེ་སློབ་ཆུང་ཞིག་གི་དམངས་གཉེར་དགེ་རྒན་ལ་བསྐོ་བཞག་བྱས།དུས་དེ་ནས་བཟུང་ཁོ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་བས་མང་པོ་རྙེད་པར་གཅེས་འཛིན་བྱས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པར་བརྩོན་པ་དྲག་པོ་བྱས་པ་དང་ཆབས་ཅིག བོད་ཀྱི་ལོ་རྒྱུས་རིག་གཞུང་དང་གཏམ་རྒྱུད།འབེལ་གཏམ་སོགས་ཐེངས་མང་བཀླགས་ནས་ནང་དོན་མི་གོ་བ་དག་འབྲི་དེབ་ཐོག་ལ་བཀོད་ནས་དགེ་རྒན་དང་ཤེས་ལྡན་པ་རྣམས་ལ་བཀའ་སློབ་ཞུས་པར་བརྒྱུད།བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་བཏིང་ནས་ཁོ་རང་གི་འབྱུང་འགྱུར་གྱི་མདུན་ལམ་ལ་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་པ་རེད། གློ་བུར་དུ་བྱུང་བའི་གོ་སྐབས་ཤིག་ལ།མུ་པོས་རྫོང་ཐོག་ལ་སློབ་གྲྭའི་བྱ་བ་སྒྲུབ་གཉེར་བྱེད་དུ་ཕྱིན་པའི་སྐབས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སློབ་མ་བསྡུ་རྒྱུའི་གཏམ་བཟང་དེ་ཁོའི་རྣ་ལམ་དུ་ཐོས་འཕྲལ་ཁྱིམ་དུ་ལོག་ནས་ཞང་པོར་གནས་ཚུལ་དེ་བཤད་མཐར།ཞང་པོས་ཁོའི་རེ་འདུན་ལ་རྒྱབ་སྐྱོར་བྱས་ནས༡༩༨༡ལོའི་འབྲས་ལྡན་དུས་སུ་ཕ་ཡུལ་དང་བྲལ་སྟེ་སྡེ་དགེ་རྫོགས་ཆེན་ལ་གནས་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་སྤྲད་དུ་ཕྱིན།སློབ་གྲྭས་ཀྱང་འབྲེལ་ཡོད་འགྲོ་ལུགས་ལྟར་རྒྱུགས་ལེན་པར་བརྒྱུད་མུ་པོ་ཡང་སློབ་གྲྭ་དེའི་ཚོ་དང་པོའི་སློབ་མར་གྱུར།
  དཀའ་བ་ཁྱད་དུ་བསད་ནས་བློ་རིག་བསྒྲིམས།།སྦྱངས་འབྲས་གཡུར་དུ་ཟ་བའི་འབྲས་བུ་སྨིན།།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་ཆགས་སའི་སྡེ་དགེ་རྫོགས་ཆེན་ལ་ཐོན་པ་ཉིན་ནས་བཟུང་།མུ་པོས་རིག་པའི་གནས་བཅུ་ལ་མཁྱེན་པ་ཡངས་པའི་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་བརྩོན་པ་དྲག་པོ་བྱས།དུས་དེར་རྫོགས་ཆེན་གྱི་འཚོ་བ་དང་འགྲིམ་འགྲུལ་ཆ་རྐྱེན་དེང་སང་དང་བསྡུར་ན་ཧ་ཅང་ཞན་པོ་ཡིན་རུང་།མུ་པོས་འཁྱག་པའི་གྲང་ངར་དང་འཚོ་བའི་ཆ་རྐྱེན་ཞན་པའི་དཀའ་ངལ་ལ་མི་འཛེམ་ནས་དགེ་རྒན་གྱིས་སྩོལ་བའི་ཤེས་བྱ་རིག་གནས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བརྩོན་པ་བྱས་མཐར།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུས་ཡུན་ལོ་བཞིའི་རིང་ལ་སློབ་གཉེར་བྱས་པའི་སྐབས་སུ་སྔོན་རྗེས་སུ་ཁོས་《མཁས་འཇུག་བསྡོམས་བྱས》དང་།《མངོན་པའི་རྩ་བ》།《ཚད་མེད་རིག་གཏེར་གྱི་རྩ་བ》།《དབུ་མའི་རྩ་བ》དང་《ཕར་ཕྱིན་རྩ་བ》།《སྙན་ངག་མེ་ལོང་མ》སོགས་ཐུན་མོང་དང་ཐུན་མིན་རིག་གནས་བཅས་བློ་ལ་བརྟན་པོ་བཟུང་བས་མ་ཚད།དེའི་ཉམས་མྱོང་ཕུན་སུམ་ཚོགས་པ་བྱས་ཏེ་བོད་ཡིག་སློབ་གྲྭའི་ཕུལ་དུ་བྱུང་བའི་སློབ་མའི་གྲས་སུ་གྱུར་པར་བརྟེན།འཇོན་ནུས་ཅན་ལ་བགྲོད་སའི་མདུན་ལམ་ཆེ་ཞེས་པའི་དཔེར་ལྟར།༡༩༨༦ལོའི་ཟླ་བ་༧པའི་ནང་མུ་པོ་ཉིད་ཁམས་པའི་སློབ་གླིང་དུ་ལས་བགོས་བྱས་ནས་སློབ་གྲྭ་ཆེན་པོའི་བཤད་སྟེགས་སུ་འཛེགས་འགོ་ཚུགས།
  འགན་འཁྲི་སྒྲུབ་ཞོར་བྱང་ཚད་སྐྱོང་བའི་སླད།རྒྱ་བོད་ཡིག་རིགས་ཀུན་ལ་སྦྱངས་པ་མཛད།  དེའི་སྐབས་ཀྱི་གནས་ཚུལ་ལ་གཞིགས་ན།བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་དག་གི་རྒྱ་ཡིག་ཆུ་ཚད་བལྟོས་བཅས་ཀྱིས་ཞན་པོ་ཡིན་གྱིན་རེད།དེའི་སྐབས་སུ་མུ་པོའི་སེམས་སུ་སློབ་གྲྭ་ཆེན་པོའི་དགེ་རྒན་ཞིག་ཡིན་ཕྱིར།བོད་ཡིག་རྐྱང་པ་ཤེས་པ་ཙམ་གྱིས་མི་འགྲིག་པས་རྒྱ་ཡིག་གི་ཆུ་ཚད་ཀྱང་ངེས་ཅན་ཞིག་ཡོད་དགོས་པའི་ངོས་འཛིན་གསལ་པོ་ཆགས། དེར་བརྟེན་མུ་པོས་བོད་ཡིག་གི་སློབ་ཁྲིད་བྱེད་ཞོར་དུ་རྒྱ་ཡིག་ལ་སློབ་གཉེར་བྱེད་འགོ་བརྩམས།ཁམས་པའི་སློབ་གླིང་གི་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཞིག་རྒྱ་ཡིག་དགེ་རྒན་ལ་བསྟེན་ནས་སློབ་ཆུང་དུས་རིམ་ནས་སློབ་འབྲིང་དུས་རིམ་བར་གྱི་སློབ་ཚན་ནང་དོན་ཚང་མར་སློབ་གཉེར་བྱས།དེས་མ་ཚད།ད་དུང་རྒྱ་ཡིག་རང་སྦྱོང་བྱེད་པར་སྟབས་བདེ་བའི་ཆེད་དུ་དང་ཐོག་ཁོས་རྒྱ་ཡིག་གི་སྦྱོར་ཀློག་(拼音)ལ་དཔྱིས་ཕྱིན་པར་སྦྱངས།དུས་རྟག་པར་ལས་མཚམས་འཇོག་རྗེས་རང་གི་ཁྱིམ་དུ་སོང་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་གསུང་རྩོམ་མང་པོར་སྦྱང་ཀློག་བྱས་མཐར།  ཁོའི་རྒྱ་ཡིག་གི་སྦྱངས་འབྲས་ལ་ཉིན་རེ་བཞིན་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་༡༩༩༢ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོའི་བོད་ཀྱི་སྐད་ཡིག་རིག་པའི་རབ་འབྱམས་པའི་སློབ་མར་རྒྱུགས་འཕྲོད་དེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གསོ་སྐྱོང་བྱས་པའི་སློབ་མའི་གྲས་སུ་རབ་འབྱམས་པའི་སློབ་མ་ཨང་དང་པོར་གྱུར། དེའི་སྐབས་སུ་ཁོས་སྦྱངས་བྱ་གཙོ་བོ་ནི་དབྱིན་ཇིའི་ཡི་གེ་དང་།མཚན་ཉིད་རིག་པ།རྒྱ་བོད་སྐད་ཡིག་རིག་པ་བཅས་ཡིན་ཞིང་།ཁོས་སློབ་སྦྱོང་བྱེད་ཞོར་དུ་སྤྱི་ཚོགས་ཀྱི་ལས་ཡུལ་དངོས་སུ་ཟབ་འཇུག་བྱས་ཏེ་དེང་གི་སློབ་གསོ་འཕེལ་ཕྱོགས་དང་དེའི་ཐད་གནས་པའི་གནད་དོན་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་པར་བརྟེན།སྔོན་རྗེས་སུ་དཔྱད་རྩོམ་བཅུ་ལྷག་བྲིས་ནས་ཞིང་ཆེན་རིམ་པ་ཡན་ཆད་ཀྱི་འབྲེལ་ཡོད་དུས་དེབ་ཐོག་འགྲེམ་སྤེལ་བྱས་མྱངས།དེའི་སྐབས་སུ་ཁོས་བྲིས་པའི་དཔྱད་རྩོམ་ཁག་གཅིག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེར་སྟོན་དཔྱད་རྩོམ་ལ་གྱུར།དེ་ཕུད་ཁ་ཁོས་རྩོམ་སྒྲིག་བྱས་པའི་《དཔལ་ཡུལ་དགོན་པའི་ལོ་རྒྱུས་དང་ད་ཡོད་གནས་ཚུལ》དང་།《ལམ་འདྲེན་བླ་མ་བརྒྱད་པའི་རྣམ་ཐར》།《མཐོ་རིམ་སློབ་འབྲིང་གི་རྨང་གཞིའི་བརྡ་སྤྲོད》བཅས་དེབ་བཅུ་ལྷག་ཙམ་དེ་ཁག་དབྱེ་ནས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་པར་སྐྲུན་བྱས་པར་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པས་རྒྱལ་ནང་གི་འབྲེལ་ཡོད་ཆེད་རམས་པ་ཚོས་གདེང་འཇོག་མཐོན་པོར་ཐོབ ……།
 

  • ལེ་ཚན་སྔོན་མ།:མཁས་དབང་ནམ་མཁའི་ནོར་བུ།
  • ལེ་ཚན་རྗེས་མ།:ཀརྨ་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།