སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།(5)

བཀྲ་ཤིས་ཀྱིས།        2011-10-31


    གལ་སྲིད་གླུ་མ་ལེན་ན་ངས་ཅི་ཞིག་བསྒྲུབ་དགོས་པ་དང་གང་ཞིག་སྒྲུབ་ཐུབ་པའང་མི་ཤེས།གླུ་གཞས་མེད་པ་ཡིན་ན་ངའི་མི་ཚེའང་སྟོང་ཟད་དུ་འགྱུར་ཐག་ཆོད་རེད།རོལ་མོ་དང་གླུ་དབྱངས་ཀྱིས་ངའི་འཚོ་བ་ལ་འོད་མདངས་འཕྲོས་ཏེ་བཀྲ་མདངས་ལྡན་པར་གྱུར་བས་ངས་ནམ་ཡང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ཤུལ་རྫས་སྣ་མང་བཞག་པའི་མེས་པོ་རྣམས་རྗེས་སུ་དྲན་པ་དང་རང་ལ་ཐུགས་ཁུར་གྱི་སྤྱན་དཀྱུས་གཡོ་བའི་སློབ་དཔོན་དང་གྲོགས་པོ།གྲོགས་མོ་དག་ལ་ཤ་གསེང་སྙིང་ཁོང་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་པ་ནི་ཁོང་གིས་ཕྱི་ནང་གི་གསར་འགོད་པ་དང་བཅས་པའི་མི་རྣམས་ལ་བཤད་མང་ལ་བརྗོད་འདོད་པའི་སྐད་ཆ་ རེད།
     གོང་དུ་ཞུས་པ་ལྟར་མདོ་དབུས་ཁམས་གསུམ་དུ་གླུ་མ་དབྱངས་ཅན་ལྷ་མོ་ཞེས་ན་མི་གོ་མཁན་ཧ་ལམ་མེད་ལ་ལྷ་མོ་དབྱངས་ཅན་མའི་ངག་གི་དངོས་གྲུབ་ཐོབ་པ་ལྟ་བུའི་སྙན་འཇེབས་ཀྱི་གླུ་གཞས་ནི་ཀུན་གྱི་ཡིད་ཀྱི་གསོས་སུ་གྱུར་ཡོད།མཚམས་འདིར་སླེབས་དུས་ཁོ་མོའི་རྣ་དབང་འཕྲོག་ལ་ཡིད་སེམས་འགུག་པའི་སྙན་ཞིང་འཇེབས་པའི་གླུ་དབྱངས་དེ་སླར་ཡང་ཇ་དར་རྩེ་མདོའི་སྲང་ལམ་ནས་གྲག་ཡོང་པས་ངའི་ཡིད་དབང་དང་རྣ་དབང་ཡང་དེའི་ཕྱོགས་སུ་འཁོར་ཏེ་སླར་བསྐོར་མི་ཐུབ་པས་ད་ནས་བསྟོད་སྨད་དང་ཡིན་མིན་གྱི་ལབ་བརྡོལ་མི་འབྱིན་པར་རེ་ཞིག་མཚམས་བཞག་སྟེ་སེམས་རྣལ་དུ་ཕབ་ནས་དབྱངས་ཅན་ལྷ་མོའི་གླུ་དབྱངས་ལ་རོལ་མྱོང་བྱེད་བཞིན་དུ་སྔོན་ལས་བླ་ན་འབར་ཞིང་ཁྱད་དུ་འཕགས་པའི་ཉི་ཟླ་ལྟ་བུ།མེ་ཏོག་ནང་བཞིན།གཙང་ཆུ་ནང་ལྟར་གྱི་གླུ་གཞས་ལ་རེ་སྒུག་བྱའོ།།།།
 

  • ལེ་ཚན་སྔོན་མ།:ཡེ་ཤེས་རྒྱ་མཚོ།
  • ལེ་ཚན་རྗེས་མ།: བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྨོན་ལམ་རྡོ་རྗེའི་སྒྱུ་རྩལ་གྱི་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།