བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྨོན་ལམ་རྡོ་རྗེའི་སྒྱུ་རྩལ་གྱི་ལམ་བུ།

བཀྲ་ཤིས།        2011-12-29

 ཆབ་མདོ་ཆུ་གཉིས་བར་ནས་ཁམས་པའི་རིག་གནས་ཀྱིས་ལུས་སེམས་གསོ།
     གླུ་དབྱངས་སྒྱུ་རྩལ་ཐོག་ནས་རིགས་ཀྱི་བདེ་སྡུག་དབྱངས་ཀྱིས་འགུག།
         མེ་ཏོག་དང་རྩྭ་ལྡུམ་ལྷན་དུ་སྐྱེས་པའི་གླུ་དབྱངས་སྒྱུ་རྩལ་གྱི་སྐྱེད་མོས་ཚལ་དུ་དུས་ནམ་ཡང་མཚར་སྡུག་གི་ཟེའུ་འབྲུ་ངོམ་ཞིང་ཞིམ་མངར་གྱི་དྲི་བསུང་འཐུལ་བའི་གླུ་དབྱངས་ཤིག་ཆགས་འདོད་ན།སྒྱུ་རྩལ་གྱི་བློ་སྦྱོང་ཐེབས་པའི་གླུ་པ་དང་མིའི་རིགས་ཀྱི་འཚོ་གཞེས་ཀྱི་བྲོ་བས་ཕྱུག་པའི་གཞས་ཚིག་དང་གཞས་ཚིག་དེའི་ཡིད་བརྙན་ལྟར་དགའ་སྐྱོ་ཆགས་སྡང་གི་འགྲོས་གསལ་བའི་གཞས་གདངས་བཅས་ནི་དུས་ནམ་ཡང་་ཉམས་རྒྱུ་མེད་ཅིང་ཡུལ་གང་དུའང་རྒྱུག་ཆེ་ལ་མི་སུས་ཀྱང་ལེན་འདོད་པའི་གླུ་དབྱངས་ཤིག་ལ་འཛོམས་དགོས་པའི་ཆ་རྐྱེན་གསུམ་པོ་ཡིན།གླུ་དབྱངས་ནི་བྱ་རྒོད་ཅིག་ཡིན་པའི་དབང་དུ་བཏང་ན།གླུ་པ་ནི་བྱ་རྒོད་ཀྱི་ཕུང་པོ་དང་གདངས་དང་་ཚིག་ནི་གཤོག་ཟུང་དང་འདྲ་བས་གླུ་ཡི་སྒྱུ་རྩལ་ལ་མཁས་པའི་གླུ་པ་ཞིག་མིན་ན་སྲོག་གི་དབང་པོས་མ་བཟུང་བའི་ཕུང་པོ་ལ་གཤོག་ཟུང་ཇི་ལྟར་འདོགས་ཀྱང་མཁའ་ལམ་གཅོད་མི་ཐུབ་ལ་གཤོག་ཡ་གཅིག་ལ་ཉམས་དམས་ཐེབས་ན་མཁའ་དབྱིངས་མཐོན་པོར་འཕུར་མི་ཐུབ་པ་ལྟར་དེ་གསུམ་པོའི་འབྲེལ་བ་ནི་སྒྱེད་བུ་ཐབ་རྡོ་གསུམ་ཀ་ལྟར་གཅིག་བརྟེན་གཅིག་འབྲེལ་ཡིན།བོད་ཀྱི་གླུ་དང་རོལ་དབྱངས་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན།མང་མང་ཞིག་ལ་དེ་གསུམ་ག་ལྷན་དུ་འཛོམས་མ་ཐུབ་པས་རེ་ཞིག་དཔྱིད་རླུང་ལྡང་བ་ལྟར་འུར་འུར་དུ་གྲག་ཀྱང་།རྟེའུ་ཡི་གོམ་པ་སྔ་དྲོ་ཡོད་ལ་ཕྱི་དྲོ་མེད་ཅེས་པ་ནང་བཞིན་ཡུན་མི་རིང་བར་ལོ་རྒྱུས་ཀྱི་བྱེ་རླུང་དུ་ཐིམ་སྟེ་གྲག་མེད་འགུལ་མེད་དུ་གྱུར།རེད་དེ།གླུ་དབྱངས་མི་ཉུང་བ་ཞིག་ནི་ལོ་རྒྱུས་ཇི་ལྟར་བརྒལ་ཡང་མེ་ལྕེ་ཐོག་ལ་སྣུམ་བླུགས་པ་ལྟར་ཉིན་རེ་ལས་ཟླ་རེར་རྒྱུག་ཆེ་ལ་ཕྱི་ནང་བར་གསུམ་དུ་རྒན་གཞོན་དར་གསུམ་གྱིས་དུས་ནམ་ཡང་ལེན་པར་མོས་པ་ནི་གོང་དུ་བཤད་པའི་ཆ་རྐྱེན་གསུམ་པོ་ལྷན་དུ་འཛོམས་པའི་རྟགས་རེད།དཔེར་ན།ལྷ་བྱ་ལ་ཡིད་སྨོན་ཤོར་ཞེས་པའི་གླུ་དབྱངས་དེ་གསར་བརྩམས་བྱས་ནས་ད་ལྟའི་བར་ལོ་ངོ་བཅུ་དྲུག་ཙམ་འདས་ཟིན་ན་ཡང་ད་དུང་ཉམས་མེད་གསོན་ཤུགས་ལྡན་པའི་སྒོ་ནས་མདོ་དབུས་མཐོ་གཞོངས་གཙོ་བོར་བྱས་པའི་ཡུལ་གྲུར་ཁྱབ་བཞིན་ཡོད་པ་ནི་སྒྱུ་རྩལ་གྱི་གསོན་ཤུགས་བླ་ན་འབར་བའི་དན་རྟགས་རེད།གླུ་དེའི་ཚིག་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་ཟླ་བས་བརྩམས་པ་ཡིན་ལ་ཀུན་གྱིས་རེ་སྐུལ་ལྟར་རོལ་དབྱངས་མཁས་ཅན་སྨོན་ལམ་རྡོ་རྗེས་གཞས་གདངས་བརྩམས་ཏེ་བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡར་དུང་གིས་འཁྲབ་ལེན་བྱས་པ་རེད།
     གླུ་དེ་ཡི་གཞས་གདངས་རྩོམ་པ་པོ་སྨོན་ལམ་རྡོ་རྗེ་ནི་སྤྱི་1962ལོར་ཆབ་མདོར་སྐྱེས།ཁོང་གི་ཡབ་ཏུང་ཅི་ཝུའུ་ནི་དམངས་ཁྲོད་ཀྱི་གླུ་གར་ལ་དགའ་ཞེན་ཧ་ཅང་ཆེ་བ་ཞིག་ཡིན་ལ་པི་ཝང་དཀྲོལ་བར་ཤིན་ཏུ་མཁས་པས་དུས་རྒྱུན་དུ་ཁྱིམ་ཚང་དྲོན་མོར་གླུ་སྒྲ་དང་དགོད་སྒྲས་ཁྱབ་སྟེ་ཕ་མ་བུ་སྲིང་ཚང་མས་གླུ་དབྱངས་ཀྱི་ཁོར་ཡུག་ཏུ་མི་ཚེའི་སྐྱིད་སྡུག་རོལ།མ་ཡུམ་སྒྲོལ་མ་མཁའ་འགྲོས་ཐུགས་ཀྱིས་བྱམས་སྐྱོང་དང་ཕྱག་གིས་ཁྲིད་སྟོན་གྱིས་སྨོན་ལམ་རྡོ་རྗེས་ལྷད་མེད་དྭངས་གཙང་གི་བྱིས་བློ་དང་བཅས་ཆབ་མདོའི་སློབ་ཆུང་སློབ་གྲྭར་འགྲིམས་ཏེ་ཡུན་མི་རིང་བར་སློབ་མའི་འཁྲབ་སྟོན་ཚོགས་ཁག་ཏུ་ཞུགས་ནས་ཆེས་ཐོག་མར་གླུ་གར་གྱི་ཕྱོགས་སུ་ཉམ་ཆུང་གི་གོམ་པ་སྤོ་འགོ་ཚུགས།སློབ་ཆུང་དུ་ལོ་རིམ་གསུམ་པ་འདོན་ལ་རན་དུས་ཆབ་མདོར་གླུ་གར་ཚོགས་པ་དངོས་སུ་བཙུགས་པས་ལོ་ན་དགུ་ལས་སོན་མེད་པའི་སྨོན་ལམ་རྡོ་རྗེ་ཚོགས་པར་བསྡུ་ལེན་བྱས་ཏེ་གླུ་ལེན་ལ་དགའ་ཞིང་བྲོ་འཁྲབ་ལ་མོས་པའི་ཁོ་རང་གིས་ཐེངས་དང་པོར་མི་ཚེའི་འགྲོ་ལམ་ལ་གདམས་ག་བྱས།དེ་ནས་བཟུང་དགེ་རྒན་རྣམས་ཀྱི་སྙན་འཇེབས་ཀྱི་གླུ་ཡི་འགྱུར་ཁུག་དང་བརྗིད་ཉམས་ཀྱི་གར་གྱི་སྟངས་སྟབས་ཀྱིས་བྱིས་པའི་མཚར་འཛིན་གྱི་བློ་དང་ཤེས་འདོད་ཀྱི་སེམས་པ་ཚིམ་པར་བྱས་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་གླུ་གར་གྱི་བསླུ་བྲིད་ལས་ཐར་མ་ཐུབ་པར་རྒན་རབས་པ་རྣམས་ལ་ལད་མོ་དང་གྲོགས་པོ་ཚོ་ལ་སློབ་སྦྱོང་བྱས་པ་ན་ཀུན་གྱིས་གཅེས་ཤིང་དགའ་བའི་འཁྲབ་སྟོན་པ་ཆུང་ངུ་ཞིག་ཏུ་ཆགས།
     སྤྱི་1971ལོར་ཚུགས་མ་ཐག་པའི་གླུ་གར་ཚོགས་པ་ལ་སྐབས་དང་པོའི་བོད་ལྗོངས་རིག་རྩལ་འཁྲབ་སྟོན་དུ་ཞུགས་པའི་སྐལ་བ་བཟང་པོ་ལས་ཐོག་ཏུ་སྨིན་པས་སྨོན་ལམ་རྡོ་རྗེས་འཁྲབ་སྟོན་བྱས་པའི་《ལ་ཕུག་འབལ་》ཞེས་པའི་འཁྲབ་ཚན་དེ་ལ་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཚད་མེད་བྱས་ཏེ་ཡང་ནས་བསྐྱར་དུ་ཐལ་མོའི་རྡེབ་སྒྲ་དང་མེ་ཏོག་གི་མཆོད་པ་ཡིས་གར་སྟེགས་གོང་འོག་ཁྱབ་པས་ཁོང་གིས་གར་སྟེགས་འོག་གི་དཀའ་ངལ་དང་གར་སྟེགས་ཐོག་གི་བདེ་སྐྱིད་ལ་ངེས་ཤེས་ཟབ་མོ་རྙེད།ཐེངས་དེའི་འཁྲབ་སྟོན་དུ་ཁོང་ལ་ཕུལ་དུ་བྱུང་བའི་འཁྲབ་སྟོན་བྱ་དགའ་ཐོབ་པ་ན་ཆེ་ཆུང་ཀུན་གྱིས་ཤ་ཚ་ཚ་དང་སྙིང་རྗེ་རྗེ་བྱས།སྤྱི་ལོ་1976ལོར་རིག་རྩལ་རྣམ་པར་བཀྲ་ལ་བརྩོན་འགྲུས་ཀྱང་མི་དམན་པ་མཆིས་པའི་ཁོ་རང་བོད་ལྗོངས་དགེ་འོས་སློབ་གླིང་གི་ཟློས་གར་ཚན་ཁག་ཏུ་འཁྲབ་ཁྲིད་པ་སློབ་གཉེར་བྱེད་པར་སོང་།སྐབས་དེ་དུས་མིང་གྲགས་ཆེ་བའི་འཁྲབ་ཁྲིད་པ་ལིའི་ཀྲི་ཡུས་ཀྱིས་ལོ་ན་བཅུ་གསུམ་ལས་སོན་མེད་པའི་བྱིས་པ་ཆུང་ཆུང་ཞིག་གིས་འཁྲབ་ཁྲིད་པའི་ཆེད་ལས་སྦྱོང་དུ་ཡོང་བར་ཤེས་རྗེས་འདི་སྐད་དུ།སྨོན་ལམ་རྡོ་རྗེ།ངས་བལྟས་ན་ཁྱེད་ལ་རོལ་མོའི་ཚོར་བ་ཧ་ཅང་རྐྱེན་པས་ཁྱེད་རང་གིས་རོལ་ཆས་སྦྱངས་ན་ཅི་འདྲ་ཞེས་གསུངས་པས་ཁོང་གིས་ཀྱང་དེ་ནང་བཞིན་རོལ་ཆས་ལས་སྒྲ་སྙན་སྦྱོང་འགོ་བརྩམས།རོལ་ཆས་འཛིན་གྲྭ་སྔར་ནས་བཙུགས་ཟིན་པས་ཁོ་རང་རྗེས་སུ་ལྷག་ཡོད་མོད།དཔའ་ངར་ཞུམ་མེད་དང་སྙིང་སྟོབས་དགུ་འགྱུར་གྱིས་འབད་པ་བྱས་མཐར་སྒྲ་སྙན་དཀྲོལ་བར་བྱང་ཆ་ཐོན་ཏེ་རང་ཉིད་ཁེར་རྐྱང་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱེད་གོ་ཆོད་པས་མ་ཚད་སྒྲ་སྙན་རམ་འདེགས་རོལ་མོ《མེ་ཏོག་གི་སྨོན་འདུན》ཞེས་པ་ཡིས་ཨང་དང་པོའི་བྱ་དགའ་བླངས།རེད་དེ།ལང་ཚོ་དར་ལ་བབས་རན་པའི་སྨོན་ལམ་རྡོ་རྗེས་འདི་ནི་མི་ཚེའི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་ཡིན་ལ་བྱ་གཞག་ཡོད་དགུའི་དབུ་ཁྱུད་བྲིས་མ་ཐག་པ་ཡིན་པ་གསལ་པོར་མཁྱེན་ཏེ་ང་རྒྱལ་དང་ཁེངས་དྲེགས་ཀྱི་དྲི་ཙམ་ཡང་མ་འགོས་པར་གཞས་གདངས་རྩོམ་པ་པོ་གྲགས་ཅན་དགེ་རྒན་འཇམ་དགའ་ལགས་ཀྱི་དྲུང་ནས་གཞས་གདངས་རྩོམ་ཐབས་དང་གཞས་གདངས་སྡེབ་སྒྲོག་བཅས་ཀྱི་སྐོར་ལ་ལྟོགས་པས་ཟས་འདོད་ལྟར་འབད་པ་བྱས།མ་ཡུམ་མཁའ་འགྲོ་ཡིས་རང་གི་བུ་ལ་སྦྱོང་བརྡར་ཐེབས་པའི་ཆེད་དུ་《ཚེས་ཆེན་བཅོ་ལྔའི་ཟླ་བ》ཞེས་པའི་གླུ་ཚིག་ཅིག་བྲིས་ཏེ་སྨོན་ལམ་རྡོ་རྗེ་ལ་གཞས་གདངས་བརྩམ་དུ་བཅུགགླུ་དབྱངས་ཀྱི་བག་ཆགས་སད་ནས་ཡོད་ལ་གསར་རྩོམ་གྱི་ཚོར་བའང་མི་དམན་པ་མཆིས་པའི་ཁོ་རང་གིས་དབུགས་ཐེངས་གཅིག་གིས་གཞས་གདངས་བརྩམས་པས་གླུ་དེ་སྐབས་དེ་དུས་ཆབ་མདོའི་ས་ཁུལ་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པས་ཁོང་གི་གསར་རྩོམ་གྱི་མོས་པའང་ས་ནས་བརྡོལ་བའི་ཆུ་མིག་ལྟར་སུས་ཀྱང་མནན་མ་ཐུབ་མོད་མིང་དོན་མཚུངས་པའི་གཞས་གདངས་རྩོམ་པ་པོ་ཞིག་ཏུ་ཆགས་དགོས་ན་གཏིང་ཟབ་པོ་རྒྱ་མཚོ་ལྟ་བུའི་ཆེད་སྦྱོང་གི་ཤེས་བྱ་དང་རྒྱ་ཆེ་བ་ནམ་མཁའ་ཇི་བཞིན་གྱི་རང་རིགས་ཀྱི་རིག་གནས་ཀྱང་ཤེས་དགོས།དེ་ལྟར་ཡིན་ན་གཏིང་དཔོག་དཀའ་བའི་རིག་གནས་སྒྱུ་རྩལ་གྱི་བྱང་ཚད་དང་མཐའ་ཡས་པའི་སྒྱུ་རྩལ་མཐོང་རྒྱ་ཆེན་པོ་ཞེས་གླེང་རིན་ཡོད།གནས་ལུགས་དེ་ལ་དགོངས་ནས་ཁོང་གིས་རང་ཉིད་ནི་རྒྱུགས་འདོད་ཆེ་ཡང་རྒྱུགས་རྩལ་མེད་པའི་རྟེའུ་ཞིག་བྱང་ཐང་བང་གིས་ཆོད་པའི་རྐྱང་རྒོད་ཅིག་ཏུ་འགྱུར་བའི་ཆེད་དུ་མུ་མཐུད་དུ་སློབ་གྲྭ་ཆེན་མོར་འགྲོ་བའི་སེམས་ཐག་བཅད།།
     སྤྱི་ལོ1982ལོར་སྨོན་ལམ་རྡོ་རྗེས་ཁྱད་དུ་འཕགས་པའི་སྦྱངས་འབྲས་ཀྱིས་ཧྲང་ཧེ་རོལ་དབྱངས་སློབ་གླིང་གི་མི་རིགས་རོལ་དབྱངས་ཚན་ཁག་ཏུ་རྒྱུགས་འཕྲོད་དེ་མིང་གྲགས་ལྡན་པའི་རོལ་དབྱངས་སློབ་གསོ་པ་སྒྲ་སྙན་དཀྲོལ་བར་མཁས་ཅན་སློབ་དཔོན་ཞང་ཙུའུ་ཡིང་གི་ཞབས་པད་བསྟེན།རང་ཡུལ་རྒྱབ་ལ་སྤངས།མི་ཡུལ་པང་དུ་བླངས་ཏེ་ཆ་མེད་རྒྱུས་མེད་ཀྱི་ས་ཆར་འབྱོར་མ་ཐག་བཟའ་བཏུང་དང་གནས་མལ།གནམ་གཤིས་སོགས་གང་ཅིའི་ཐད་ལ་མི་འཕྲོད་མོད།སློབ་དཔོན་ཞང་ཙིའུ་ཡིང་གིས་གཡང་དཀར་མ་མོ་ཡིས་ལུ་གུ་ཁྲིད་པ་ལྟར་འཚོ་བའི་ཐད་ལ་ཐུགས་ཁུར་དང་བསམ་བློའི་ཐོག་ལ་རོགས་རམ།སློབ་སྦྱོང་ཐད་ལ་སྐུལ་མ་གནང་བས་སྨོན་ལམ་རྡོ་རྗེས་ཕ་ཡུལ་དྲན་པའི་གདུང་ཡུས་ཇེ་ཆུང་དང་འགྲོ་འདུག་དཀའ་བའི་སྡུག་ཡུས་ལས་ཐར་བར་བྱས།
     ཁོང་ལ་རོལ་དབྱངས་ཀྱི་ཐད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་ལ་སྒྱུ་རྩལ་གྱི་ལག་ལེན་ཡང་མི་ཉུང་བ་ཞིག་མཆིས་མོད།རིག་གནས་ཀྱི་རྨང་གཞི་ཞན་ལ་སྐད་བརྡའི་ཐོག་ནས་གཞན་རིགས་དང་གོ་བརྡ་འཕྲོད་དཀའ་བས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་རྗེས་སུ་ཟིན་བའི་གནད་འགག་ཀྱང་འཕྲད་མྱོང་།ཉིན་ལྟར་རང་ལས་ལོ་གྲངས་བརྒྱད་དགུ་ཙམ་ཆུང་བའི་བྱིས་པ་རྣམས་ཀྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་བའི་གནས་ཚུལ་མཐོང་དུས་རང་ཉིད་ཀྱི་མདུན་ལམ་ལ་ཐེ་ཚོམ་ཡང་སྐྱེས་མྱོང་།དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤོང་ལ་བརྟེན།།ཞེས་པ་ནི་སྔོན་བྱོན་དམ་པ་རྣམས་ཀྱིས་སློབ་དཔོན་ལ་བཞག་པའི་མཚན་ཉིད་ལྟར་སློབ་དཔོན་ཞིག་ཡིན་ན་རིག་པའི་གནས་ལ་མཁས་ཤིང་སློབ་མ་སྐྱོང་བའི་ཐབས་ལམ་ལྡན་དགོས་ལ་ངལ་བ་དང་དུ་བླངས་པའི་སྤོབས་པ་མཆིས་དགོས།ཁོང་ནི་བུ་ལས་བཟང་ཞིག་སྟེ།སློབ་དཔོན་ཞང་ཙུའུ་ཡིང་གིས་ཁོང་གི་བསམ་བློའི་འགྱུར་ལྡོག་ཤེས་རྗེས་མདུན་དུ་བོད་དེ་འདི་སྐད་དུ།ཁྱེད་ནི་མཐོ་སྒང་ནས་ཡོང་བའི་བོད་པའི་བུ་ཕྲུག་ཅིག་སྟེ།གཞན་དང་མ་འདྲ་བའི་རང་གཤིས་ཡོད་ལ་ཀུན་དང་མི་མཚུངས་པའི་བསམ་བློའང་ལྡན།དེས་ན་ཁྱེད་ལ་སུས་ཀྱང་འགྲན་དུ་མེད་པའི་བརྩོན་སེམས་དགོས་ལ་གང་གིས་བསླུ་ཐབས་བྲལ་བའི་ཡིད་ཆེས་ཀྱང་དགོས།བྱ་བ་གང་ཞིག་བསྒྲུབས་ཀྱང་ལེགས་གྲུབ་ཡོང་མིན་ནི་བརྩོན་སེམས་དང་ཐབས་ལམ་ལ་རག་ལས་ཡོད་པས་ཁྱེད་ཀྱིས་གངས་རི་ལྟ་བུའི་འགྱུར་མེད་དམ་བཅའ་དང་གཙང་ཆུ་ནང་བཞིན་གྱི་ཆད་མེད་བརྩོན་སེམས་ཀྱིས་སློབ་སྦྱོང་ལ་འབད་པ་བྱས་ན་མ་འོངས་པར་བོད་གླུ་གར་གྱི་རྒྱ་མཚོ་རུ་རང་དབང་གིས་གྲུ་གཟིངས་ཁ་ལོ་བསྒྱུར་ཆོག་ལ་བོད་མཐོ་སྒང་གི་ཡུལ་གྲུར་ཁྱེད་རང་ལ་དབང་བའི་གླུ་གར་གྱི་གླིང་ག་ཞིག་འཁྲུངས་ཐག་ཆོད་རེད་ཅེས་གནས་ལུགས་ཀྱི་མདུད་དགུ་ཐེབས་པའི་ལེགས་བཤད་ཀྱིས་དྲན་པ་བསྐུལ་ཞིང་ཐར་ལམ་བསྟན་པ་ནས་བཟུང་སྨོན་ལམ་རྡོ་རྗེའང་གཏི་མུག་རྨི་ལམ་ལས་སད་པ་ལྟར་ཆེད་སྦྱོང་ལ་འབད་པ་བྱས་པ་མ་ཟད་སློབ་གསེང་གི་སྐབས་སུ་དགེ་རྒན་རྣམས་ཀྱི་དྲུང་དུ་གཞས་གདངས་རྩོམ་ཐབས་དང་སྒྲ་དབྱངས་སྡེབ་སྒྲིགམི་རིགས་རོལ་དབྱངས་སོགས་ལ་བུང་བས་སྦྲང་རྩི་འཚོལ་བ་ལྟར་སློབ་གཉེར་བྱས་ཏེ་སྤྱི་ལོ1985ལོར་སློབ་གྲྭ་དེ་ལས་མཐར་ཕྱིན།མཐར་ཕྱིན་ལ་རན་སྐབས་སློབ་གྲྭར་སྒེར་གྱི་མཐར་ཕྱིན་རོལ་དབྱངས་འདུས་ཚོགས་ཤིག་ཀྱང་ཚོགས་ཏེ་སྐད་གྲགས་ཆེ་བའི་རོལ་དབྱངས་བཅུ་གཅིག་ཙམ་རྡུང་དཀྲོལ་བྱས་པས་སློབ་གྲྭར་གྲག་འགུལ་ཆེན་པོ་ཞིག་བསླངས་ཏེ་ཁོ་རང་གི་སློབ་གྲྭ་ཆེན་མོའི་འཚོ་བ་ལ་རེ་ཞིག་གསེར་ཆེམ་ཆེམ་གྱི་རྫོགས་ཚིག་ཅིག་ཀྱང་བཞག།
     སློབ་ཆེན་ལས་མཐར་ཕྱིན་རྗེས་རོལ་དབྱངས་ལ་བཅངས་པའི་ཕུགས་རེ་རུམ་གང་ཁྱེར་ཞིང་མ་འོངས་འཚོ་བར་ཕྱོགས་པའི་སྤོབས་པ་ཆེར་བསྐྱེད་ཀྱིས་ཕོ་བྲང་པོ་ཏ་ལའི་དྲུང་དུ་འབྱོར་ཏེ་སྒྱུ་རྩལ་གྱི་ལམ་བུར་དཔྱིད་རྨོ་ལ་བྲེལ་བའི་དབུ་ཁྱུད་འབྲི་འགོ་བརྩམས།གཡོ་ཟོལ་བྲལ་ལ་གསོག་གསོབ་དབེན་པའི་དྲང་བདེན་གྱི་ཡུལ་མི་རྣམས་ཀྱི་སྤྱན་མིག་གི་ཀོང་བུར་གདོད་མའི་གླུ་གར་གྱི་ཚེ་སྲོག་འཁྱིལ་ཡོད་ལ་རི་བོ་མཐོ་ལ་རྩྭ་ཆུ་བཟང་བའི་དྭངས་གཙང་གི་ཕ་ཡུལ་གྱི་ས་གཞི་སྒེག་མོར་སྒྱུ་རྩལ་གྱི་ཚེ་སྲོག་སྦས་ནས་ཡོད་པས་ཁོང་གི་མཐོང་ལམ་དུ་སྒྱུ་རྩལ་གྱི་ཕོ་བྲང་ཞིག་ལྷང་ངེར་ལྷན་ནེར་བཀྲ།
     སྤྱི་ལོ1987ལོའི་ཉིན་ཞིག་ལ་ཁོང་དང་གླུ་ཚིག་རྩོམ་པ་པོ་ཁྲེང་ཨའེ་ཞིང་གཉིས་ཀས་བོད་ཀྱི་ན་གཞོན་རྣམས་ཀྱི་མི་ཚེའི་ལྟ་བ་དང་འཚོ་གཞེས་ལ་བཟུང་བའི་འདུ་ཤེས་ནི་དུས་རབས་གསར་པའི་བཅོས་བསྒྱུར་གྱི་འཕར་རྩ་དང་མི་མཐུན་པའི་གནས་ཚུལ་སྐོར་ལ་ཁ་བརྡ་ལབ་གླེང་བྱེད་དུས་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པ་དང་གསར་དར་རིག་གནས་ཀྱི་བསམ་བློའི་རླབས་རྒྱུན་བར་གྱི་འགལ་བ་དང་འབྲེལ་བ་སོགས་ཀྱི་ལྟ་བ་མ་བགྲོས་གཅིག་མཐུན་དུ་གྱུར་པས་བོད་ཀྱི་་འདས་ཟིན་པའི་གཟི་བརྗིད་ནི་ལོ་རྒྱུས་རྒན་པོའི་རྒྱུ་ནོར་ཡིན་ལ་མཛེས་སྡུག་གི་མ་འོངས་པ་ནི་ན་གཞོན་ཁྲི་སྟོང་མང་པོས་གསར་དུ་བསྐྲུན་དགོས་པར་བསྐུལ་བའི་གླུ་ཞིག་གསར་དུ་བརྩམ་རྒྱུའི་གྲོས་ཐག་བཅད་དེ《ཁ་སང་གི་ཉི་མ》ཞེས་པའི་གླུ་དབྱངས་དེ་མཐོ་སྒང་བོད་མི་རྣམས་ཀྱི་སྐལ་བར་སྨིན།སྨོན་ལམ་རྡོ་རྗེའི་དུངས་ཞེན་གྱིས་འཁྱུད་པའི་གདངས་ཀྱི་འགྱུར་ཁུག་ནས་དོན་གྱིས་ལྗིད་པའི་ཡིག་འབྲུ་རེ་རེ་འདི་ལྟར་ཐོན་ཡོང་སྟེ།ཁྱེད་ཡུན་རིང་མུན་ནག་ལས་བརྒལ་རྗེས།སྡུག་ཡུས་མེད་ལ་འཁང་ར་དབེན་ཞིང་།ཞེན་ཆགས་ཀྱང་བྲལ།འཇིག་རྟེན་འདི་ནི་ནམ་ཡང་མདུན་དུ་སྐྱོད་བཞིན་ཡོད་པས།ཁ་སང་གི་ཉི་མ་ནི་ཁ་སང་ལ་དབང་ཞིང་།དེ་རིང་གི་དུས་ཚོད་ལ་ཚོས་མདངས་གསར་རྐྱང་ཞིག་མངོན།དངོས་གནས་གླུ་དེ་ནི་ང་རང་སློབ་ཆེན་དུ་སློབ་གཉེར་བྱེད་དུས་སློབ་གྲོགས་དང་བཅས་པས་ཆེས་ལེན་ལ་དགའ་བའི་གླུ་ཞིག་ཡིན་ལ་སྨུག་ལོང་ཁྲོད་དུ་མགོ་བོ་འཐོམ་ཞིང་མུན་པའི་དྲ་བར་གཉིད་ལ་ཁུག་པའི་ང་དང་ང་འདྲ་ངའི་ན་གཞོན་ཅི་འདྲ་་མང་པོ་ཞིག་ལ་དུང་བརྡ་བཏང་མྱོང་ཨང་།གླུ་དེ་ནི་མ་བསམ་ས་ནས་བོད་ཁུལ་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྲག་པས་སྨོན་ལམ་རྡོ་རྗེས་སྒྱུ་རྩལ་གྱི་ཚེ་སྲོག་ནི་དམངས་ཁྲོད་ཀྱི་ས་གཞི་གཤིན་པོར་སྦས་ཡོད་པ་ཚོར་ལ་གླུ་དབྱངས་ཀྱི་གསོན་ཤུགས་ཀྱང་དུས་རབས་ཀྱི་འཕར་འགྲོས་དང་མཐུན་དགོས་པ་ཤེས་ཏེ་སྐྱིད་སྡུག་རེས་མོས་སུ་འཁོར་བའི་འཇིག་རྟེན་འཚོ་བའི་ནང་དུ་སྒྱིད་ལུག་ཞབས་ཀྱིས་མནན།བརྩོན་པ་དབུ་ཐོད་ཀྱིས་བསུས་ཏེ་མི་ཚེ་ལ་ཚོན་མདངས་བྱུགས་པའི་སྒང་པ་བོད་མི་ཕལ་པ་རྣམས་ཀྱི་གནས་བབས་ལ་བསམ་གཞག་མཛད་དེ་དུས་རབས་ཀྱི་སྤྲིན་ཀློང་དུ་གཡུ་འབྲུག་གི་ངར་སྐད་སྒྲོག།སྤྱི་ལོ1995ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ལྷ་སའི་བརྙན་འཕྲིན་ཁང་གིས་བརྙན་འཕྲིན་ཆེད་སྒྲིག་དགོང་ཚོགས་ཤིག་འཚོགས་པར་རྩོམ་པ་པོ་བཀྲ་ཤིས་ཟླ་བ་ཡིས་བརྩམས་པའི་གླུ་ཚིག《ལྷ་བྱ་ལ་ཡིད་སྨོན་ཤོར་》ཞེས་པ་དེ་ལ་གཞས་གདངས་བརྩམ་རྒྱུའི་རེ་བ་ནན་གྱིས་བཏོན་པ་སྨོན་ལམ་རྡོ་རྗེས་དགའ་བས་དང་དུ་བླངས་ཏེ་ཕོ་བརྒྱ་ཡི་ཡིད་འཕྲོག་ཅིང་མོ་སྟོང་གི་སེམས་འགུག་པའི་གཞས་གདངས་བརྩམས།དུས་དེ་ནས་བཟུང་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཉིན་རྟག་པར་ཉི་མ་འཕགས་པའི་ས་ན།དངུལ་མདོག་གི་ལྷ་བྱ་ཞིགགནའ་བོའི་གྲོང་སྡེར་འབྱོར།ཞེས་བོད་མི་རྣམས་ཀྱི་རི་ལས་མཐོ་བའི་སྤོབས་སེམས་དང་མཁའ་ལ་འཕུར་སྐྱོད་བྱེད་པའི་ཕུགས་འདུན་མཚོན་པའི་གླུ་དབྱངས་དེས་གནས་འཇལ་གྱི་ལམ་བུར་འཚང་ཁ་ཤིག་ཤིག་གིས་བསྐྱོད་པའི་དད་ལྡན་རྣམས་ལ་ཚ་འདྲི་ཡང་ཡང་བྱས།གླུ་དེ་ཡིས་ཀྲུང་གོའི་རོལ་དབྱངས་བརྙན་འཕྲིན་ནང་གསེར་གྱི་རྟགས་མའི་བྱ་དགའ་བླངས་པ་མ་ཟད་དུས་རབས་ཀྱི་གླུ་ཡི་རྒྱལ་པོ་ཞིག་གར་སྟེགས་ཆེན་པོ་ཞིག་གི་སྟེང་དུ་འགྱིང་ངེར་བསླངས་པས་དེ་ནི་བོད་མི་སྒེར་ཞིག་གི་གཟི་བརྗིད་དང་བོད་པ་སྤྱི་རྣམས་ཀྱི་ལ་རྒྱ་ཞིག་མ་ཡིན་ནམ།།
     སྤྱི་ལོ1995ལོར་སྨོན་ལམ་རྡོ་རྗེ་ཐེངས་དང་པོར་ཡུན་ནན་བདེ་ཆེན་དུ་སོང་།ལམ་བར་གྱི་རླངས་འཁོར་ཐོག་རྒྱབ་ཀྱི་གོན་པ་ཧྲལ་ཧྲུལ་ལས་མེད་ལ་མགོ་ཡི་སྐྲ་ཡང་བྱིའུ་ཚང་ལྟར་གཟེངས་པའི་ཞིང་པ་བུད་མེད་ཅིག་གིས་ཕང་བར་ཕྲུ་གུ་དམར་འབྱར་ཞིག་པང་ཡོད་ལ་ཕྲུ་གུ་དེའི་ངུ་ངག་རྒྱུན་མ་ཆད་པར་རླངས་འཁོར་ནང་དུ་ཁྱབ་པས་མི་རྣམས་ལ་སྙིང་ན་བའི་ཟུག་གཟེར་ཞིག་ཀྱང་བསླངས།ཞིང་པ་བུད་མེད་དེས་ཕྱག་ཟུང་གིས་བྱིས་པ་བྲང་ཁར་འཁྱུད་དེ་ཁ་ནས་ངག་འཇམ་པོས་བྱིས་པ་གཉིད་འགུག་གི་གླུ་བླངས་མ་ཐག་བྱིས་པ་ཆུང་ངུ་དེ་ཨ་མའི་རུམ་དུ་གཉིད་ཀྱི་ཞིང་ཁམས་སུ་བདེ་བར་རོལ།སྨོན་ལམ་རྡོ་རྗེས་ཚུལ་དེ་མཐོང་མ་ཐག་བོད་པའི་བྱམས་ལྡན་ཨ་མ་རྣམས་ཀྱི་སྣང་བརྙན་དྲན་ནས་བྱམས་ལྡན་གྱི་ཨ་མ།མཛེས་མའི་ནང་གི་དྭངས་རྩེ།སྒྲོལ་དཀར་དང་འདྲ་བར་བྱམས་སྙིང་རྗེས་ཕྱུག་ཅེས་《བྱམས་ལྡན་གྱི་མ་ཡུམ》ཞེས་པའི་གླུ་དབྱངས་དེ་གསར་དུ་བརྩམས་བས་གླུ་དེ་ནི་བོད་པའི་མ་ཡུམ་རྣམས་ལ་ཆེད་དུ་བསྟོད་པའི་གླུ་ཞིག་ཏུ་ཆགས་ཟིན།
     སྤྱི་ལོ1998ལོར་ཁེ་ལས་སྡེ་ཚན་ཞིག་གི་དབུ་ཁྲིད་ཅིག་གིས་ཁོང་ལ་ཁེ་ལས་ཀྱི་ཐོན་རྫས་མར་འགྲེམ་བརྡ་བྱེད་པའི་གླུ་ཚིག་ཅིག་འབྲི་བར་བསྐུལ་བས་ཁོང་གིས་དྭངས་གཙང་གི་མཁའ་དབྱིངས་སུ་གྱེན་ལྟ་བྱེད་དུས།གནའ་བོའི་གླུ་དབྱངས་ཤིག་ཡིད་ལ་དྲན་བྱུང་།དེ་ནི་ཨ་མས་ཉི་མ་ལ་བླངས་པའི་གླུ་ཞིག་རེད།ནམ་མཁའ་སྤྲིན་རུམ་གྱིས་བཏུམས་ན་ཡང་།ཁྱེད་ཀྱི་དཀར་གཙང་གི་གཟུགས་བརྙན་གྱིས།དད་ལྡན་གྱི་སེམས་པ་གསལ་ལྷང་ངེར་བྱས།ནམ་མཁར་འཇའ་འོད་སྟོང་དུ་འགྱེད་དུས།ཁྱེད་ཀྱི་ལྷུན་བརྗིད་ཀྱི་གཟུགས་བརྙན་གྱིས།མི་ཡུལ་ལ་ཞི་བདེ་འཕོ་བར་བྱས།ཨོ།མཆོད་རྟེན་དཀར་པོ།ཁྱེད་ནི་ནམ་མཁའི་སྐར་མ་ལྟར།རྩྭ་ཐང་ཡོངས་སུ་ཁྱབ།མཆོད་རྟེན་དཀར་པོ།ངའི་སེམས་ཁོང་གི་ཉི་མ།ཞེས་དབུགས་ཐེངས་གཅིག་གིས་《མཆོད་རྟེན་དཀར་པོ》ཞེས་པའི་གླུ་དེ་གསར་བརྩམས་གནང་བས་ཆུ་བཞི་སྒང་དྲུག་ཏུ་སླར་ཡང་སྒྱུ་རྩལ་གྱི་རྩེར་སོན་པའི་གླུ་དབྱངས་ཤིག་འབྲུག་ལྟར་གྲག་ཅིང་རླུང་ལྟར་ཁྱབ་སྟེ་ཡིད་སེམས་སྟོང་བའི་མི་མང་པོ་ཞིག་ལ་བསམ་བློའི་རྒྱགས་ཕྱེ་འཛད་དུ་མེད་པ་ཞིག་གནང་ཡོད་ཨང་།།བོད་ཀྱི་རོལ་དབྱངས་རྒན་རབས་པ་སྐལ་བཟང་དར་རྒྱས་ཀྱིས་རོལ་དབྱངས་གསར་རྩོམ་ལ་འཛོམས་དགོས་པའི་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་ནི་སྲོལ་རྒྱུན་གྱི་རྨང་གཞི་དང་འཚོ་བའི་ཁུངས་ལུང་།དེང་རབས་རོལ་དབྱངས་ལ་ཕྱོགས་པའི་མནོ་བསམ་བཅས་ཡིན་ལ་སྨོན་ལམ་རྡོ་རྗེས་དེའི་ཐོག་ལ་འབད་པ་བྱས་ཤིང་འབྲས་བུའང་ཐོབ་ཡོད།ང་རང་ཁོང་ལ་དགའ་བའི་རྒྱུ་མཚན་ནི་ཁོང་གི་བརྩམས་ཆོས་ལ་ངར་སེམས་ལྡན་ལ་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་མི་སེམས་སྐུལ་བའི་སྟོབས་ཤུགས་ཀྱི་རྦ་རླབས་འཕྱུར།རྩོམ་གཤིས་རྔམ་ཞིང་བརྗིད་ལ་གཙང་ཞིང་དྭངས་བ་ཡིས་གསོན་ཉམས་ལྡན་པའི་སྒོ་ནས་དུས་རབས་ཀྱི་འཕོ་འགྱུར་ཁྲོད་དུ་བོད་ཀྱི་ན་གཞོན་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་ཡར་རྒྱས་བརྩོན་ལེན་བྱས་པའི་མི་ཚེ་ལ་བཟུང་བའི་ལྟ་བ་མངོན་པར་མཚོན་ཡོད་ཅེས་གསུངས་པ་ནི་རིས་སུ་མ་ལྷུང་བའི་གཏམ་ཞིག་ལགས།
     སྒྱུ་རྩལ་པ་ནི་དུས་རབས་ཀྱི་མགྲིན་ཚབ་པ་དང་མི་རིགས་ཀྱི་གླུ་པ་ཡིན་ཞེས་པ་ནི་ཅིས་མི་བདེན།ང་ཚོས་ཡུན་རིང་ནས་འཆད་འདོད་པའི་གཏམ་དེ་ཁོང་ཚོས་རོལ་དབྱངས་ལ་བརྟེན་ནས་གསེང་མཐོར་སྒྲོག་ལ་ང་ཚོ་སྒྲོག་ཐག་ཅིག་གིས་བཅིངས་ཏེ་འཐོམ་སྦྲིད་དུ་གྱུར་དུས་ཁོང་ཚོས་བདེན་བྱམས་མཛེས་གསུམ་གྱི་བསིལ་རླུང་འཇམ་བུས་བྱིལ་བྱིལ་གནང་བས་ང་ཚོ་འགྲོ་ཞོར་དུ་མཐོ་སྒང་གླུ་ཡིས་གང་བའི་སྨོན་ལམ་འདེབས་ཤིང་ང་ཚོས་ཉན་ཞོར་དུ་གླུ་དབྱངས་ནི་སེམས་ཀྱིས་ལེན་པའི་རེ་བ་བཅངས་ཡོད་ལགས།།
  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།
  • ལེ་ཚན་རྗེས་མ།:རྡོར་ལུགས་ཐང་གའི་སྲོལ་གཏོད་མཁན་པོ་ཉན་ཤུལ་རྡོ་རྗེ་དོན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།