རྡོར་ལུགས་ཐང་གའི་སྲོལ་གཏོད་མཁན་པོ་ཉན་ཤུལ་རྡོ་རྗེ་དོན་གྲུབ།

ཨོ་རྒྱན་དོན་གྲུབ།        2012-10-16

རྡོར་ལུགས་ཐང་གའི་སྲོལ་གཏོད་མཁན་པོ་ཉན་ཤུལ་རྡོ་རྗེ་དོན་གྲུབ།

གངས་ལྗོངས་རྡོར་ལུགས་ཐང་གའི་སྲོལ་གཏོད་མཁན་པོ་ཉན་ཤུལ་རྡོ་རྗེ་དོན་གྲུབ་མཆོག་ནི་མདོ་ཁམས་མི་ཉག་ར་བ་སྒང་གི་ས་ཡི་ལྟེ་བ་དཔལ་ལྷ་སྒང་སྐུ་ནུབ་སྡེ་བ་ཞེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་གི་པང་བ་རུ་ཉན་ཤུལ་ཞེས་པའི་རིགས་རུས་ལས་སྤྱི་ལོ ༡༩༦༧ ཟླ ༦ ཚེས ༦ ཉིན་མི་ཡུལ་གྱི་ཞིང་ཁམས་རྙེད།   ཆུང་དུས་ནས་ཞང་བོ་ཉན་ཤུལ་རྒྱལ་ཁོ་དང་རྒྱལ་དབང་ཉི་མ། མཁྱེན་རབ་འོད་གསལ་དང་འཇམ་དབྱངས་གྲགས་པ་སོགས་གསེར་གནག་གི་ཕ་བོང་ལྟ་བུའི་གངས་རིའི་སྐྱེས་ཆེན་དེ་དག་ཁོང་གི་ཁྱིམ་རྒྱུད་དུ་བཞུགས་པས་དེ་དག་གིས་ཐུགས་ཀྱིས་བསྐྱངས་ནས་བོད་ཡིག་གི་འབྲི་ཀློག་དང་སུམ་རྟགས་དག་གསུམ་ནས་མགོ་བཟུང་སྟེ་ཐུན་མོང་གི་རིག་གནས་ལ་བརྩོན་པ་བྱས་པས་བོད་ཡིག་གི་རྨང་གཞི་བརྟན་པོ་ཆགས།
སྔ་འགྱུར་རྙིང་མ་བའི་ཆོས་སྒོར་འཇུག་ཏེ་མི་ཉག་སྐུ་ནུབ་དགོན་པའི་ཚོགས་གྲལ་དུ་ཞུགས།  མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་མི་ཉག་རག་ཤུལ་སྤྲུལ་སྐུ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དེ་དག་བརྟེན་ནས་སྔོན་འགྲོ་ཁྲིད་ཡིག་དང་ཡེ་ཤེས་བླ་མ་དང་ཆོས་རྒྱལ་གླིང་པའི་གཏེར་ཆོས་ཡོངས་ལ་དབང་ལུང་དང་བཀའ་ཆོས་དབང་ལུང་མན་ངག་ཟབ་ཆོས་དང་བཅས་པ་ཞུས་ཏེ་ཐུན་མིན་རིག་གནས་སྐོར་ལ་སྦྱངས་བའི་འགོ་ཚུགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་མི་ཉག་དཔལ་སྨད་དུ་སྤོར་དུས་སློབ་གྲྭ་དེར་ཞུགས་ནས་བྲག་མཁན་པོ་ཚེ་རིང་ཉི་མ། མཁན་ཆེན་རྩ་ར་ཆོས་གྲགས། སྤྲུལ་སྐུ་པད་རྡོར། ས་འགོ་སྤྲུལ་སྐུ། མི་ཉག་བུ་ཕྲུག   སྤྲུལ་སྐུ་ཡེ་ཤེས་དར་རྒྱས་སོགས་མཚན་ལྡན་གྱི་དགེ་རྒན་ཆེན་མོ་དེ་དག་བརྟེན་ནས་སྙན་ངག་དང་སྡེབ་སྦྱོར། ཚད་མ་རིག་པ་དང་བཟོ་རིག་པ་སོགས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་དཀའ་སྤྱད་སྙིང་རུས་ཀྱིས་འབད་པ་བརྒྱུད་ཀུན་གྱིས་ཁས་ལེན་ཐོབ་པའི་དུས་རབས་ཀྱི་ན་གཞོན་མཁས་པ་ཞིག་ཏུ་གྱུར་བས་དགེ་བའི་བཤེས་གཉེན་དེ་དག་གིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཞིང་སྙན་པའི་གྲགས་པའང་ཀུན་ཏུ་བརྟས།
དེ་ནས་འཕྲིན་ལས་ཀྱི་མཛད་པ་སྐྱོང་བའི་འགོ་བརྩམས་ཏེ། སྡེ་དགེ་པར་ཁང་གི་གཙོ་འགན་པ་བཀྲ་ཤིས་རྡོ་རྗེ་དང་། བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་སྡེ་རོང་ཚེ་རིང་དོན་གྲུབ། དར་མདོ་ལྷ་མོ་རྩེའི་སྤྲུལ་སྐུ་དར་རྒྱས་སོགས་དང་མཉམ་དུ་སྡེ་དགེ་པར་ཁང་གི་དཀར་ཆག་ཆ་ཚང་གསར་བསྒྲིགས་བྱས་ཤིང་པར་ཤིང་ཡོངས་ལ་དག་སྒྲིག་དང་བདག་ཚགས་བྱས།  ས་གསུམ་འགྲོ་བའི་མགོན་པོ་རིས་མེད་ལུགས་གཉིས་ཀྱི་བདག་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གིས་བཀའ་བཀོད་བཞིན་ཤར་རྒྱལ་མོ་རོང་གི་འབར་ཁམས་སུ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཐེངས་དང་པོའི་ལྕགས་པར་ལ་ཞུ་དག་ཚོགས་ཆུང་གསར་འཛུགས་མཛད་སྐབས་ཚོགས་གཙོ་གཞོན་པའི་ལས་འགན་ཕྲག་ཏུ་བླངས་པ་དང་།  རྔ་བ་བཀྲ་ཤིས་གླིང་རྫོང་ནས་ཡང་བསྐྱར་པེ་ཅིན་གསེར་བྲིས་བསྟན་འགྱུར་ལྕགས་པར་འགོད་སྐབས་ཞུ་དག་ཚོགས་ཆུང་གི་ཚོགས་གཙོ་རྒན་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་བས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་གྱི་ཐད་ལ་མཛད་རྗེས་གསབ་ཏུ་མེད་པ་བཞག་ཡོད།   
སྤྱི་ལོ༡༩༨༨ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ཀྱིས་གདན་ཞུས་ལྟར་དར་མདོ་དགེ་འོས་སློབ་གྲྭར་ཕེབས་ཏེ་དགེ་རྒན་གྱི་མཛད་པ་སྐྱོང་བའི་ལས་ལ་ཞུགས་ཏེ་སྐལ་ལྡན་གདུལ་བྱ་མང་པོར་སུམ་རྟགས་དང་སྙན་ངག    མངོན་བརྗོད་སྐར་རྩིས་སོགས་ཐུན་མོང་རིག་གནས་སྐོར་གྱི་སློབ་ཁྲིད་ཀྱི་འཕྲིན་ལས་སྤེལ།
སྤྱི་ལོ༡༩༩༠ལོར་ཁམས་དར་རྩེ་མདོ་རུ་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཡིག་དཔེ་ཚོང་ཁང་སྟེ་ཁམས་པའི་བོད་ཡིག་དཔེ་ཚོང་ཁང་ཞེས་པ་གསར་བཙུགས་མཛད་ནས་ཁམས་ཕྱོགས་ཀྱི་དགོན་སྡེ་དང་སློབ་གྲྭ་མང་པོར་དཔེ་ཆའི་དགོས་མཁོའི་དཀའ་ཁེག་ཀུན་ནས་སེལ་བར་བྱས་པས།  ལས་ཁུངས་དང་སློབ་གྲྭ   དགོན་པ་སོགས་སྡེ་ཁག་ཉིས་བརྒྱ་ལ་ཉེ་བ་ཞིག་གིས་གཟེངས་བསྟོད་ཀྱི་དར་ཆ་དང་དཔང་ཡིག་གནང་བ་མ་ཟད། སྦྲང་ཆར་དང་ཀྲུང་གོའི་བོད་ལྗོངས་སོགས་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་ཁོང་གི་མཛད་འཕྲིན་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་ངོ་སྤྲོད་བྱས།  དུས་དེ་ནས་བཟུང་ཁོང་ཉིད་ཚོང་ལས་ཀྱི་བྱ་བ་གཉེར་བའི་འགོ་བརྩམས་ཏེ། ཚོང་ལས་དེ་ཡང་བོད་ཀྱི་ཤེས་ཡོན་དང་འབྲེལ་བའི་ཚོང་ལས་ཤིག་ཡིན་པའི་ཆ་ནས་ཁོང་གིས་ཐང་ག་འབྲི་རྒྱུའི་ལས་ལ་ཞིབ་འཇུག་དང་རྒྱུས་ལོན།  བརྩོན་པ་བཅིངས་ཤིང་།  ས་ཕྱོགས་སོ་སོར་ཚོང་ཁང་མང་པོ་ཕྱེས་ཤིང་། གངས་དཀར་རི་བོ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲུབ་ཀྱི་འགན་སོགས་བཞེས་པས་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པས་ཁོང་ཉིད་ལམ་བུ་དེ་རུ་འཇུག་རྒྱུའི་ཆོད་སེམས་བརྟན་པོས་གོམ་པ་སྤོས་པས་ཆོལ་གསུམ་སྐྱེས་ཆེན་དུ་མས་མཐོང་ཆེན་དང་གདེང་འཇོག  རེ་བཅོལ་གང་མང་ཐོབ།
སྤྱི་ལོ༡༩༩༣ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་སྔོན་ཐོན་ཚོང་པ་དང་ཕུལ་བྱུང་ཚོང་ལས་པ་སོགས་ཀྱི་བྱ་དགའ་གང་མང་ཐོབ་པས་ཁོང་གིས་བདམས་པའི་ཚོང་ལས་ཀྱི་ལམ་བུ་རུ་ཡིད་ཆེས་དང་ངར་ཤུགས་ཀྱི་ཀུན་ནས་བརྟས་ཏེ།  སྤྱི་ལོ༡༩༩༦ལོར་སྡེ་དགེ་དཀོན་མཆོག་བཀྲ་ཤིས་དང་མཉམ་དུ་ཁྲིན་ཏུའུ་རུ་མདོ་ཁམས་ལྷ་རིས་གླིང་ཞེས་པ་གསར་འཛུགས་མཛད་ནས་བོད་ཀྱི་སྲོལ་རྒྱུན་གྱི་བྲིས་རྒྱུན་ཆེན་མོ་གསུམ་གྱི་ཡ་གྱལ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཀྱི་གྲས་སུ་གཏོགས་པའི་ཀརྨ་སྒར་བྲིས་ཀྱི་རི་མོའི་རྒྱུན་བཟང་པོ་འཛིན་སྐྱོང་དང་དར་སྤེལ་ཐད་ལ་རླབས་ཆེ་བའི་མཛད་རྗེས་བཞག
ཐང་གའི་སྒྱུ་རྩལ་གྱི་ལས་རིགས་དེ་ཉིད་འཕེལ་རྒྱས་ཀྱི་སླད་དུ་སྤྱི་ལོ༡༩༩༨ལོར་དབུས་མཆོག་ལྷ་ལྡན་ཞིང་དུ་ཐང་གའི་སྒྱུ་རྩལ་གླིང་ཞེས་གསར་འཛུགས་མཛད་པས་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་ཞེས་མིང་དུ་བཏགས་གནང་མཛད་པ་དང་སྒྱུ་རྩལ་གླིང་དེ་ནས་ད་ལྟའི་བར་དུ་བོད་མདོ་དབུས་ཁམས་གསུམ་གྱི་གཞོན་ནུ་རི་མོ་བ་མི་གྲངས༤༠༠ལ་ཉེ་བ་ཞིག་སྐྱེད་སྲིང་བྱས་པས་ལས་འཚོལ་སོགས་ཀྱི་དཀའ་ཁག་གིས་ཀུན་ནས་མནར་བའི་བོད་ཀྱི་གཞོན་ནུ་དེ་ཚོར་རང་ཁ་རང་གསོ་གི་མདུན་ལམ་བཟང་པོ་བསྟན་པས་ཆོས་སྲིད་གང་གི་ཐད་ནས་བཤད་ཀྱང་འཕྲིན་ལས་ཀྱི་མཛད་པ་བཟང་པོ་རྐྱང་རྐྱང་གཉེར།
ཁོང་གིས་བོད་ཁམས་ཀྱི་ལྷ་རིས་པ་མང་པོར་མཐུན་འབྲེལ་གྱིས་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ལས་ལ་བསམ་བློ་འཁོར་བ་དང་། ཁྱད་པར་དུ་ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པའི་མི་རབས་ཉེར་དགུ་པ་བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་བསྟན་དགའ་དང་མཉམ་འབྲེལ་གྱིས་ཐང་གའི་འབྲི་རྒྱུན་གྱི་ནུས་པ་འདོན་སྤེལ་དང་གསར་གཏོད་ཀྱི་ཕྱོགས་གོམ་པ་སྤོས་པའི་འགོ་ཚུགས།   དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་དང་ཞིབ་འཇུག་བྱས་པ་བརྒྱུད། བྱས་རྗེས་འབུར་ཐོན་གྱི་འཕྲིན་ལས་ཀྱི་མཛད་པ་རླབས་ཆེན་ཞིག་བསྒྲུབས་ཡོད་དེ། ཁོང་གིས་ཐོག་མར་ཡུལ་ཡར་ལུང་སྤང་རིའི་རྩེ་མོ་ནས། ། བུ་ལུག་རྫི་ཨ་དཀར་རྨི་ལམ་དུ། ། སྨན་མཛེས་མ་རྨིས་པ་རྡོ་ལ་བྲིས། ། བོད་རི་མོའི་ཐོག་མར་རི་ཡི་མོ། །ཞེས་གསུངས་ཏེ། བསྐལ་བ་ཡ་ཐོག་ནས་བོད་ཀྱི་ཡུལ་དུ་འགྲོ་བ་མི་བྱུང་བ་ནས་རི་མོ་དར་བའི་ལོ་རྒྱུས་ནས་མགོ་བརྩམས་ཏེ། བན་བོན་སོགས་ནས་བསྟན་པ་སྔ་དར་ཕྱི་དར་སོགས་སྔ་ཕྱིར་བོད་ཡུལ་དུ་དར་བའི་བྲིས་རྒྱུན་ཁག་གི་རི་མོ་རྣམས་ལ་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་ཅིང་མཐར་ཕྱིན་པ་བྱས་ཏེ་བོད་ཀྱི་རི་མོའི་ལུགས་ཀྱི་ཀརྨ་སྒར་བྲིས་ཀྱི་རྒྱུད་བཟུང༌། ཁྱད་པར་དུ་བསྟན་པ་ཕྱི་དར་གྱི་དུས་འགོར་དར་བའི་བཀའ་གདམས་པའི་རི་མོའི་ལུགས་ཉམས་པ་སླར་གསོ་བྱས་ཤིང་ད་དུང་ལྷ་རིས་ཐམས་ཅད་ཀྱི་ལེགས་ཚོགས་ཕྱོགས་བསྡུས་ཀྱིས་རྡོར་ལུགས་རི་མོ་ཞེས་པ་གསར་གཏོད་བྱས་ཏེ། དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་སུ་རྩོམ་པ་པོའི་མཚན་བརྩམས་ཆོས་ལ་ཐོག་པའི་བོད་ཀྱི་བྲིས་རྒྱུན་གྱི་ལོ་རྒྱུས་སྟེང་དུ་རྡོར་ལུགས་ཐང་ཁ་ཞེས་པའི་ལེ་ཚན་གསར་བ་ཞིག་གི་རིག་གཞུང་དང་བཅས་པ་གསར་གཏོད་མཛད་པས་བོད་ཀྱི་མཁས་དབང་མང་པོས་ཚད་མཐོན་པོས་གདེངས་འཇོག་དང་དགའ་བསུ་ཐོབ། ཀྲུང་དབྱང་དང་བོད་ལྗོངས་སོགས་བརྙན་འཕྲིན་ཁང་དང་དྲྭ་ལམ་སོགས་གསར་འགྱུར་སྡེ་ཁག་ཉིས་བརྒྱ་ལྷག་གིས་རྒྱལ་ཕྱི་ནང་ཀུན་ལ་འགྲེམ་བརྡ་བཏང་བས་རྡོར་ལུགས་ཐང་ཁའི་མཚན་སྙན་བླ་རུ་འབར། ། ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་དེ་ནས་རྡོར་ལུགས་ཁྱད་ཆོས་རྒྱུན་འཛིན་མཁན་གྱི་སྐལ་ལྡན་སློབ་མ་མང་པོ་བསྡུས་ཤིང་དགེ་རྒན་མང་པོ་གསོ་སྐྱོང་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ།  རྡོར་ལུགས་ཐང་ཁ་ཐོག་མ་སྒྲོལ་མ་རིགས་ལྔ་ལ་ཞེས་པའི་ཐང་ཁ་ལ་རིན་གོང་མི་དམངས་དངུལ་སྒོར་ཁྲི་ཚོ་བརྒྱ་དང་དྲུག་ཅུ་རེ་བརྒྱད་ལ་སྡེབ་ཚོང་བྱས་པས་བོད་ཀྱི་ཐང་ག་གསར་བའི་རིན་གོང་ལོ་རྒྱུས་ཐད་ལ་སྔོན་བྱུང་མ་མྱོང་བའི་ཟིན་ཐོ་གསར་བ་བསྐྲུན།  སྤྱི་ལོ༢༠༡༢ ཟླ ༡ པོར་མིང་དུ་གྲགས་པའི་སྙན་ངག་པ་དང་རྩོམ་པ་པོ། བོད་ཁུལ་གྱི་ལོ་རྒྱུས་རིག་པ་བ་བཅས་ཀྱི་མཚན་སྙན་ལྡན་པའི་སྐུ་ཞབས་ཧུའུ་ཀྲུང་གིས་གཙོ་སྒྲིག་གི་འགན་བཞེས་ནས༼གངས་ལྗོངས་རྡོར་ལུགས་ཐང་ཁ་སྤུས་ལེགས༽ཞེས་པའི་རྡོར་ལུགས་ཐང་ཁའི་ལག་ལེན་དང་རིགས་གཞུང་ཀུན་འདུས་ཀྱི་པོད་ཆེན་པོ་ཞིག་ཀྲུང་གོ་མི་རིགས་བརྙན་ལེན་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས། འདི་ནི་དུས་རབས་གྱི་མི་བུ་ཞིག་གིས་ཕྱི་རབས་པ་ལ་ངོམ་ཆོག་ཆོག་གིས་བཞག་པའི་འབུར་ཐོན་གྱི་བྱས་རྗེས་ཟེར་བ་དེ་མ་ཡིན་ནམ། །
དེ་ནས་ཁོང་གི་བོད་ཁུལ་གྱི་ས་ཆ་སོ་སོར་ཐོན་མིའི་གནའ་སྤོས་སྤྱི་གཉེར་ཁང་གསར་འཛུགས་མཛད་དེ་ཁམས་དང་ཨ་མདོའི་ཕྱོགས་སུ་ཐོན་མིའི་གནའ་སྤོས་ཀྱི་ལག་ལེན་བསླབས་ནས་བོད་སྤོས་ཀྱི་ཕྱག་རྒྱུན་མ་ཉམས་པར་རྒྱུད་འཛིན་དང་དར་སྤེལ་བྱས། 2003ལོར་རྒྱལ་རོང་བྲག་སྟེང་ཚེ་དབང་དང་མཉམ་དུ་བོད་ལྗོངས་གཉན་ཆེན་ཐང་ལྷའི་འཁྲབ་སྟོན་གླིང་བཙུགས་ནས་ད་བར་བོད་ཀྱི་ན་གཞོན་གླུ་བྲོའི་སྒྱུ་རྩལ་བ་སུམ་བརྒྱ་ལ་ཉེ་བ་ཞིག་གསོ་སྐྱོང་བྱས།ལྷ་ས་རུ༼ ཐོན་མིའི་གླིང ༽ཞེས་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་ཀུན་འདུས་རང་བཞིན་ཅན་གྱི་ཡུལ་སྐོར་ཀྱི་གྲོང་སྡེ་ཆེན་པོ་ཞིག་གསར་དུ་འཛུགས་པའི་རྣམ་གྲངས་དེར་བརྩོན་ལེན་བྱས་མཐར།  རྨི་གྲུ་བཞི་མ་ཁྲི་བཅུ་དྲུག་ལྷག་ཅིག་གི་ས་ཁྱོན་ལ་གོང་རིམ་ནས་ཆོག་མཆན་ཐོབ་པས་དེ་གསར་བསྐྲུན་བྱས་ཏེ་བོད་ཀྱི་ཞིང་འབྲོག་གི་དཀའ་ཁག་ཅན་གྱི་མི་སྣ་ལྔ་བརྒྱ་ལྷག་བསྡུས་ཏེ་ཤེས་ཡོན་དང་ལག་རྩལ་བསླབས་ཏེ་བོད་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་དང་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་བའི་མཛད་འཕྲིན་བཟང་བསྒྲུབས།
སྤྱི་ལོ2009ལོར་བོད་ཀྱི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་མཛོད་དང་མིང་མཛོད་རྩོམ་སྒྲིག་སྐབས་ཁོང་རྩོམ་སྒྲིག་གི་ཚོགས་མིར་ཞུགས་ཏེ་རྩོམ་སྒྲིག་དང་འཆར་འགོད་སོགས་ཀྱི་ཕྱོགས་ལ་ཞབས་ཞུ་གང་ལེགས་ཞུས། སྤྱི་ལོ2010ལོར་ཤར་མི་ཉག་ཡུལ་གྱི་ཉན་ཤུལ་རུས་རྒྱུད་ཀྱི་མཁས་དབང་རིམ་བྱུང་གི་གསུངས་རྩོམ་འཚོལ་སྡུད་བྱས་ཏེ་ཉན་ཤུལ་དཔེ་ཚོགས་ཞེས་པའི་ཁྱོན་པོད་གྲངས་བཅུ་ཡི་བདག་ཉིད་ཅན་དེ་པར་བསྐྲུན་བྱེད་པར་ཁོང་གིས་གཙོ་སྒྲིག་པའི་འགན་བཞེས།
མིག་སྔར་ཁོང་ནི་རྒྱལ་ཁབ་རིམ་པའི་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་རྣམ་གྲངས་ཀྱི་འགན་གཙོ་དང་འཆར་འགོད་གཙོ་བོ་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་ཧྭ་བོད་ཡིག་གསུངས་རབས་གཏེར་མཛོད་ཆེན་མོའི་བློ་འདྲི་ཡུལ།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མགྲོན་ཞུའི་སློབ་དཔོན། ཤམ་བྷ་ལའི་རིག་གནས་འགྲེམ་སྟོན་གླིང་གི་བློ་འདྲི་ཡུལ། ཀྲུང་གོའི་གེ་སར་སྟོང་ཐང་ཆེན་མོའི་རི་མོའི་སྒྱུ་རྩལ་གྱི་བློ་འདྲི་ཡུལ། ཀྲུང་གོའི་ཐང་ཁ་རིག་དངོས་འགྲེམས་སྟོན་ཁང་གསར་བཞེང་གི་བློ་འདྲི་ཡུལ། 2010ལོར་བོད་ལྗོངས་ཐེངས་དང་པོའི་ཐང་ཁའི་སྒྱུ་རྩལ་འགྲན་ཚོགས་ཀྱི་དཔྱད་འདེམས་པ། རྡོར་ལུགས་ཐང་ཁ་སྲོལ་གཏོད་པ་པོ་བཅས་ཀྱི་འགན་བཞེས་བཞིན་མཛད་འཕྲིན་དར་ཏེ་གནས་པ་ལགས་པས་འདིར་ཆོལ་གསུམ་གངས་རིའི་ཡུལ་དུ་ཁོང་དང་ཁོང་ལྟ་བུའི་ཚོང་བ་ལྷག་བསམ་ཅན་ཆར་རྗེས་ཀྱི་མེ་ཏོག་བཞིན་གང་མང་འབྱུང་བའི་རེ་སྨོན་ཞུའོ། ། །།
  • ལེ་ཚན་སྔོན་མ།: བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྨོན་ལམ་རྡོ་རྗེའི་སྒྱུ་རྩལ་གྱི་ལམ་བུ།
  • ལེ་ཚན་རྗེས་མ།:བོད་ཀྱི་རི་མོ་མཁས་ཅན་ཁམས་སྐལ་བཟང་ཡེ་ཤེས།
  • དོ་སྣང་ཆེ་བའི་རྩོམ།