འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།

        2010-09-13

 འབྲུག་ཁམས་སྤྲུལ་སྐུ་ཕྲེང་གཉིས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སྐུ་ཕྲེང་རྗེས་མ་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི(༡༧༣༠)ལོར་རྫ་སྟོད་དཔོན་ཚང་གི་ཁྱིམ་དུ་འཁྲུངས། དགུང་ལོ་བཞིར་ཕེབས་སྐབས་མདོ་ཁམས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་ཁ་སྟག་དཀར་མོའི་རི་ཁུག་ཁམས་པ་དགོན་ཕུན་ཚོགས་ཆོས་འཁོར་གླིང་གི་སྤྲུལ་སྐུར་ངོས་འཛིན་ཞུས། སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དང་། འབྲུག་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་འཇམ་དཔལ་དཔའ་བོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ངོམས་པར་མེད་པ་གནང་སྟེ་གཞུང་འགྲེལ་ཁག་མང་ལྗགས་རྩོམ་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི(༡༧༥༤)ལོར《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ལྗགས་རྩོམ་གནང་ཞིང་། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག(༡༧༧༠)ལོར་ཡོངས་སུ་གྲུབ་པར་མཛད་དེ་དབུས་གཙང་ཁམས་གསུམ་དུ《ཁམས་འགྲེལ་ཆེན་མོ》ཞེས་མཁས་དབང་ཕལ་ཆེ་བའི་བསྔགས་བརྗོད་ཐོབ། དགུང་ལོ་བཅུ་དྲུག་པ་ཤིང་གླང(༡༧༤༥)ལོར་ཁ་སྟག་དཀར་མོའི་རི་ཁུག་ནས་ཁམས་པ་སྒར་དུ་ཕུན་ཚོགས་གླིང་དགོན་པ་གནས་སྤོས་མཛད་དེ་དགོན་གནས་རྟེན་གསུམ་དང་བཅས་པ་གསར་བཞེངས །གྱིང་ཕུ་དཔལ་གྱི་ཡང་དབེན་དུ་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་། སྒ་ཉག་དཀར་མོ་རིའི་ཡང་དགོན་དུ་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་བཅས་དགོན་སྡེ་ཆེན་པོ་གསུམ་ཕྱག་བཏབ། བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ལྔ་བཅུར་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་ཕག(༡༧༧༡)ལོར་ཕུན་ཚོགས་ཆོས་འཁོར་གླིང་དུ་སྐུ་གཤེགས།

  • ལེ་ཚན་སྔོན་མ།:འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
  • ལེ་ཚན་རྗེས་མ།:འཇམ་དབྱངས་མཁྱེན་བརྩེ་དབང་པོ།