ཡུལ་ཤུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་རྨང་འདིང་མཁན་ཐོག་མ་ཨ་ཤག་ཕུན་ཚོགས་ཟླ་བ།

        2016-04-18

ཡུལ་ཤུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་རྨང་འདིང་མཁན་ཐོག་མ་ཨ་ཤག་ཕུན་ཚོགས་ཟླ་བ།
ཨ་ཤག་ཟླ་བ་ཕུན་ཚོགས་ལགས་སྤྱི་ལོ༢༠༡༢ལོར། རྩ་འཛུགས་ཀྱིས་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འགན་བསྩལ། སྐབས་དེར། ཁུལ་ཨུའི་ཧྲུའུ་ཅི་ཝིང་གོ་ཏུང་ལགས་དང་ད་ལྟ་སྐུ་གཤེགས་ཟིན་པའི་ངག་དགའ་བློ་མཐུན་སོགས་ཀྱི་རོགས་སྐྱོར་བླ་མེད་འོག ཡུལ་ཤུལ་ས་ཁུལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་རིག་གནས་གོང་འཕེལ་དང་ཡུལ་ཤུལ་གནོད་རྗེས་བསྐྱར་འཛུགས་ཀྱི་དགོས་མཁོ་ལྟར། ཁོང་གིས་ཕྱོགས་གཅིག་ནས་ཧུར་བརྩོན་སྤོབས་ཆེན་གྱིས་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱི་གནས་བབ་དང་གལ་ཆེན་རང་བཞིན། འབྲེལ་ཡོད་རིག་གནས་སྒྱུ་རྩལ་བྱ་འགུལ་གྱི་རྣམས་གྲངས་སོགས་དུས་ཐོག་ཏུ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་གཙོ། ཁུལ་དྲིལ་བསྒྲགས་པུའུ་སོགས་ལ་དགོངས་སྐོར་དང་སྙན་སེང་ཞུས། འགོ་ཁྲིད་རྣམ་པས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་བྱ་བ་གཙིགས་ཆེན་དུ་བཟུང་སྟེ་ལས་ཁུངས་ཀྱི་སྒྲིག་གཞི་དང་འབྲེལ་ཡོད་ལས་ཀའི་མ་རྩ་ཅི་ནུས་བསྩལ་བ་དེས། རྩོམ་རིག་སྒྱུ་རྩལ་གྱི་ལས་ཀ་བདེ་ལགས་ངང་འགྲུབ་པར་སྐུལ་འདེད་ཆེན་པོ་ཐེབས་པ་དང་རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་ལས་དོན་བསྒྲུབ་པར་སྤོབས་པ་དང་རེ་བ་བསྐྲུན། ཕྱོགས་གཞན་ནི་ཁུལ་ཨུ་དང་ཁུལ་མི་དམང་སྲིད་གཞུང་གི་ལས་དོན་མཐིལ་དག་བཀའ་བཞིན་སྲུང་ཞིང་། སྤོབས་སེམས་ཆེན་པོའི་སྒོ་ནས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ལས་ཀའི་བསམ་བློ་གསར་དུ་གཏོད་དེ། ལས་དོན་གྱིས་གོ་གནས་ཐོབ་པ། བྱ་འགུལ་གྱིས་ནུས་ཤུགས་ཐོན་པ། མིང་དོན་ཅན་གྱི་ཤེས་ཡོན་བསྲིངས་པ། ཤེས་ཡོན་པས་འཕེལ་རྒྱས་སྐུལ་བའི་འདུ་ཤེས་ཀྱི་ལམ་བུ་འཚོལ་ཏེ། དངོས་ཐོག་བདེན་འཚོལ། གསར་གཏོད་ཕོད་པ། རྩོམ་རིག་ལྷན་ཚོགས་ཀྱི་རྩ་འཛུགས་མ་ལག་དོན་དུ་གཉེར་བར་ཤུགས་སྣོན་དང་། གཞི་རིམ་གྱི་རིག་གནས་སྒྱུ་རྩལ་ཚོགས་པའི་རུ་དཔུང་འཕེལ་རྒྱས་དང་དོ་དམ་གནད་དུ་བཟུང་བ། ལས་ཀས་ཁྱོན་ཡོངས་ཞབས་འདེགས་ཐུབ་པ་དང་། རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་འོག་གི་ལྷན་ཚོགས་ལ་ཞབས་འདེགས་ཐུབ་པ། ལྷན་ཚོགས་གྱིས་དོན་ལྡན་གཉེར་བ། དོན་དང་ལྡན་པས་མི་དམངས་ཞབས་སུ་འདེགས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཏེ། ཡུལ་ཤུལ་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་དེ་ཕྱོགས་ཡོངས་ནས་གོང་འཕེལ་གྱི་ཐད་ལ་བརྩོན་པས་ཞུགས།
  ཉེ་ཆར། གེ་སར་རིག་གནས་ཞིབ་འཇུག་ལྷན་ཚོགས་དང་། རྩོམ་རིག་ལྷན་ཚོགས། རོལ་དབྱངས་ལྷན་ཚོགས། རི་མོའི་སྒྱུ་རྩལ་ལྷན་ཚོག།ས། པར་ལེན་ལྷན་ཚོགས། བསྡུ་ཉར་ལྷན་ཚོགས་བཅས་རིག་གནས་ལྷན་ཚོགས་དྲུག་བཙུགས་པ་དང་། ཁམས་པའི་རྩོམ་རིག་དང(༢༠༡༠ལོར་དེབ་བཞི། ༢༠༡༤ལོར་དེབ་བཞི། ༢༠༡༥ལོར་བདེ་ཆེན་དང་དཀར་མཛེས། ཆབ་མདོ། ཡུལ་ཤུལ་ས་ཁུལ་རེ་ལ་དེབ་རེ་སྐྲུན། )ཡུལ་ཤུལ་རྩོམ་རིག་སྒྱུ་རྩལ།(ད་བར་དེབ་༡༩དཔར་སྐྲུན་བྱས།)གཙང་གསུམ་འགོ་ཁུངས་ཚགས་པར། (ད་བར་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་ཅན་༡༦དཔར།)སོགས་དུས་དེབ་དང་ཚགས་པར་གསར་སྐྲུན་བྱས་ཏེ། ཡུལ་ཤུལ་ས་ཁུལ་གྱི་རིག་གནས་མོས་མཁན་དག་ལ་ལས་ཞུགས་པའི་གར་སྟེགས་སྤེལ། མ་ཚད། རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་དེ་ཚད་ལྡན་དང་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྐྱོད་པའི་རྨང་གཞི་ལེགས་པོ་སྐྲུན། ད་དུང་། མིག་རྒྱང་རིང་དུ་བསྲིངས་ཏེ་ཕན་ཚུན་མཉམ་འབྲེལ་སྒོས་སློབ་སྦྱོང་གི་གོ་སྐབས་བཙུགས་ཏེ། ༢༠༡༡ལོར་ཀྲུང་གོ་སྙན་གྲགས་ཅན་གྱི་རྩོམ་པ་པོ་མང་པོ་ཡུལ་ཤུལ་དུ་བསྐྱོད་དེ། དམངས་གཞས་འཚོལ་སྡུད་ཀྱི་བྱ་འགུལ་སྤེལ། ༢༠༡༢ལོར། རྒྱལ་ཡོངས་རང་བཞིན་གྱི་གེ་སར་རྒྱལ་པོའི་སྒྲུང་ཆེད་བཤད་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་འཚོགས། ༢༠༡༥ལོར། ཆུ་དམར་ལེབ་རྫོང་དུ་གེ་སར་རྒྱལ་པོའི་བཞུགས་ཁྲི་རིག་གནས་ཞིབ་འཇུག་གྲོས་བསྡུར་དང་རྫ་སྟོད་རྫོང་དུ་གེ་སར་རྒྱལ་པོའི་སྒྲུང་ལས་སྟག་གཟིག་ནོར་གྱི་རྒྱལ་པོའི་ཕ་ས་ཞེས་པའི་རྡོ་རིང་བཙུགས་པའི་བྱེད་སྒོ་སྤེལ། ༢༠༡༤ལོའི་ཟླ་༧པར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་མཉམ་འབྲེལ་གྱིས་ལང་ཚོའི་ཕྱིར་མིག་ཅེས་པའི་སྙན་ངག་དུས་ཆེན་དང་སྐབས་གཉིས་པའི་ཐང་བོད་གནའ་ལམ་སྙན་ངག་དུས་ཆེན་སྤེལ། ༢༠༡༥ལོར། ཕྱོགས་གང་ཐད་མ་རྩ་གྲབས་གསོག་བྱས་ཏེ། ལོ་མང་པོའི་རིང་ཡུལ་ཤུལ་དུ་ལས་དོན་སྒྲུབ་མཁན་གྱི་རྩོམ་པ་པོར་ཁམས་པའི་རྩོམ་པ་པོའི་ངོས་ནས་བརྒྱུད་དེ། ཚེ་རིང་དོན་གྲུབ་དང་བཀྲ་ཤིས་དར་མཚོ། ཀྲུས་གཞུས་ཧཱ། ཨ་ཆུང་བཅས་རྩོམ་པ་པོ་བཞིའི་སྙན་ངག་དང་སྒྲུང་རྩོམ་བརྩམས་ཆོས་དག་ཀྲུང་གོ་རྩོམ་པ་པོ་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན། མ་ཚད། ཡུལ་ཤུལ་གྲུ་མོ་མདའ་རུ་རྩོམ་རིག་སྒྱུ་རྩལ་གསར་གཏོད་མཐིལ་དང་ཡུལ་ཤུལ་རི་མོའི་གླིང་ཞེས་པ་གསར་དུ་བཙུགས།
  ཡུལ་ཤུལ་དམངས་ཁྲོད་སྒྱུ་རྩལ་པ་དང་དགོན་པའི་རི་མོ་བ། ཕ་སྐད་སྙན་ངག་རྩོམ་པ་པོ་བར་མཐུན་སྒྲིལ་དང་ཧུར་བརྩོན་ཆེན་པོས་སྒོ་ནས་མདུན་དུ་བསྐྱོད་དེ། ནུས་ལྡན་གྱི་རིག་གནས་གསར་གཏོད་ཀྱི་ཁྲིད་སྐུལ་ཆེད་དུ། རིག་གནས་སྡེ་ཁག་སོ་སོས་རྩ་འཛུགས་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ། ཁུལ་སློབ་འབྲིང་དང་སློབ་འབྲིང་གཉིས་པར་སློབ་བུ་༤༠༠ལྷག་ཅན་གྱི་རྩོམ་པ་པོའི་འཛིན་གྲྭ་བཙུགས། ༢༠༡༤ལོར། ཡུལ་ཤུལ་གྱི་འཆར་སྣང་དང་སྒ་སྐྱ་ལོའི་རིག་གནས་དུས་ཆེན། གཙང་གསུམ་འགོ་ཁུངས་སྒ་ཇོ་བོ་ནོར་ནག་རིག་གནས་དུས་ཆེན་དང་། སྐབས་བརྒྱད་པའི་ཁམས་པ་སྒྱུ་རྩལ་རིག་གནས་དུས་ཆེན། དབྱར་རྩྭ་དགུན་འབུ་དུས་ཆེན་སོགས་སྤེལ་བས། ཡུལ་ཤུལ་མི་དམངས་ཀྱིས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ལ་སྔ་ནས་མེད་པའི་ཚོར་འདུ་སྐྱེས། ཡུལ་ཤུལ་ཁུལ་རིག་གནས་སྡེ་ཁག་གིས་ཁུལ་ཡོངས་ཀྱི་ལས་བྱེད་དགེ་བཟོ་དང་སློབ་མའི་རིག་གནས་བྱ་འགུལ་ལ་མཐོང་ཆེན་བྱས་པར་མ་ཟད། མང་ཤོས་ནི་དམངས་ཁྲོད་ཀྱི་སྒྲུང་པ། དགོན་པའི་གྲྭ་བ། ཚོང་པའི་རིག་གནས་ཀྱི་བྱ་སྤྱོད་སོགས་ལ་མཛུབ་སྟོན་དང་སྐུལ་མ་བཏང་སྟེ། དམངས་ཡོངས་རིག་གནས་འཛུགས་སྐྲུན་དངོས་ལ་ཞུགས་ནས་འཆམ་མཐུན་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་ལ་ཧུར་གྱིས་བརྩོན་པས་གྲུབ་འབྲས་གཟེངས་སུ་འཕགས།
   མདོར་ན། སྐུ་ཞབས་ཕུན་ཚོགས་ཟླ་བ་ལགས་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པ་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་ཐ་གྲུ་འདིར་རྩོམ་རིག་སྒྱུ་རྩལ་གཙོས་པའི་སྒྱུ་རྩལ་རིག་གནས་ལ་ཉམས་སོར་ཆུད་དང་མ་ཉམས་གོང་འཕེལ་བཏང་བ་དང་། རིག་གནས་པའི་སྡེ་ལ་སྔར་ན་མེད་པའི་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་པས། ན་གཞོན་མང་པོ་ཞིག་ལ་རིག་གནས་ལ་དགའ་ཞེན་དང་། རིག་གནས་ལ་གཅེས་སྤྲས། རིག་གནས་ལ་འཇུག་འདོད་སོགས་སྐྱེས་ཏེ། ལོ་ངོ་སྟོང་ཕྲག་དུ་མར་བསགས་ཤིང་གྲུབ་པའི་ཡུལ་ཤུལ་རིག་གནས་ལ་གཞི་ནས་རེ་བའི་སྐྱ་རེངས་ཤར།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བོད་ཀྱི་དཔེ་རྙིང་འཚོལ་སྡུད་ཀྱི་ལས་ལ་མི་ཚེ་སྐྱེལ་བཞིན་པའི་སྐྱེས་ཆེན་དམ་པ་ཚེ་རིང་རྡོ་རྗེ།