དཔལ་ལྷ་སྒང་དགོན་པའི་ལོ་རྒྱུས།

རིག་བསྟན་དང་གངས་དབང་གིས།        2012-05-17

དཔལ་ལྷ་སྒང་དགོན་པའི་ལོ་རྒྱུས།

སྤྱིར་གདན་ས་འདི་གནས་བྱིན་རླབས་ཅན་ལྷ་ཐམས་ཅད་ཤིན་ཏུ་དགའ་ས་ཡིན་པས་ལྷ་དགའ་ཞེས་འབོད་སྲོལ་ཡོད།རྗེས་སུ་ལྷ་སྒང་ཞེས་ཡི་གེ་སྲོལ་ཆགས་ཡོད་ཀྱང་དོན་ལ་ལྷ་དགའ་ཡིན་པ་ཤེས་དགོས།ཡང་འགྲེལ་ལུགས་འགའ་རེ་ན་ལྷ་དགའ་སའི་གནས་ཁྱད་པར་ཅན་མི་ཉག་རབ་སྒང་དུ་གཏོགས་པས་ལྷ་སྒང་ཞེས་བྲིས་ཀྱང་ཟེར།ལྷ་སྒང་དགོན་མཐོང་གྲོལ་བསམ་གྲུབ་གླིང་ཆོས་སྡེ་ཆེན་པོ་ཞེས་པ་ནི་དར་མདོ་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་དུ།ལྕགས་གླང་སྤྱི་ལོ641ལོར་བོད་རྒྱ་སྲོང་བཙན་སྒམ་པོས་སྒོ་མིག་རྒྱ་ནག་ལ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐ་མར་མི་ཉག་རབ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་སྒང་དགོན་འདི་ཉིད་བཞེངས་པར་གྲགས་སོ།།
   གྲུབ་མཐའ་སྔོན་མ་བཀའ་བརྒྱུད་པ་ཡིན།ཕྱིས་སུ་ས་སྐྱ་ལ་གྱུར་ཡོད།གྲྭ་ས་རྫོང་གསར་སོགས་ལ་འགྲོ་སྲོལ་ཡོད།ཆོ་ག་ཕྱག་ལེན་ནི་ངོར་པ་དཔོན་སློབ་ཀྱིས་ཁྲིད་པར་བཤད།དང་པོ་དགོན་པ་འདེབས་མཁན་ནི་ཕ་བླ་མ་ཚང་ཟེར་བ་དེས་བཏབ་པ་ཡིན་ཟེར།རྟེན་གཙོ་བོ་ནི་བློན་པོ་མགར་དང་རྒྱ་བཟའ་ཀོང་ཇོ་གཉིས་བོད་དུ་བྱོན་སྐབས་ཡུལ་འདིར་བཞུགས་ཏེ་ཇོ་བོ་ཤྰཀྱ་མུ་ནེའི་ཞལ་སྐྱིན་དུ་ཁོང་རྣམ་གཉིས་ཀྱིས་བཞེངས་པར་བཤད་སྲོལ་ཡོད།ཇོ་བོས་འདིའི་ཡན་ལ་མི་འགྲོ་གསུངས་ནས་གསུང་འབྱོན་པས་མཚན་ལ་ཇོ་བོ་མི་འགྲོ་གསུང་འབྱོན་ཟེར།ལྷ་སའི་ཇོ་བོ་དང་ངོས་མཉམ་པར་བཤད་པས་ལྷ་ས་ལ་འགྲོ་རྒྱུའི་ཁས་ལེན་ཡོད་ན་ལྷ་སྒང་ཇོ་བོ་མཇལ་ན་ཁས་ལེན་སོད་པར་གྲགས་སོ།།
 འགན་ཁུར་སྐོར།དགོན་བདག་གཅིག ཁྲི་བ་གཅིག དབུ་མཛད་གཅིག དགེ་སྐོས་གཅིག མཆོད་དཔོན་རྒན་གཞོན་བཞི། ཕྱག་མཛོད་གཉིས། གྲྭ་པའི་ཞལ་གྲངས་བརྒྱ་དང་བདུན་ཅུ་ནས་ཉིས་བརྒྱ་ལྷག་ཙམ་བཞུགས།ཁང་པའི་གྲངས་ཀའི་སྐོར།གཙུག་ལག་ཁང་གཅིག འདུ་ཁང་།གཉེར་ཁང་།དཔེ་མཛོད་ཁང་གཉིས།ཇ་ཁང་།གྲུབ་ཐོབ་མཆོད་རྟེན་ལྷ་ཁང་།ཨུ་རྒྱན་ལྷ་ཁང་།བླ་བྲང་ཁང་།སྲུང་མ་ཁང་།ཇོ་བོའི་ལྷ་ཁང་།འཁོར་ཁང་བརྒྱད།སྐུ་གསུང་ཐུགས་རྟེན་སྐོར།ཇོ་ཁང་ནང་དུ་རྟེན་གཙོ་ཇོ་བོ་མཐོང་བ་དོན་ལྡན་ཆེ་བ་གཅིག ཐོག་རྩེག་གཅིག་ཅན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཁྱད་པར་བ་གཅིག བློན་པོ་མགར་གྱིས་བཟོས་པའི་སྟོན་པའི་སྐུ་གཅིག ལུས་ཚད་མ་གསེར་ཟངས་ལས་གྲུབ་པའི་རྒྱལ་དབང་ཀརྨ་པའི་སྐུ་གཅིག ཐོག་བརྩེགས་གཅིག་ཅན་གྱི་རྒྱལ་བ་བྱམས་པ།གུ་རུ་མཚན་བརྒྱད།དུས་གསུམ་སངས་རྒྱས།ས་པཎ།སྟོན་པ་བདུད་རྩི་འབབ་མཁན་དང་བཅས་པ་མང་ངོ།
  བཀའ་འགྱུར་ཁང་དུ་ཆོས་རྒྱལ་འཕགས་པས་གནང་བའི་བྱམས་པ་ལུས་ཚད་མ་གཅིག ཙན་དན་གྱི་བྱམས་པ་སོགས་ཡོད།བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་དུ།ཐོག་བརྩེགས་གཅིག་ཅན་གྱི་དུས་གསུམ་སངས་རྒྱས།སྐུ་གདུང་ཆ་བརྒྱད།རྒྱ་བཟའ་ཀོང་ཇོའི་སྐུ།གསེར་སྐུ་བཅས་མང་པོ་ཡོད།

དཔལ་ལྷ་སྒང་དགོན་པའི་ལོ་རྒྱུས།
 

  སྲུང་མ་ཁང་ནང་དུ།གུར་ཞལ་ལྷ་གསུམ།ལས་མགོན་སྡེ་ལྔ།བྲག་ལྷ།རྟ་མགྲིན།གསེར་སྐུ་ཆེ་ཆུང་ལྔ་བཅུ་ལྷག་ཙམ་ཡོད།ཐང་མོ་ཆེ་གཅིག དེ་མིན་ཐང་ག་ཆེ་ཆུང་ལྔ་བཅུ་ལྷག་ཙམ་མོ།བཀའ་བསྟན་གཉིས་ཚར་གཉིས་རེ།དགོན་པའི་རྒྱབ་ཀྱི་ཕྱོགས་བཞི་ལ་མཆོད་རྟེན་ཆེན་པོ་བཞི་ཡོད་དེ།ཤར་དཀར་རིས།ལྷོ་སེར་རིས།ནུབ་དམར་རིས།བྱང་ལྗང་རིས་བཅས་བཞི་ཡོད།དེའི་དཀྱིལ་དུ་མཆོད་རྟེན་བརྒྱ་དང་བརྒྱད་ཡོད།དགོན་པའི་མཐའ་སྐོར་དུ་རིགས་གསུམ་མགོན་པོའི་གནས་རིས་བརྒྱན་ཡོད།སྒོ་ཆེན་རྒྱབ་ཏུ་མཆོད་རྟེན་ཆེ་བ་གཅིག་ཡོད།
  རྟེན་གནའ་རྫས་རྩ་ཆེན་སྐོར།གསེར་སྐུ་རྒྱ་ནག་ལི་མ་མེ་ཐར་མ་ཟེར་བ་གཅིག རྣམ་རྒྱལ་མ།རྒྱ་གར་ཤར་ལིའི་སྟོན་པའི་སྐུ།དེ་མིན་ཐུབ་པ་གཅིག
བཀའ་གདམས་མཆོད་རྟེན་བཞི།ཇོ་བོའི་དབུ་རྒྱན་གསེར་དངུལ་ལས་མགར་བ་ཆ་གསུམ།སྙན་རྒྱན་ཆ་གཉིས།མགུལ་རྒྱན་ཆ་གཉིས།གཡུ།བྱུ་རུ།མུ་ཏིག སྤོས་ཤེལ་སོགས་དང་།དངུལ་གྱི་ཏིང་ཕོར་ཆ་ལྔ་ཡོད།ལིའི་ཏིང་ཕོར་ཆ་ལྔ་ཡོད།ནང་མཆོད་ཆ་གསུམ།དངུལ་ཀོང་ཆེ་ཆུང་སུམ་ཅུ་ཙམ།ཟངས་རག་གི་ཀོང་བུ་བརྒྱད་ཅུ་ལྷག་ཙམ།མུ་ཏིག་གི་དུང་གཤམ་རྒྱུ་ཆ་གཅིག གཡུའི་སེང་གེ་ཆ་གཅིག དུང་ཆ་གསུམ། དུང་ཆོས་དང་གཟུངས་ཐག་རྡོ་རྗེ་ཆ་གཉིས།སིལ་སྙན་ཆ་ལྔ།སྦུག་ཆལ་ཆ་སུམ་ཅུ་ཙམ།རྡོར་དྲིལ་ཆ་གསུམ།རྐང་གླིང་ཆ་བཞི།རྒྱ་གླིང་ཆ་གཉིས།དུང་ཆེན་ཆ་གསུམ།གདུགས་རྒྱལ་མཚན་བ་དན་ཀ་འཕན་བཅས་མཆོད་རྫས་ཆ་ཚང་བ་ཡོད།
དུས་མཆོད་འཚོགས་རྒྱུའི་སྐོར།ཟླ་བ་དང་པོའི་ཚེས་གཅིག་ནས་ཉིན་བཅོ་ལྔ།ཟླ་བ་གཉིས་པའི་ནང་ལོ་གཏོར་ཉིན་ལྔ།ཟླ་བ་གསུམ་པའི་ནང་འདས་མཆོད་ཉིན་གཅིག བཞི་པའི་ནང་ཀུན་རིག་སྒྲུབ་མཆོད་ཉིན་བཅུ།བསྙེན་གནས་ཉིན་ལྔ།ལྔ་པའི་ཀྱེེ་རྡོར་སྒྲུབ་མཆོད་ཉིན་བདུན།དྲུག་པའི་ཚེས་གཅིག་ནས་བཅོ་ལྔ་བར་དུ་དབྱར་ཆོས་འཚོགས།འཆམ་རྒྱག་རྒྱུ་དང་བཅས་པ་ཆ་ཚང་བ་ཡོད།དེ་རྗེས་དབྱར་གནས་ཟླ་བ་གཅིག་ཕྱེད་འཚོག་དགོས།བཅུ་གཅིག་པའི་ནང་ས་པཎ་འདས་མཆོད་ཉིན་གཅིག བཅུ་གཉིས་པའི་ནང་དགུན་ཆོས་ཉིན་བཞི།བཤད་གྲྭ་དང་སྒྲུབ་གྲྭ་ཡང་ཡག་པོ་ཡོད།གྲྭ་ས་གཙང་ངོ་རུ་དགོན་ཡིན།གདན་ས་འདིར་སྐྱེས་ཆེན་དམ་པ་ཆོས་རྒྱལ་འཕགས་པ་དང་།རྒྱལ་བ་ཚང་།པཎ་ཆེན།ས་སྐྱ་གོང་མ།བེེ་རོ་ཙྰ་ན།ངག་དབང་ལེགས་པ།གཅུང་རིན་པོ་ཆེ།ཀརྨ་བ།མདོ་མཁྱེན་བརྩེ་སོགས་དམ་པའི་སྐྱེ་བུ་མང་པོ་བྱོན་མྱོང་ཡོད།
ད་ལྟར་འདུ་ཁང་དང་།སྲུང་མ་ཁང་།གཉེར་ཁང་།ཇ་ཁང་།བླ་བྲང་ཁང་།གྲྭ་ཤག་བརྒྱད་ཅུ་གྱ་ལྔ།འཁོར་ཁང་སོགས་ཞིག་གསོ་བྱས་ཡོད།འདམ་སྐུ་དང་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་དྲུག་ཅུ་ལྷག་ཙམ།བཀའ་བསྟན་ཚར་གཉིས་རེ་ཡོད།བཀའ་འབུམ་སྐོར་མང་པོ་བཞུགས།དུས་མཆོད་སོགས་སྔར་བཞིན་ཡོད།མཆོད་ཆས་དང་རོལ་མོ།མཆོད་རྟེན་ཆེ་བ་བཞི་གཙོ་བོ་དང་གཞན་ས་རྡོ་ལས་གྲུབ་པའི་མཆོད་རྟེན་བརྒྱ་དང་བརྒྱད་ཡོད་དོ།།

 

  • ལེ་ཚན་སྔོན་མ།:མི་ཉག་ལྕགས་ཟམ།
  • ལེ་ཚན་རྗེས་མ།:འཛམ་གླིང་སྟེང་ཆེས་ཆེ་བའི་ཡུལ་ཤུལ་གྱི་མ་ཎི་རྡོ་འབུམ།