ཀ་བཞི་མི་ཕམ་གླིང་གི་དགོན་རྙིང་བརྟན་ལོ་དགོན་སར་བྱང་ཆུབ་ཕུན་ཚོགས་གླིང་གི་རྗེས་ཤུལ་མཇལ་བ།

ཉན་ཤུལ་འཇམ་དབྱངས་གྲགས་པ།        2015-08-10

རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ༢༠༡༣ལོའི་དབྱར་ཟླ་ལྔ་པའི་དུས་ཤིག་ལ།སྨུག་རོང་འབྲོག་པའི་གྲྭ་བཙུན་ཐུབ་བསྟན་དར་རྒྱས་ཞེས་པས་རོགས་བྱས་ཏེ་སྨུག་རོང་ས་ལེབ་ནས་རྟ་གཉིས་ལ་བཞོན་ཏེ་ཤར་ཕྱོགས་ཡ་པ་ལ་ཐོག་ཅེས་པའི་ལ་བརྒལ་ནས།ཚུར་རྒྱབ་བརྟན་དགོན་གྱི་གཡོན་ནས་ཐག་ཅུང་རིང་བ་ཞིག་ན།སྨུག་རོང་དབྱི་འེ་བ་དང་ཉ་རྒྱས་བ་ཞེས་པའི་རྒྱུད་ལས་མཆེད་པའི་བསོད་ནམས་ཕུན་ཚོགས་ཟེར་བ་འབྲོག་པ་ཁྱིམ་ཚང་ཞིག་རི་ཟུར་མའི་མདུན་ཕྱོགས་སུ་རུ་བ་བསྡད་ཡོད་པར་གནས་ཚང་བཅས།དེ་ནས་བསོད་ནམས་ཕུན་ཚོགས་ཀྱིས་རྒྱུས་ཁྲིད་བྱས་ཏེ་དངོས་སུ་ཞིབ་མཇལ་དང་རྗེས་ཤུལ་བཙལ་བར་བསྐྱོད།།
  དེ་ཡང་བརྟན་ལོ་དགོན་སར་ནི།ད་ལྟའི་སྨུག་རོང་འབྲོག་སྡེ་དང་སོག་རག་ཅེས་པའི་འབྲོག་སྡེ་གཉིས་ཀྱི་མཚམས་དེ་ན་ཡོད།དགོན་པའི་བྱང་ཕྱོགས་སྨུག་རོང་དང་།ཤར་སྨད་ཕྱོགས་སོག་རག་ལ་འཁོར་ཡོད།ཐོག་མར་དགོན་ཤུལ་མཇལ་ཚེ་གནས་གཙང་ཞིང་ཡིད་དུ་འོང་བ་ཞིག་ཏུ་རྩིག་ཤུལ་རྣམས་ཡོད་ཅིང་།འདུ་ཁང་གི་རྩིག་པ་ནི་ཞེང་རྒྱ་ཆེ་ལ་བརྟན་པ་ཞིག་རེད་འདུགའདུ་ཁང་ཁ་ཤར་བལྟ་ཡིན་ཞིང་།དབུས་དང་གཡོན་གྱི་རྩིག་འགྲམ་ན།སྲ་ཤིང་སྡོང་བུ་ཆེ་ལ་རིང་བ་འགའ་རེ་སྐྱེས་ཡོད་ཅིང་།འདུ་ཁང་གི་དཀྱིལ་ཐད་དུ་མེ་ཏོག་ཨུཏྤལ་སེར་པོ་མང་པོ་སྐྱེས་འདུགའདུ་ཁང་གི་གཡས་ཕྱོགས་ན་གྲྭ་ཁང་ཤག་སྐོར་གྱི་ཤུལ་མིན་ནམ་སྙམ་པ་ཆེ་བ་ཞིག་དང་།དེ་མིན་ཀྱི་ཁང་ཤུལ་ཆུང་ངུ་འགའ་བཅས་འདུགདགོན་པའི་རྒྱབ་ཀྱི་རི་ལྡེབས་སུ་གྲྭ་ཁང་མང་པོའི་ཤུལ་རྗེས་བཞུགས།དགོན་པའི་གཡས་ཕྱོགས་ཀྱི་རི་སྣ་ཐུར་དུ་གཞོལ་བ་ཞིག་ཡོད་པར་ཇོ་མོ་སྣ་གདོང་ཟེར།དེ་ན་ཇོ་དགོན་ཀྱི་རྩིག་ཤུལ་འགའ་འདུགདགོན་པའི་གཡོན་ཕྱོགས་ཀྱི་རྒྱང་གྲགས་གཅིག་ཙམ་ན་མཆོད་རྟེན་ཆེན་པོ་ཞིག་གི་ཤུལ་ཡོད།ཡུལ་དེའི་མི་རྣམས་ཀྱིས་དེ་ལ་མཆོད་རྟེན་ཆ་ཟེར།རྒྱབ་རིའི་རྒྱབ་ཕྱོགས་ན་རི་ཟུར་མ་ཞེས་པའི་རྫ་རི་རྔམས་བརྗིད་ཅན་ཞིག་ཡོད་པའི་མཚན་ལ་དགེ་བསྙེན་རྡོ་རྗེ་ལེགས་པ་ཟེར།ཀ་བཞིའི་གསོལ་མཆོད་དུ།ཡབ་རྡོ་རྗེ་ལེགས་པ་ཞེས་འབྱུང་བ་དེ་ཡིན།དེའི་གཡས་ཀྱི་རྩ་བར་རི་ཟུར་མཚོ་ཡོད་པ་དང་།མདུན་དུ་སྤང་ཐང་ཟླུམ་པོ་ཆེ་ཙམ་ཡོད་པར་རི་ཟུར་དགེ་བསྙེན་གྱི་ལྷ་གཡག་ཉལ་ས་ཞེས་མིང་ཐོགས་ཡོད།དགོན་སར་གྱི་གཡོན་ངོས་ནས་རི་སྣ་ཞིག་ཐུར་དུ་ཤར་ཕྱོགས་སུ་བརྒྱུགས་ཡོད་པའི་སྣེ་དང་།དེའི་མདུན་ཕྱོགས་སུ་རི་གླང་ཆེན་འདྲ་བ་ཞིག་ཡོད།དེ་ལ་ཡུལ་མིས་གླང་ཆེན་སྐེ་ཁུག་ཟེར།གོང་བཤད་རི་སྣ་དང་གླང་ཆེན་སྐེ་ཁུག་གཉིས་ཀྱི་བར་དུ་ན་སྤང་འདྲེས་པ་རྒྱ་ཆེ་ཙམ་ཡོད་པའི་དཀྱིལ་ན་ཆུ་མིག་ཅིག་ཡོད།དེ་ལ་ཡུལ་མིས་རྒྱ་མཚོའི་ལྟེ་བ་ཟེར།དེ་ལ་ང་ཚོའི་དབྱུག་པ་འདོམ་དོ་ཕྱེད་ཙམ་ཡོད་པ་ཞིག་གཏིང་དུ་བཏང་ཡང་གཏིང་གི་ཚད་མ་ལོན་པ་པར་རིས་བཅས་བཀོད་ཡོད།དེ་ནི་བརྟན་ལོ་རིན་ཆེན་རྒྱལ་མཚན་གྱི་བརྟན་འབུམ་དུ་གྲགས་པ་ད་ལྟ་ཀ་བཞི་ཆགས་དགོན་གྱི་ནང་རྟེན་དུ་བཞུགས་པ་དེ་ཀླུ་ཡུལ་ནས་གདན་དྲངས་ཡུལ་ཡིན་པར་གྲགས།ཡང་དམུ་རྗེ་ལུང་འཛོམ་མདོ་ཞེས་པའི་ས་ན་དེ་དང་འདྲ་བའི་ཆུ་མིག་ཅིག་ཡོད།དེ་ལ་དམངས་ཁྲོད་གཏམ་རྒྱུད་དུ།སྔོན་ཚོང་དཔོན་ནོར་བུ་བཟང་པོའི་གཡོག་པོ་ཞིག་མཚོ་མིག་དེར་ལྷུང་བས་མ་རྙེད།ཕྱིས་གཡོག་པོའི་ནང་མི་འཁོར་བཅས་མི་རྒྱུ་གཉིས་ཀ་ཧ་ཅང་དར་བས།མཚོ་མིག་དེ་དུར་འདེབས་པའི་ས་ལ་བཟང་བར་གྲགས་པས།ཕྱིས་སུ་མིའི་དཀར་རྩི་སཙྪ་མཚོ་མིག་དེར་འཕེན་སྲོལ་དར་བར་གྲགས།དེའི་སྐོར་གྱི་ཆུ་ལ་དགུན་ཁ་ཆབ་རོམ་མི་ཆགས་པར་བཤད་པ་དང་།སཙྪ་དེར་འཕངས་པའི་ན་བཟའ་རེས་འགའ་རྒྱ་མཚོའི་ལྟེ་བ་ཞེས་པར་འབུད་པ་དངོས་སུ་མཐོང་མྱོང་།ཞེས་སྨུག་རོང་བླ་མ་ཨ་མཁྱེན་གྱི་ཞལ་ནས་ཐོས་སོ།།ཡང་དགོན་པའི་རྒྱབ་རིའི་རི་རྒྱུད་ལྷོ་རུ་གྱེན་དུ་ཟུག་པ་རྩེ་གསུམ་ཅན་ཞིག་ཡོད་པ་དེ་ལ་ཡུལ་མིས་རྒྱབ་རི་སྐེ་གུག་ཟེར་ཞིང་།ད་ལྟ་ཀ་བཞི་ཆགས་དགོན་གྱི་ཆོས་སྤྱོད་དུ་འདོན་བཞིན་པའི་དཀར་གཏོར་འཕྲིན་བཅོལ་དུ།རྒྱབ་རི་ཆོས་ཀྱི་རྒྱལ་པོ་ཞེས་འབྱུང་བ་དེ་ཡིན།དེ་སྤར་རིས་ཀྱང་བླངས་ཡོད།ཡང་རི་ཟུར་དགེ་བསྙེན་གྱི་མདུན་དུ་སྤང་རི་ལྷ་བཤོས་ལྟ་བུ་མཛེས་པ་རི་སྣ་ཤར་ཕྱོགས་སུ་ཟུག་པ་ཞིག་ཡོད་པར།ཡུལ་མིས་རི་ཟུར་སྲས་ཟེར་ལ།ཀ་བཞི་མི་ཕམ་གླིང་གི་འཕྲིན་བཅོལ་དུ།སྲས་བློན་པོ་ཞེས་འབྱུང་བའི་སྲས་དེ་ཡིན་པ་པར་རིས་སུ་བཀོད་ཡོད།ཡང་རི་ཟུར་མའི་གཡོན་ཕྱོགས་ཐག་ཅུང་རིང་བ་ཞིག་ན་རྫ་རི་མཐོ་ལ་བརྗིད་པ་ཞིག་ཡོད་པར་ཡུལ་མིས་རྫ་དམར་དམག་དཔོན་ཟེར།དེ་ནི་ཀ་བཞིའི་འཕྲིན་བཅོལ་དུ།སྲས་བློན་པོ་འཁོར་དང་བཅས་པ་ཞེས་འབྱུང་བའི་བློན་པོ་དེ་ཡིན་ནོ།།
  དགོན་སར་འདབས་ཀྱི་ཆུ་ལྷོ་ཕྱོགས་སུ་རྒྱུ་བ་དེ་ལ་འཇགས་གཤིས་ཆུ་ཟེར།ཆུ་དེའི་བྱང་ཤར་ཕྱོགས་སུ་སོང་ན་གསེར་ཁ་ཁོག་ཅེས་པར་སླེབས།དེ་ན་སྔར་གསེར་ཁ་བ་གདུང་རྒྱུད་རིམ་བྱོན་གྱི་གདན་ས་གསེར་ཁ་མཎྜལ་གླིང་ཞེས་པའི་དགོན་ཤུལ་ཡོད།འོན་ཀྱང་སྤྱི་ལོ་ཉིས་སྟོང་བརྒྱད་ཙམ་ལ་རྒྱ་ཡི་གསེར་རྐོ་མང་པོ་བྱུང་ནས་འཕྲུལ་ཆས་དུ་མ་བསླེབས་ཏེ་གསེར་བརྐོས་པས་ཡུལ་དེའི་མི་སེར་གྱིས་ངོ་རྒོལ་བྱས་པ་སོགས་ཀྱིས་ཁ་མཆུ་སོགས་གླེང་སློང་མང་པོ་བྱུང་།སྐབས་དེར་དགོན་ཤུལ་ཡང་གསེར་རྐོས་མི་མངོན་པར་བྱས་པས་ད་ལྟ་གསེར་ཁ་དགོན་པའི་ཤུལ་བཙལ་རྒྱུ་མི་རྙེད་པར་གྱུར་ཏོ།།འཇགས་གཤིས་ཆུ་མར་ལྷོ་ཕྱོགས་སུ་དེད་ནས་སོང་ན་བྲག་ཁ་གྲག་ཟེར་བ་དེར་ཐུག་ཡོད།དེ་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ།དེ་ཡང་ཨོ་རྒྱན་བདུད་འཇོམས་གླིང་པ་སྟེ།ཡོངས་གྲགས་སུ་སྡེ་དགེ་གཏེར་སྟོན་ཞེས་གྲགས་པ་དེ་སྨུག་རོང་ཕྱོགས་ནས་མར་མགར་ཐར་ལ་ཕེབས་པའི་སྐབས་སུ།བྲག་ཁ་གྲགས་ཞེས་པའི་རྩ་བར་ཞག་མལ་བྱས།བྲག་དེའི་གནས་བདག་དེ་དང་གླེང་མོལ་བྱུང་བའི་གཏམ་རྒྱུད་འདི་ལྟར་ཐོས་ཏེ།གནས་བདག་དེས།བདག་ནི་འདི་ཕྱོགས་ཀྱི་ཡུལ་ལྷ་གཞི་བདག་རྣམས་ཀྱི་འཕྲིན་སྐྱེལ་བ་ཡིན་པས་ཕྲིན་སྐྱེལ་བར་འགྲོ་དགོས་ཟེར།ཕྱི་དྲོ་འབོད་སྒྲ་དྲག་པོ་བཏང་ནས་གཞི་བདག་ཐམས་ཅད་མགྱོགས་པར་ཤོག  ཉི་འདྲ་ཨ་མྱེའི་སྟེང་དུ་དམག་འགྲོ་དགོས་པ་དང་།རྫ་ལ་ཕུར་བུ་ལ་འགེལ་རྟ་ཞིག་ཁེལ་བས་ཁྲིད་ཤོག་ཅེས་སྐད་གསང་མཐོན་པོས་བོས་པ་ཐོས།དེ་ནས་ས་རུབ་བ་དང་།སྤྲིན་ནག་ལྷོག་ལྷོག་ཁོལ་ཞིང་རླུང་དམར་དྲག་པོས་འུར་སྒྲ་སྒྲོགས་བཞིན་གཞི་བདག་རྣམས་ཤར་ཕྱོགས་སུ་ཆས་སོ།།དེ་ནས་ནམ་ཕྱེད་ཙམ་ལ་གནས་བདག་དེ་བསླེབས་པར་གཏེར་སྟོན་གྱིས་དྲིས་པ།གཞི་བདག་རྣམས་ཀྱིས་ཉི་འདྲ་ཨ་མྱེའི་སྟེང་དུ་དམག་དྲངས་ནས་ཅི་འདྲ་བྱུང་།ཞེས་དྲིས་པར།ཕམ་ཁ་ཆེན་པོ་བླངས་སོང་།རྫ་ལ་ཕུར་བུའི་འགེལ་རྟ་བཅག་སོང་།ཁྲ་དྭངས་མའི་བུ་བསད་སོང་ཞེས་ཟེར།ཕྱི་ཉིན་གཏེར་སྟོན་མར་བྱོན་པའི་ལམ་ཁ་ན།རྡོ་དཀར་ཤར་ཟེར་བར།ཤྭ་བ་ཞིག་གི་རྐང་པ་ཆག་སྟེ་ལུས་ཡོད་པ་ལ་གཟིགས་པས།རྐང་པ་ཆག་མཚམས་ལ་ཡུངས་དཀར་མང་པོ་ཟུག་ཡོད་པ་དང་།དེ་ནས་མར་ཕེབས་པའི་ལམ་ན་རྩུབ་ཅིག་ཡོད་པར།ལམ་དཀྱིལ་དུ་སྦྲུལ་ཞིག་ཤི་ཡོད་པའི་རྒྱབ་ན་ཡང་ཡུངས་དཀར་མང་པོ་ཟུག་འདུག་པ་གཟིགས་པས།རྫ་ལ་ཕུར་བུའི་འགེལ་རྟ་ཤྭ་བ་དེ་ཡིན་པ་དང་།ཁྲ་དྭངས་མའི་བུ་སྦྲུལ་དེ་ཡིན་པ་ཤེས་ནས་ཕྱིན་ཆད་ས་དེར་སྦྲུལ་ཤི་རྩུབ་ཅེས་པའི་མིང་ཐོགས།དེ་ནས་གཏེར་སྟོན་གྱིས་ཉི་འདྲ་ཨ་མྱེ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་བལྟ་དགོས་དགོངས་ཏེ།ཤྭའུ་གཤིས་ཉི་འདྲ་ནང་དུ་ཨ་མྱེའི་སྒྲུབ་ཁང་དུ་ཕེབས།དེར་ཨ་མྱེ་ལ་ཁྱེད་དང་གཞིས་བདག་རྣམས་ཇི་ལྟར་འཐབ་འཛིང་བྱས།ཞེས་དྲིས་པས།ཨ་མྱེས་ང་སྒྲུབ་ཁང་དུ་མ་བསྡད་པར་སྒྲུབ་ཁང་སྒོ་རྩར་བདག་གི་སྔགས་ཆས་རྣམས་སླེ་བོ་ཞིག་ལ་བསྐོན་ནས་བཞག  ང་རང་གནས་གཞན་དུ་སྔགས་བགྲང་བ་དང་།ཡུངས་ཐུན་བསྔགས་ནས་རྐང་དུང་གི་ནང་དུ་བླུགས་ཏེ་བསྒུགས་བསྡད་པ་དང་།གཞི་བདག་རྣམས་ཐོག་འབྲུག་གློག་གསུམ་བཅས་བསླེབས་ནས་སྔགས་ཆས་ཀྱི་མགོ་ལ་ཐོག་གསུམ་འཕངས་བྱུང་།དེའི་ཚེ་བདག་གིས་རྐང་དུང་གིས་ཡུངས་ཐུན་སྤུར་བས་གཞི་བདག་རྣམས་ཀྱིས་མ་བཟོད་པར་བྲོས་སོང་།དེས་འགའ་ཞིག་ལ་ཡུངས་ཐུན་ཕོག་ཡོད་ཤས་ཆེ་ཟེར།ཡང་གཏེར་སྟོན་གྱིས་གཞི་བདག་རྣམས་ཀྱིས་ཁྱེད་ཀྱི་སྟེང་དུ་དམག་དྲང་གི་ཡོད་པ་ཇི་ལྟར་ཤེས།ཁྱེད་ལ་མངོན་ཤེས་ཡོད་པ་ཡིན་ནམ།ཞེས་དྲིས་པ་ན།ཨ་མྱེས་ང་ལ་མངོན་ཤེས་མེད་ཀྱང་ལུང་པ་འདིའི་ཕུ་ན།ཀླུ་མོ་རིལ་རིལ་བྱ་བའི་རི་ཆུང་ནགས་ཚལ་གྱིས་གཡོགས་པ་ཞིག་ཡོད་པའི་ཀླུ་མོ་དེ་བདག་དང་གྲོགས་པོ་ཡིན་པས་ང་ལ་གསང་བརྡ་སྤྲད་བྱུང་བས་བདག་ལ་རྒྱལ་ཁ་ཐོབ་པ་རེད།ཅེས་གསུངས་འདུག      ཡང་རི་ཟུར་མའི་རྒྱབ་ཕྱོགས་སུ་བཙུན་མོ་རིན་ཆེན་སྒྲོལ་མ་ཞེས་པའི་རི་བོ་ཤིན་ཏུ་མཛེས་པ་ཞིག་ཡོད་ཅིང་།དེ་ནི་ཀ་བཞིའི་གསོལ་མཆོད་དུ་ཡུམ་རིན་ཆེན་སྒྲོལ་མ་ཞེས་འབྱུང་བ་དེ་ཡིན།དེའི་ཟུར་དུ་དེ་ལས་ཅུང་དམའ་བའི་རི་བོ་ཕྲ་ཉམས་ཅན་ཕྲག་པ་ན་ཧལ་ཉག་ཡོད་པ་ཞིག་དང་།དེ་གཉིས་ཀྱི་བར་ན་རི་སྣ་ཚོན་པོ་ཞིག་ཡོད།དེར་དམངས་ཁྲོད་གཏམ་རྒྱུད་དུ།རིན་ཆེན་སྒྲོལ་མ་དང་ཆ་འདྲ་བའི་རི་ཧལ་ཉག་ཅན་དེ་གཡོག་མོ་ཡིན་ལ།དེའི་བར་གྱི་རི་སྣ་ཚོན་པོ་དེ་རིན་ཆེན་སྒྲོལ་མའི་མཛོ་མོ་ཡིན་ཞིང་།   གཡོག་མོས་ཛོ་མོ་བཞོ་སྐབས་མཛོ་མོས་འཕྲ་བརྒྱབ་ནས་གཡོག་མོའི་ཁ་ལ་ཕོག་ཏེ་སོ་གཅིག་བཅད་པས།    གཡོག་མོའི་རི་ལ་ཧལ་ཉག་བྱུང་།   དེ་ལ་ཆག་གེ་མ་སྟེ་སོ་ཆག་མ་ཞེས་མིང་ཐོགས་པར་གྲགས་སོ།།
  གཞན་ཡང་བརྟན་ལོ་དགོན་སར་མདུན་གྱི་བང་ན་ན་སྤང་རྫ་གསུམ་འདྲེས་པ་ཞིག་ཡོད་ཅིང་།དེའི་ནང་གི་རྫ་རྣམས་རི་མོ་བས་བྲིས་པ་ལྟ་བུའི་པད་མ་དང་།འཁོར་ལོ།དཔལ་བེའུ་སོགས་ཀྱི་རི་མོ་དོད་ཡོད་ཅིང་།ཞོལ་ན་དགོན་སར་ལ་ཁ་ཕྱོགས་པའི་ནགས་རི་དིལ་མགོ་སཙྪ་ལྟ་བུའི་རི་རྒྱུད་སོགས་མེད་པའི་ཁེར་ཆད་ཡ་མཚན་པ་གཉིས་ཡོད་པའི་གཡས་པ་དེ་ནི་བུམ་པ་རི་དང་།གཡོན་པ་དེ་ལ་དུང་དཀར་རི་ཟེར།དེ་ནས་ཡར་དགོན་པར་ཕྱོགས་པའི་ན་བ་སོགས་ཀྱི་དཀྱིལ་ན་སྤང་ཟླུམ་པོ་སྔོ་ལྗང་བལྟ་ན་སྡུག་པ་ཞིག་ཡོད་པར་མཎྜལ་ལ་ཐོག་ཟེར།དགོན་པའི་བང་གི་རྫ་ཡི་རི་མོ་བྲིས་པ་ལྟ་བུའི་ནང་ན་ཉའི་དབྱིབས་ལྟ་བུའི་ཕ་ཝཾ་གཉིས་ཡོད་པར་གསེར་ཉ་རང་བྱུང་ཟེར།འོན་ཀྱང་ལ་ལས་མདུན་རིའི་ངོས་ན་ནགས་ཚལ་ཉ་གྱེན་དུ་འཕྱོ་བ་ལྟ་བུ་གཉིས་ཡོད་པ་དེ་གསེར་ཉ་རང་བྱུང་ཡིན་ཡང་ཟེར།དགོན་པའི་རྒྱབ་རིའི་རྒྱུད་ཀྱི་རི་དབྱིབས་ལ་གདུགས་རང་བྱུང་དང་།རྒྱལ་མཚན་རང་བྱུང་སོགས་ཡོད་པ་བཅས་ཡུལ་ལ་དགེ་བཅུ་ཚང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཆགས་ཚུལ་ཡ་མཚན་པ་ཡོད།ཡང་དགོན་སར་གྱི་རྒྱབ་དང་རི་ཟུར་སྲས་ཀྱི་བར་དུ་ལུང་པ་ཞིག་གི་ཁ་ཤར་དུ་གྱུ་ནས་ཆུ་འབབ་བཞིན་པའི་ངོས་གཡས་ཕྱོགས་ཐམས་ཅད་ཚ་ཤིང་སོགས་ཀྱིས་ཁེངས་པའི་རི་རྒྱུད་གླང་ཆེན་གྱི་སྣ་ལྟ་བུ་དང་།གཡོན་ངོས་རྫ་སྤང་འདྲེས་མར་ཤུག་ཚེར་དང་།སྐྱེར་པ་སོགས་ཀྱིས་གང་བའི་རི་རྒྱུད་གཉིས་ཀྱིས་བཅད་པའི་ཕུ་ན།རྫ་རི་རྩེ་གསུམ་པ་བརྗིད་ཆགས་ཤིག་ཡོད་པ་དེ།ཀ་བཞིའི་འཕྲིན་བཅོལ་དུ།བརྟན་ལོ་གོང་མ་རིན་ཆེན་རྒྱལ་མཚན་གྱི་བཀའ་ཉན་ཀླུ་བདུད་བཙན་གསུམ་ཞེས་པ་ཞིག་འབྱུང་དེ་ཡིན་ནམ་སྙམ་ཡང་ལོ་རྒྱུས་དང་ས་རྒྱུས་ལ་མཁས་པ་བྱུང་ཚེ་དཔྱད་དགོས་སོ།།
                                                    སྨྲས་པ།
སྲིད་འདིར་བདེན་པའི་ཆོས་ཤིག་མ་མཆིས་མོད།།
མེད་ཀྱང་ཡོད་པ་རྟོག་པས་བཏགས་པ་ཙམ།།
འདི་འདྲའི་གཏམ་གྱིས་མི་ཚེ་གྲོན་པ་ཡི།།
མདོ་མེད་འཇམ་དབྱངས་གྲགས་པའི་འཁྲུལ་གཏམ་མོ།།
  • ལེ་ཚན་སྔོན་མ།:ལུང་བསྟན་གེ་སར་ཐང་ཆེན།
  • ལེ་ཚན་རྗེས་མ།:མགར་སྟོང་བཙན་ཁྱིམ་རྒྱུད་ཀྱི་རྗེས་ཤུལ་འཚོལ་བ།