མཁས་གྲུབ་དང་མིག་དམར་གྱིས། 2017-09-21
དཀར་མཛེས་ཀྱི་རིག་གནས་སྣ་མང་བརྒྱུད་འཛིན།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་འོད་སྟོང་འཕྲོས་པས་ཁམས་པའི་རིག་གནས་འབྱུང་ཡུལ་གྱི་ཡ་གྱལ་དུ་གྱུར། ཟབ་ཅིང་ཕུན་སུམ་ཚོགས་པ་དང་སྣ་མང་ཁྱད་ཆོས་མངོན་པའི་དངོས་པོའི་རིག་གནས་ཀྱི་ཤུལ་བཞག་དང་གཟུགས་མེད་རིག་གནས་ཀྱི་ཤུལ་བཞག་མང་པོ་ཡོད་པ་རེད། ཤུལ་བཞག་འདི་དག་ལས་ཁམས་པའི་བོད་རིགས་ལས་མེད་པའི་བསམ་པའི་རིན་ཐང་དང་བསམ་ཕྱོགས། བསམ་པའི་བཀོད་ཤུགས།རིག་གནས་ཀྱི་འདུ་ཤེས་བཅས་མངའ་བ་དང་མི་རིགས་ཀྱི་གསོན་ཤུགས་དང་གསར་སྐྲུན་བྱེད་ཤུགས་ཀྱང་མངོན་གྱི་ཡོད། ཁྱད་དུ་འཕགས་ཤིང་གཏིང་ཟབ་པོའི་མི་རིགས་དང་དམངས་ཁྲོད་ཀྱི་རིག་གནས་འབོར་ཆེན་ཡོད་པར་བརྟེན། དཀར་མཛེས་ཁུལ་ལ་དར་མདོའི་མཛའ་གཞས་ཀྱི་ཆོལ་ཁ་དང་། ཁམས་པའི་རིག་གནས་ཀྱི་འབྱུང་ཡུལ། གེ་སར་རྒྱལ་པོའི་ཕ་ས། ཤམ་བྷ་ལའི་ས་ཁུལ་གཙོ་བོ། རྒྱལ་རོང་རིག་གནས་ཀྱི་ལྟེ་གནས། ལོ་རྒྱུས་རིག་གནས་ཀྱི་དར་ལམ། ཀྲུང་གོའི་མི་རིག་གི་མཛེས་ལྗོངས་ལམ་ཆེན་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
ཡུལ་ས་སྡོད་ཁང་།
རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱིས་ས་མཐོའི་རང་བྱུང་ཁོར་ཡུག་སྡུག་པོའི་ཁྲོད་དུ་ལག་ལེན་ཡུན་རིང་པོར་བརྒྱུད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ས་གནས་ཀྱི་ཁྱད་ཆོས་མངོན་པའི་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་བསགས་པའི་ཤུལ་བཞག་ཅིག་ནི་དཀར་མཛེས་ཁུལ་གྱི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་རེད།
སྡོད་ཁང་འཛུགས་སྐྲུན་གྱི་ཐད་ནས་དངོས་ཡོད་གནས་ཚུལ་དང་བསྟུན་ཞིང་འབྱུང་འཕྲོད་ཀྱི་རྩ་དོན་ལ་དོ་སྣང་བྱས་ཤིང་། ཁང་ས་རི་རྐེད་དང་རི་འདབས། ཉི་མར་ཁ་ཕྱོགས་པ། ཆུ་དང་ཐག་ཉེ་བ་བཅས་སུ་བདམ་པས་ཐོན་སྐྱེད་བྱ་བདེ་བ་རེད། ས་བབ་ལ་བརྟེན་ནས་འཛུགས་སྐྲུན་གྱི་ཁང་རྩེག་ཇེ་མང་དང་ཁང་རྩེག་གི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ་བར་སྟོང་ཆེ་རུ་བཏང་། འཛུགས་སྐྲུན་གྱི་རྒྱུ་ཆའི་ཐད་ས་དེ་གའི་རང་བྱུང་གི་ས་རྡོ་ཤིང་གསུམ་བླངས་ནས་གྲོན་སོང་ཆུང་ཞིང་སྲ་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་དུ་མ་བསྐྲུན་པར་མ་ཟད་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཡོད། བཟོ་སྐྲུན་མང་ཤོས་ཀྱང་ཕྱི་ཁོར་ཡུག་ལྗང་འགྱུར་དང་ནང་བཅད་བཀོད་མཛེས་འགྱུར་ཡོང་བར་དོ་སྣང་བྱས་ཏེ་འབྱུང་ཁམས་དང་ཡོངས་སུ་འཕྲོད་ཅིང་སྡོད་སྙིང་བྲོ་བ་ཡིན་པ་རེད།
དེ་ནི་རྒྱ་ཆེའི་བོད་རིགས་མི་དམངས་ཀྱིས་རི་མཐོ་ས་གཙང་གི་རང་བྱུང་ཁོར་ཡུག་གི་ཐོན་ཁུངས་ལོ་ངོ་བརྒྱ་སྟོང་མང་པོར་ལོངས་སུ་སྤྱད་དེ་འཚོ་བའི་དགོས་མཁོ་དང་བསྟུན་ནས་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་བཟོ་སྐྲུན་ཞིག་ཡིན་པ་དང་། མིའི་འཚོ་བར་འབྲལ་ཐུབ་མེད་པའི་ཉི་འོད་དང་འཐུང་ཆུ་སོགས་ཆ་རྐྱེན་གང་ལེགས་ཀྱི་གནས་སུ་འཛུགས་སྐྲུན་བྱས་ཡོད་པས་མེས་པོ་གོང་མ་རྣམས་ཀྱིས་ཕྱི་རབས་པ་དག་ལ་བཞག་པའི་ཤུལ་བཞག་གི་ནོར་བུ་རྩ་ཆེན་དུ་སྒོམ་ཆོག་ཆོག་ཡིན། དཔེར་ན་ཀྲུང་གོའི་ཆེས་མཛེས་པའི་རི་གྲོང་ཞེས་པའི་མཚན་སྙན་ཡོད་པའི་རོང་བྲག་གྱ་གྱུའི་བོད་གྲོང་ལྟ་བུར་མཚོན་ནའང་རང་བྱུང་གི་ས་རྡོ་དང་ཤིང་ཆས་རྒྱུ་བྱས་ནས་གྲུབ་པའི་ཡུལ་མིའི་སྡོད་ཁང་ཞིག་ཡིན་ལ། ཤིང་གི་ཀ་བ་དང་པང་བ་ཡོངས་རྫོགས་བཙག་དམར་བྱུག་ཡོད་པ་དང་། ཐོག་ཁང་གཉིས་པ་ཡན་ཆད་གྱི་གྱང་ནི་མདོག་ཁ་དཀར་པོ་ཡིན་ལ།ནང་གི་བཅད་བཀོད་ལེགས་པ་དང་། ཕྱི་ནས་བལྟས་ན་ལྷུན་ཆགས་སུ་གནས་ཤིང་མཛེས་ཉམས་ལྷག་ཏུ་དོད་ཡོད་ལ། སྤྱི་ལོ༢༠༠༥ལོར་གྱ་གྱུའི་བོད་གྲོང་འདི་ཉིད༼ཀྲུང་གོའི་རྒྱལ་ཁབ་ས་ཁམས༽ཞེས་པར་ཀྲུང་གོའི་ཆེས་མཛེས་པའི་གནའ་གྲོང་དྲུག་གི་ནང་དུ་བདམས་ཐོན་བྱུང་བ་རེད།
གླག་རུ་མ་རྡོ་ལེབ་ཁང་པའི་གྲོང་པ་ནི་ཉག་རོང་རྫོང་གླག་རུ་མ་ཤང་ཐོག་ཏུ་བསྐྲུན་ཡོད་ལ། བོད་ཀྱི་ཐུན་མིན་གྱི་བཟོ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། གྲོང་སྡེ་ཡོངས་རྫོགས་གཅིག་གྱུར་གྱིས་བཟོ་སྐྲུན་བྱས་ཡོད་པ་དང་། ཁང་སྟེང་དུ་རྡོ་གཡའ་མས་ཐོག་ཁེབས་བྱས་ཡོད་པས་འདི་ནི་བོད་ཁམས་ཀྱི་ས་ཆ་གཞན་ན་མེད་པའི་བཟོ་བཀོད་སྤུས་ལེགས་ཤིག་ཡིན་པར་མ་ཟད། གདོད་མའི་རང་བྱུང་ཁོར་ཡུག་གི་ཡུལ་སྲོལ་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་ཤུལ་བཞག་གི་གྲོང་སྡེ་ཞིག་ཡིན།
ཕྱག་ཕྲེང་གི་བོད་ཁང་དཀར་པོ།
དེའང་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་བཟོ་ལྟ་དང་ཉམས་འགྱུར། མཛེས་རྒྱན་ལག་རྩལ་དང་མཐོང་ཚོར་གྱི་རྒྱུ་རྐྱེན་གྲུབ་སྟངས་ཐད་ལ་རང་ངོས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དེའི་ནང་ནས་སྲོལ་རྒྱུན་གྱི་བོད་ལུགས་འཛུགས་སྐྲུན་གྱི་གཞི་རྩའི་ཁྱད་ཆོས་སོར་བཞག་ཐོག་རང་གཤིས་དང་ཐུན་མོང་གི་རང་བཞིན་གང་ལེགས་མཚོན་ཡོད། བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གི་ཁྱད་ཆོས་ཤིག་ཡིན།
ཕྱག་ཕྲེང་གི་བོད་ཁང་གི་གྱང་ངོས་ཚང་མ་གྱང་བརྡུངས་ནས་གྲུབ་པ་ཞིག་ཡིན་ལ། ཁང་པའི་ནང་ལ་ཤིང་གི་ཀ་བ་མང་པོ་ཡོད། ཁང་པའི་ཆེ་ཆུང་ནི་ཀ་བ་མང་ཉུང་ལ་བརྟེན་ནས་གྲུབ་ཅིང་། ཉུང་བ་ལ35དང་མང་བ་ལ118ཡོད། ཀ་བ་ཅི་ཙམ་མང་ན་ཁང་པའང་དེ་ཙམ་ཆེ། ཕྱག་ཕྲེང་གི་བོད་ཁང་ཕལ་ཆེར་རྩེག་གསུམ་མམ་བཞི་ཡོད་ཅིང་། རྩེག་དང་པོར་ཁལ་མ་དང་ཕག་སོགས་བཙུད་ས་དང་རྩེག་གཉིས་པར་མི་སྡོད་ས་དང་རྩེག་གསུམ་པར་ཆོས་ཁང་ཡིན།
ཁང་པ་དཀར་པོའི་འབྱུང་ཁུངས་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོ་ཞིག་ལ་ལྷག་བསམ་རྣམ་པར་དག་ཅིང་མཛེས་སྡུག་གི་ཡིད་དབང་འཕྲོག་པའི་ལྷ་མོ་ཞིག་ཕྱག་ཕྲེང་ལ་ཕེབས་དུས་ཕྱག་ཕྲེང་གི་ཁང་པའི་གྱང་ངོས་ཡོངས་ནག་ཏིང་ཏིང་ཡིན་པས་མཐའ་འཁོར་གྱི་དྭངས་གཙང་མཛེས་སྡུག་གི་ཁོར་ཡུག་དང་མི་མཐུན་པར་དགོངས་ནས། ཤོར་ཆུ་ཕྱོགས་ཀྱི་བོད་ཁང་ལ་གཏད་ནས་སྤྱན་རས་གཟིགས་ཀྱིས་གནང་བའི་ས་དཀར་དེ་གཏོར་བས་ས་ཁ་ཤས་གྱང་ངོས་སུ་ལྷུང་བ་དང་ཡང་ས་འགའ་ཤས་ཆུ་འགྲམ་གྱི་བྲག་ཐོག་ཏུ་ལྷུང་ཞིང་། གྱང་ངོས་ལ་ཕོག་པས་གྱང་དེ་དཀར་ཞིང་གཙང་བ་ཞིག་ཏུ་གྱུར་བ་དང་བྲག་ཐོག་ལ་ལྷུང་བ་ནི་ད་ལྟར་གྱང་ངོས་ལ་བྱུགས་པའི་ས་དཀར་དུ་གྱུར་བ་རེད་ཅེས་བཤད་པ་རེད།
ཡང་ལ་ལས་ཀརྨ་པ་ཕྱག་ཕྲེང་ནས་བྱོན་དུས། ཕྲེང་ལྡོག་གཉིས་ལྕགས་རྭའི་འཆི་མེད་ཚང་གི་ཁྱིམ་ལ་ལུས། དེའི་རྒྱུ་མཚན་གྱིས་ཀརྨ་པས་གསོལ་བ་སྨོན་ལམ་བཏབ་པས་ཡུན་མི་རིང་བར་ཕྲེང་མ་ལྷུང་སར་ལྗང་ནག་གི་བྱང་ཆུབ་ཤིང་ཞིག་འཁྲུངས་ནས་དེ་ལ་བྱང་ཆུབ་འབྲས་བུ་མང་པོ་བཏགས། འཆི་མེད་ཚང་གི་ཁྱིམ་མིས་བྱང་ཆུབ་འབྲས་བུ་བརྒྱུས་ནས་ཁྱད་པར་ཅན་གྱི་ཕྲེང་མ་ཞིག་བཟོ་དུས། མི་རྣམས་ཀྱིས་ཆུ་བོ་འགྲམ་གཉིས་ལ་བྱང་ཆུབ་ཤིང་གྲངས་མེད་པར་སྐྱེ་བར་མཐོང་། ཁྱུང་མིག་འདྲ་བའི་བྱང་ཆུབ་འབྲས་བུ་དང་ཚེར་ཤིང་ཟུར་བཞི་ཅན་གྱི་བྱང་ཆུབ་འབྲས་བུ་སོགས་ནི་དེ་གའི་མི་དམངས་རྣམས་ཀྱི་ཡོང་འབབ་གཙོ་བོ་ཞིག་ཏུ་གྱུར། དེ་བས་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁང་པར་ས་དཀར་གྱི་དཀར་རྩི་བཏང་ནས་ཁང་པར་དཀར་རྒྱན་སྤྲས་ཏེ་ཀརྨ་པའི་མཛད་རྗེས་དང་བཀའ་དྲིན་ལ་གུས་པའི་བསྟོད་འབུལ་ཞུས་བ་རེད། དེ་ཡང་གཟེར་མིག་ལས། དཔོན་གསས་དུང་གི་འཕྲེང་བར་བགྲང༌།། ཆབ་ནག་ཤེལ་གྱི་འཕྲེང་བར་བགྲང༌།།ཆབ་དཀར་རག་ཤའི་འཕྲེང་བར་བགྲང༌།། འཕན་ཡུལ་མན་ལུང་འཕྲེང་བར་བགྲང༌།། གཙང་མ་མཐོ་ཐོག་སྤྱི་རྒྱུག་ཐིག་ལེ་ཆེན་པོ་བཟླས་དང་བརྗོད་མེད་བྷོ་ཏི་ཙེ་ཡི་འཕྲེང་བར་བགྲང༌ཞེས་བཀོད་པ་ལྟར་བྷོ་ཏི་ཙེའི་ཕྲེང་བ་ཚང་མས་ཁུར་ནས་བགྲང་རུང་བ་ཞིག་ཡིན་པས་ཀུན་གྱིས་བརྩི་མཐོང་བྱས་དང་བྱེད་བཞིན་ཡོད་དོ།།
དམངས་ཁང་གི་ནང་རོལ།
རོང་བྲག་དམངས་ཁང་གི་རྒྱན་བཟོ། ཐབ་ཀ་ལེགས་པོ་ཞིག་བསྐྲུན་ཞིང་ཐབ་ཀའི་གོང་ངོས་སུ་ཕག་ཤ་རྙིང་པ་འགེལ་ཡོད་ལ། ཐབ་ཀའི་མཆོག་ཟུར་ཞིག་ཏུ་ཕག་གི་ཤ་གསར་པ་དག་ལས་སྣོན་བྱེད་དེ་བཅུད་ལྡན་གྱི་ཕག་ཤ་རྙིང་བ་བླུགས་སའི་སྣོད་ཅིག་ཀྱང་བཞག་ཡོད། རྟའུ་ཡུལ་མིའི་སྡོད་ཁང་གི་འཛུགས་སྐྲུན་ནི་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱིས་མཆོད་ཁང་དང་ཁེར་ཤག ཐབས་ཚང་སོགས་བསྐྲུན་ཡོད་ལ། ཐོན་སྐྱེད་འཚོ་བའི་སྤྱོད་ཆས་ཀྱང་རོང་དང་འབྲོག་གི་སྤྱོད་ཆས་རང་རང་གིས་བཀོལ་ཞིང་། འདི་ནས་ཕལ་ཆེར་རོང་ཕྱོགས་ཀྱི་འཚོ་བའི་སྤྱོད་ཆས་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད།
འབྲོག་པ་སྦྲ་གུར་དུ་འཚོ་སྡོད་བྱས་ཤིང་རོང་བ་ཤིང་ཁང་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་རེད། འདིས་ས་མཐོ་བོད་ཀྱི་ལྗོངས་སུ་རོང་འབྲོག་གི་ས་གཤིས་ཀྱི་ཆགས་ཚུལ་ལས་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཚོ་བའི་གོ་རིམ་ཕལ་ཆེར་མཚོན་སྲིད་པ་རེད།
སྦྲ་ནི་རུས་སྦལ་གྱི་གཟུགས་སུ་གྲུབ་ཅིང་། ཆར་ཆུ་རླུང་གསུམ་འགོག་པའི་བྱེད་ནུས་བཟང་བས་མ་ཚད། ཉི་འོད་འགོག་པ་དང་རུ་བ་སྤོ་སྐབས་སོགས་སྟབས་བདེ་བས་མཚོ་འཕགས་མཐོ་བའི་བོད་ཡུལ་དུ་ཧ་ཅང་སྤྱོད་གོ་ཆོད་ཅིང་སྟབས་བདེ་བ་ཞིག་ཡིན།
རྩོམ་གསར། 10