དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

ཐུབ་བསྟན་དང་ཨོ་རྒྱན། བདེ་ཆེན་བཅས་ཀྱིས།        2017-09-20

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
སྔོན་འགྲོའི་གཏམ།

    དེ་ཡང་དངོས་མང་བཤམས་སྟོན་ཁང་ཞེས་པ་ནི་རང་བྱུང་དང་མིའི་རིགས་ཀྱི་རིག་གནས་ཤུལ་རྫས་ཀྱི་མཚོན་ཚབ་ཏུ་གྱུར་པའི་དངོས་རྫས་སྡུད་ལེན་དང་ཉར་ཚགས། བཤམས་སྟོན། ཞིབ་འཇུག་བཅས་བྱ་ཡུལ་ལ་ཟེར་བར་མ་ཟད། ཚན་རིག་དང་ལོ་རྒྱུས། སྒྱུ་རྩལ་བཅས་ཀྱི་རིན་ཐང་ཡོད་པའི་དངོས་རྫས་དེ་དག་ལ་རིགས་བགོས་ཏེ་མང་ཚོགས་ལ་ཤེས་བྱ་དང་སློབ་གསོ། ལྟ་མྱོང་བཅས་མཁོ་སྤྲོད་བྱས་པའི་རིག་གནས་སློབ་གསོའི་ལས་ཁུངས་དང་འཛུགས་སྐྲུན་དངོས་པོ།ས་གནས། སྤྱི་ཚོགས་ཀྱི་སྤྱི་པའི་ལས་ཁུངས་བཅས་ལ་ཟེར་བ་རེད། དངོས་མང་བཤམས་སྟོན་ཁང་ནི་ནམ་ཡང་ཁེ་ཕན་མི་གཉེར་བའི་ལས་ཁུངས་ཤིག་ཡིན་ལ། མང་ཚོགས་ལ་ཁ་ཕྱོགས་ཤིང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམིགས་ཡུལ་ནི་སློབ་སྦྱོང་དང་སློབ་གསོ། རོལ་རྩེད་བཅས་ཀྱི་ཆེད་དུ་ཡིན་པ་རེད།

    ཀྲུང་གོའི་དངོས་མང་བཤམས་སྟོན་ཁང་ལ་དབྱེ་ན་ལོ་རྒྱུས་དང་སྒྱུ་རྩལ། ཚན་རྩལ། ཕྱོགས་འདུས་བཅས་རིགས་བཞི་ཡོད། དེ་ལ་སྡུད་ལེན་དང་ཉར་ཚགས། ཉམས་གསོ། ཞིབ་འཇུག  འགྲེམས་སྟོན། སློབ་གསོ།རོལ་རྩེད་བཅས་ཕྱོགས་བདུན་གྱི་བྱེད་ནུས་ཡོད་ཅིང་མིའི་རིགས་ཀྱི་རྒྱུ་ནོར་དང་རིག་གནས་གཅིག་ཏུ་བསྡུས་པའི་གཡང་ཁང་ཆེན་པོ་ཞིག་ཡིན་ནོ།།

    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ནི་དཀར་མཛེས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་། མི་རིག་ས་གཤིས། ཡུལ་སྲོལ་གོམས་གཤིས་བཅས་དྲིལ་བསྒྲགས་དང་ཕྱིར་མངོན་བྱེད་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པས་ངེད་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ནས་མཐོང་ཐོས་མྱོང་གསུམ་བརྒྱུད་དེ་དེའི་སྐོར་གྱི་ཆེད་བསྒྲིགས་ལེ་ཚན་མུ་འགོད་བྱ་རྒྱུ་ཡིན་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དོ་ཁུར་གནང་རོགས་ཞུ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གི་གནས་ཚུལ་མདོར་བསྡུས།

     དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་གྲོང་གསར་དུ་ཆགས་ཤིང་། དཀར་མཛེས་ཁུལ་རིམ་པའི་རྒྱལ་ཁབ་ཀྱིས་མ་དངུལ་ཆ་ཚང་བཏང་བའི་སྤྱི་ཕན་རང་བཞིན་གྱི་ལས་ཁུངས་ཁོ་ན་དེ་ཡིན། དེ་ནི་དཀར་མཛེས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་། མི་རིག་ས་གཤིས། ཡུལ་སྲོལ་གོམས་གཤིས་བཅས་དྲིལ་བསྒྲགས་དང་ཕྱིར་མངོན་བྱེད་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བྱེད་པའི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན་ནོ།། ལས་གཞི་དེར་ས་མུའུ་བསྡོམས་འབོར་སྨི་གྲུ་བཞི་མ༡༨༥༠༠ཡོད་ཅིང་འཛུགས་སྐྲུན་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ༡༢༠༤༣ཡོད། དངོས་མང་བཤམས་སྟོན་ཁང་དུ་ས་འོག་ནས་བཏོན་པ་དང་། མི་རིགས། ཆོས་ལུགས། གསར་བརྗེ་བཅས་རིགས་ཆེན་པོ་བཞིའི་རིག་རྫས་ཉར་ཚགས་བྱས་ཡོད། རིག་རྫས་འདི་དག་ནི་དཀར་མཛེས་ཁུལ་གྱི་དཔལ་ཡོན་གྱི་སྙིང་བཅུད་དྭངས་མ་མཚོན་བྱེད་ཡིན་ལ་ལོ་རྒྱུས་ཀྱི་ཤུལ་བཞག་དངོས་དཔང་ཡང་ཡིན་ནོ།།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

     དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་ནི་སྤྱི་ལོ༢༠༡༦ལོའི་ཟླ་བ༨པའི་ཚེས༩ཉིན་ཏེ་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྤེལ་བའི་དུས་རིམ་དུ་སྒོ་ཉིན་བཅོ་ལྔ་རིང་ཕྱེ་ནས་ཚོད་ལྟ་བྱས་ཤིང་། དེའི་རྗེས་ཟླ་བ༡༠པའི་ཚེས༡ཉིན་ལ་རིན་པ་མི་དགོས་པ་ཕྱི་ཕྱོགས་སུ་སྒོ་དངོས་སུ་ཕྱེ་བ་རེད། དངོས་མང་བཤམས་སྟོན་ཁང་གསར་པའི་འགྲེམས་སྟོན་ཚོམས་ཆེན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༦༠༠༠ལ་ཉེ་བ་ཡོད་ཅིང་། བར་སྟོང་གི་བཀོད་སྒྲིག་བྱེད་ཚུལ་ལྟར་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་ཚོམས་ཆེན་ལ་དབྱེ་ན་གནས་མཆོག་སྟེ་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་གཤོམ་ས་དང་། རྗེས་ཤུལ་ཏེ་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཤུལ་རྫས་གཤོམ་ས། བརྒྱུད་འཛིན་ཏེ་དཀར་མཛེས་ཁུལ་གྱི་དམངས་སྲོལ་རིག་གནས་གཤོམ་ས། བློ་གདེང་སྟེ་དཀར་མཛེས་ཁུལ་གྱི་གསར་བརྗེའི་རིག་གནས་གཤོམ་ས་བཅས་རྩ་བའི་བཤམས་སྟོན་ཚོམས་ཁང་བཞི་དང་གནས་སྐབས་ཀྱི་བཤམས་སྟོན་ཚོམས་ཁང་གཅིག་བཅས་ཡོད། ད་ཡོད་ཀྱི་རིག་རྫས་ཐོན་ཁུངས་བེད་སྤྱོད་བཏང་ནས་དཀར་མཛེས་ཁུལ་གྱི་རིག་གནས་བཤམས་སྟོན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆེད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གིས་རིག་རྫས་ལྟེ་གནས་མཛོད་ཁང་བསྐྲུན་ཟིན་པར་མ་ཟད་རིག་རྫས་ལ་དང་དོད་བྱེད་མཁན་ཚོར་ལུགས་དང་མཐུན་ཞིང་ཉེན་ཁ་མེད་པའི་ཉར་ཚགས་ཀྱི་ཆ་རྐྱེན་ཡང་བསྐྲུན་ཡོད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

     གསར་དུ་བསྐྲུན་པའི་དངོས་མང་བཤམས་སྟོན་ཁང་ནི་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པས་མ་ཚད་རང་ཁུལ་གྱི་མི་རིགས་ཁྱད་ཆོས་ལྡན་པའི་ཕྱོགས་འདུས་ཅན་གྱི་ས་གནས་དངོས་མང་བཤམས་སྟོན་ཁང་གསར་གྲས་ཤིག་ཡིན།  དེར་ལུགས་མཐུན་གྱི་བཀོད་སྒྲིག་དང་ཉེན་མེད་ཚན་རིག་དང་མཐུན་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས་རིག་རྫས་སྲུང་སྐྱོབ་དང་ཉར་ཚགས། ཞིབ་འཇུག་དང་འགྲེམས་སྟོན་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

     མིག་སྔར། དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་དུ་རིག་རྫས་བསྡོམས་འབོར1446ཉར་ཚགས་བྱས་ཡོད་ཅིང་། དེའི་ནང་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་རྫས10ཡོད་པ་དང་རིམ་པ་གཉིས་པའི་རིག་རྫས22ཡོད་ཅིང་།རིམ་པ་གསུམ་པའི་རིག་རྫས683ཡོད། དཔྱད་གཞིའི་ཡིག་རིགས731ཡོད་པ་རེད།

     སྒོ་ཕྱེ་བའི་དུས་ཚོད།  གཟའ་འཁོར་རེའི་རེས་གཟའ་མིག་དམར་ནས་རེས་གཟའ་ཉི་མའི་བར་གྱི་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར།  (ཕྱི་དྲོའི་ཆུ་ཚོད་བཞི་ཕྱེད་རྗེས་ནས་ནང་ལ་འགྲོ་མི་ཆོག)གཟའ་འཁོར་རེའི་རེས་གཟའ་ཟླ་བར་སྒོ་མི་ཕྱེ། (རྒྱལ་ཁབ་ཀྱི་ཁྲིམས་འབེབས་དུས་ཆེན་དང་གུང་སེང་ཐེ་མེད།)


  • ལེ་ཚན་སྔོན་མ།:དར་རྩེ་མདོ་གྲོང་གི་དགོན་ཁག་བདུན།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།