འཆད་ཁྲིད་ལས་འཕྲོས་པའི་གཏམ།

གངས་དབང་གིས།        2013-04-24

འཆད་ཁྲིད་ལས་འཕྲོས་པའི་གཏམ།

སློབ་གོས་ནི་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གོང་ནས་གོང་དུ་སྤེལ་བར་ཆེས་རྩ་བར་གྱུར་པའི་བྱ་གཞག་ཅིག་ཡིན་ལ་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ།སྤྱི་ཚོགས་སློབ་གསོ་ནི་དེའི་གྲུབ་ཆ་གཙོ་བོ་གསུམ་ཡིན།དེ་ལས་སློབ་གྲྭའི་སློབ་གསོ་ནང་དུ་ནང་དུ་དགེ་རྒན་དང་སློབ་མ།བསླབ་གཞི།དགེ་སློབ་བར་གྱི་འབྲེལ་བ། སློབ་གསོའི་ཐབས་ལམ་བཅས་ཀྱི་གནད་དོན་ཐག་བཅད་དགོས་པས་རེ་རེ་བཞིན་བཤད་ན།
སྡིག་རྒན་མིན་པའི་དགེ་རྒན།
དགེ་རྒན་ཞེས་པ་ནི་གཞན་ལ་ཕན་པར་འདོད་པའི་དགེ་སེམས་ལྡན་ཞིང་ཤེས་རིག་ལག་རྩལ་ཐད་དུ་བྱང་ཆ་ཐོན་ཏེ་གཞན་ལས་རྒན་པའམ་ཕུན་སུམ་ཚོགས་པས་གདུལ་བྱ་སློབ་བུ་རྣམས་ཡང་དག་པའི་ལམ་དུ་འདྲེན་ཐུབ་པ་ཞིག་ལ་གོ། །ཆེ་བརྗོད་དུ་སློབ་དཔོན་དང་ཡོངས་འཛིན་འབོད་པའང་ཤེས་བྱ་རིག་གནས་སློབ་པའི་དཔོན་པོའམ་སློབ་མའི་ལུས་ངག་ཡི་ད་གསུམ་བཅས་ཕྱོགས་ཡོངས་ནས་འཛིན་ཐུབ་པ་ཞིག་དགོས་པས་སོ། །<<མཁས་འཇུག>>ཏུ་རྩོམ་མཁས་གཞན་ལ་ཕན་པར་འདོད་ཅེས་པའང་དེ་ལྟར་ལགས། །དེ་ལས་ཟློག་སྟེ་དགེ་སེམས་མེད་ལ་ཤེས་རིག་ལག་རྩལ་གྱི་འཇོན་ཐང་དམན་ཞིང་སློབ་མ་སྐྱོང་ཐབས་ལ་རྨོངས་པ་ཞིག་ཡིན་ན་ཁོ་བོས་དེ་ལ་སྡིག་རྒན་ཞེས་འབོད་པ་ཡིན།དེས་ན་བཤེས་གཉེན་དུལ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུས་གིས་ཕྱུག །དེ་ཉིད་རབ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་རྟེན། །ཞེས་པ་ལྟར་སློབ་གྲྭ་ལ་སྡིག་རྒན་མིན་པའི་དགེ་རྒན་གྱི་དཔུང་ཁག་ཅིག་དགོས་གལ་ཆེའོ། །
སྣོད་དུ་རུང་བའི་སློབ་མ།
འདིར་སྣོད་ཅེས་པ་ནི་<<དཔེ་ཆོས་རིན་ཆེན་སྤུངས་པ་>>ལས་དཔེའི་སྒོ་ནས་བཤད་པ་ཡིན་ཏེ།སྣོད་ཞབས་བརྡོལ་དང་།སྣོད་ཁ་སྦུབས།སྣོད་དྲི་མ་ཅན་ལྟ་བུའི་མི་ནི་སློབ་མར་མི་རུང་ཞེས་པའི་དོན་ཡིན།ང་རྒྱལ་དང་།མ་དད་པ།དོན་གཉེར་མེད་པ།རྣམ་པར་གཡེང་བ།རྨུགས་པ།སེམས་སྐྱོ་བ་བཅས་ལ་དྲི་མ་དྲུག་བཅས་སྤང་བྱའི་གྲས་སུ་བརྩི་མོད།ནན་གྱིས་འཆད་དགོས་པ་ཞིག་ནི།རྒྱུ་མཚན་གང་ཡང་མེད་པར་དགེ་རྒན་ལས་ང་རྒྱལ་བའམ་མཁས་སྙམ་པའི་བསམ་བློ་ཡོད་མི་རུང་བ་མ་གཏོགས་དོན་དངོས་སུ་མི་བུ་རེ་ལ་དོན་གྱི་ང་རྒྱལ་རེ་ཡོད་དགོས་ཏེ་ང་རྒྱལ་ནི་སྤོབས་པ་དང་ཡིད་ཆེས་ལྡན་པའི་རྟགས་ཡིན།དེས་ན།དགེ་རྒན་དང་མི་མཐུན་པའི་ལྟ་བ་གསར་པ་འདོན་ཕོད་མཁན་རང་གཤིས་འབུར་དུ་ཐོན་མཁན་གྱི་སློབ་མ་ནི་ཆེས་རེ་བ་ལྡན་པ་ཞིག་ཡིན་པས་དགེ་རྒན་རྣམ་པས་སྡིག་དམོད་ཀྱིས་མགོ་བུད་མ་ཐག་ཏུ་སྐེ་ནས་གཅོད་པའི་སྡིག་ལས་མི་བྱེད་པར་མཁྱེན།སེམས་ཅན་མོས་པ་སྣ་ཚོགས་པ་ཞེས་པ་ལྟར་ཁམས་དང་མོས་པ་མི་འདྲ་བས་སློབ་མ་ལ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཡོད་པའང་རྒྱུན་ལྡན་ཡིན་པས་ང་ཚོས་ཚད་གཞི་མི་འདྲ་བའི་སྒོ་ནས་སློབ་མ་ལ་གདེང་འཇོག་བྱས་ནས་སྣོད་ཀྱི་ཆེ་ཆུང་དང་ཁྱད་ནུས།བཟོ་དབྱིབས་དང་སྤྱོད་སྒོ་བཅས་ལ་གཞིགས་ཏེ་སྣོད་དུ་མི་རུང་བ་རྣམས་སྣོད་དུ་རུང་བར་བསྒྱུར་དགོས་པ་ལས་ཕྱོགས་རིས་ཆགས་སྡང་གིས་སློབ་མའི་རང་གཤིས་ཁྱད་དུ་བསད་ན་ང་ཚོ་ནི་བཤན་གྲི་ཐོགས་པའི་བཤན་པ་དང་འདྲའོ། །
དོན་དང་མཐུན་པའི་བསླབ་གཞི།
དགེ་རྒན་གྱིས་བསླབ་པར་བྱའམ་སློབ་མ་རྣམས་ཀྱིས་སྦྱང་བར་བྱ་བའི་སློབ་ཚན་གྱི་ནང་དོན་སློབ་མ་སོ་སོའི་ལོ་ནའི་ཁྱད་ཆོས་དང་སེམས་ཁམས་དང་མཐུན་དགོས་པ་དང་།ཁྱད་པར་དུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་མི་རིགས་དེའི་སྲོལ་རྒྱུན་རིག་གནས་ལ་སྙིགས་དོར་བཅུད་ལེན་གྱིས་གསར་དར་རིག་གནས་དང་ཟུང་དུ་སྦྲེལ་ཏེ་སྤྱི་ཚོགས་ནང་གི་དོན་དངོས་དང་འགྲོ་བ་མིའི་འཚོ་གཞེས་ལ་ཞབས་འདེགས་ཞུ་ཐུབ་པའི་བསླབ་གཞི་ཆ་ཚང་བ་ཞིག་དགོས་མཁོ་ཆེན་པོ་རེད།ཚང་མས་མཁྱེན་གསལ་ལྟར་དགེ་རྒན་གྱིས་ཁྲིད་བྱའི་ནང་དོན་བརྒྱུད་དེ་སློབ་མ་རྣམས་ཀྱི་ཀུན་སྤྱོད་དང་།ལུས་ཁམས།སེམས་ཁམས།ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱས་ཏེ་མི་སྒེར་རང་ངོས་ཀྱི་འགྲོ་འདུག་འཆག་ཉལ་དང་སྤྱི་ཚོགས་ལ་རྔོ་ཐོགས་པའི་མི་སྣ་འཇོན་ཐང་ཅན་དུ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།གལ་སྲིད་བསླབ་གཞིའི་ནང་དོན་མི་རིགས་ས་ཁུལ་གྱི་དོན་དངོས་དང་འགལ་བའམ་སློབ་མ་དག་གི་ཁམས་མོས་པ་དང་མ་མཐུན་ན་མཐར་སློབ་མའི་འབྱུང་སྤོས་ཇེ་ཞན་དུ་སོང་ནས་འཚོ་བའི་ལག་ལེན་ལ་ཐུག་དུས་ཅི་བྱ་གཏོལ་བྲལ་དུ་གྱུར་བའི་དཔེ་ཆ་བ་གླེན་པ་གང་མང་ཞིག་ཐོན་པ་ལས་གཞན་དུ་ཅི།མིག་སྔར་བོད་རིགས་སློབ་མ་ཆེ་འབྲིང་ཆུང་གསུམ་གྱིས་སྦྱང་བྱའི་ཐད་ལ་དུས་རབས་ཀྱི་རྗེས་སུ་ལྷག་པའམ་སྤྱི་ཚོགས་ཀྱི་དོན་དངོས་དང་མི་མཐུན་པ་མི་ཉུང་བ་ཡོད་པས་སློབ་གསོ་དོན་གཉེར་པ་དང་ཆེད་ལས་པ་རྣམས་ཀྱིས་བཏང་སྙོམས་སུ་འཇོག་མི་རིགས་པའི་གནད་དོན་ཞིག་རེད།བོད་ཡིག་སློབ་འབྲིང་ལ་ཆ་མཚོན་ནས་བཤད་ན་བོད་ཀྱི་སྐད་ཡིག་ཁོ་ནས་མི་ཆོག་པར་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་བཟོ་བ་རིག་པའི་ཆེས་རྩ་བར་གྱུར་པའི་རྨང་གཞིའི་ཤེས་བྱ་རྣམས་ཟུར་དུ་ཁྲིད་ནས་བག་ཆགས་འཇོག་ཐུབ་ན་རྗེས་སུ་སློབ་མ་ཚོས་གང་ལ་གང་མཁོ་ལྟར་དེའི་ཕྱོགས་ལ་ཧུར་བརྩོན་བྱས་ནས་ལག་ཤེས་ཅན་གྱི་མི་སྣར་གྱུར་པའི་རེ་བ་ལྡན། 
ཉ་ཆུ་ལྟ་བུའི་དགེ་སློབ་བར་གྱི་འབྲེལ་བ།

འཆད་ཁྲིད་ལས་འཕྲོས་པའི་གཏམ།

ཉ་མོ་ཆུ་ལ་བརྟེན་ན་རྐྱལ་རྩལ་རྒྱས་ཤིང་ཆུ་བོར་ཉ་རིགས་འདྲ་མིན་སྣ་ཚོགས་ཡོད་ན་འཁྲུག་ཆ་དོད་ཅིང་ཕུན་སུམ་ཚོགས་པ་ལྟར་དགེ་སློབ་བར་གྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་ཁ་བྲལ་དུ་མི་རུང་བ་ཞིག་སྟེ།དགེ་རྒན་གྱིས་སློབ་མ་བགྲང་ལས་འདས་པ་གསོ་སྐྱོང་བྱས་པའི་སྒོ་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་གྱུར་བྱས་པ་དང་།སློབ་མ་རྣམས་ཀྱིས་དགེ་རྒན་གྱི་ལུས་ངག་ཡིད་གསུམ་གྱི་བསམ་སྤྱོད་ལ་བརྟེན་ནས་མ་འོངས་འབྱུང་འགྱུར་གྱི་ལམ་སྣ་ཟིན་དགོས་པ་ཡིན།ངས་ནི་ཁྱོད་ལ་ཐར་བའི་ལམ་བའི་ལམ་སྟོན་གྱི།ཐར་བ་རང་ལ་རག་ལས་འབད་པར་གྱིས་ཞེས་པ་ལྟར་དགེ་རྒན་ནི་ཡང་དག་པའི་ལམ་གྱི་ཁ་ཕྱོགས་སྟོན་པ་པོ་དང་ལམ་གཞུང་དུ་དངོས་སུ་བགྲོད་པ་སློབ་མ་སོ་སོའི་བསམ་སྦྱོར་ལ་བརྟེན་རག་ལས་པ་ལས་དགེ་རྒན་གྱིས་ཚབ་བྱེད་ཐབས་མེད་ལ་ཚབ་བྱེད་ཆོག་པ་ཞིག་ཀྱང་མ་ཡིན།རྒྱ་ཡི་གཏམ་དཔེར་དགེ་རྒན་གང་ལ་དད་གྱུར་ན་དེ་ཡིས་གདམས་པའི་ངག་ལ་མོས་ཞེས་པ་ལྟར་དགེ་སློབ་བར་ཕ་མ་བུ་སྲིང་གི་འབྲེལ་ལམ་ཞིག་ཆགས་ན་འཆམ་མཐུན་དང་ཞི་བདེའི་ཁོར་ཡུག་ཏུ་དགེ་རྒན་གྱི་སློབ་གསོའི་བྱ་གཞག་གི་རེ་འབྲས་དོན་དུ་སྨིན་ཞིང་སློབ་མའི་སྒེར་ཚུགས་ཀྱི་མི་གཤིས་དང་རང་རྐྱ་འཕེར་བའི་བསམ་བློ་བཅས་གསོ་སྐྱོང་བྱ་ཐུབ།གལ་སྲིད་དཔོན་གཡོག་གི་འབྲེལ་བ་ལྟར་དགེ་རྒན་གྱིས་ཆེ་ཚུགས་དང་ང་རྒྱལ།རང་རློམ་གྱིས་གཤེ་གཤེ་དང་རྡུང་རྡེག་ཁོ་ན་བྱེད།སློབ་མ་རྣམས་ཕྲག་པ་ལྷོད་ལྷོད་དང་མགོ་བོ་སྒུར་སྒུར།བྱིན་པ་འདར་འདར་གྱིས་ཞུམ་ཞུམ་དུ་འགྲོ་སྐྱོད་བྱས་ན་མཐར་སེང་གེའི་འོ་མ་བླུགས་ཀྱང་ཆོག་ལ་དུག་ཁུ་བ་ལྡུག་ཀྱང་རུང་བའི་བཀའ་ལ་ཉན་པའི་བེམ་པོའི་སྣོད་ཆེན་ཞིག་ཏུ་གྱུར་བ་ལས་དགག་སྒྲུབ་གྱི་སྤོབས་པ་ལྡན་ཞིང་གསར་བཏོད་ཀྱི་སྙོང་སྟོབས་རྒྱས་ཏེ་འགན་ཁུར་གྱི་འདུ་ཤེས་དང་རྟོགས་པ་མཐོན་པོས་མིའི་རིགས་ལ་སྲི་ཞུ་སྒྲུབ་ནུས་པའི་འཇོན་ཐང་མི་སྣ་ཉིན་མོའི་སྐར་མ་དང་ནམ་མཁའི་ཏོག་གི་ཟླ་རུ་གྱུར།ད་ལྟའི་བར་དུ་དགེ་མིང་འཛིན་པ་མང་པོ་ཞིག་གིས་རང་འདོད་ལྟར་བསྲེག་བཅད་བརྡར་གསུམ་དང་གཞོག་གཏུབ་བཅད་གསུམ་གྱིས་སློབ་མ་མང་པོ་ཞིག་ལྷ་མིན་དང་བདུད་མིན་འདྲེ་མིན་དུ་བསྒྱུར་ཡོད་པ་ནི་སློབ་གསོ་པའི་ངོ་ཚ་རེད་ལ་མི་རིགས་ཀྱི་གྱོང་གུད་ཅིས་མ་ཡིན།དེས་ན་དགེ་སློབ་བར་སེམས་དང་བསམ་པ་མཐུན་པ་ཇ་དང་ཚ་འདྲ་བོ།ལས་དང་ལས་མཐུན་པ་ཉ་དང་ཆུ་ལྟ་བུའི་འབྲེལ་བ་ཟམ་མ་ཆད་པར་ཕན་ཚུན་བརྩི་བཀུར་དང་།གུ་ཡངས་དཀྱེལ་ཡངས་ལྡན་པའི་འདྲ་མཉམ་གྱི་ཁོར་ཡུག་གཙང་མ་ཞིག་ཆགས་དགོས་སོ། །   
ཐབས་ཤེས་ཟུང་འཇུག་གི་ལམ་བུ།
སློབ་གསོ་ནི་སྒྱུ་རྩལ་ཞིག་ཡིན་པས་གང་སྒྱུ་རྩལ་གྱི་མཚོན་ཐབས་ལ་མཁས་ན་དེར་གཡུར་དུ་ཟ་བའི་འབྲས་བུ་ཐོབ་སྲིད་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ལགས་པས་ང་ཚོས་སློབ་གསོ་དང་སློབ་ཁྲིད་ཀྱི་ཐབས་ལམ་ལ་འཚོལ་སྙེག་དང་གསར་བཏོད་བྱ་དགོས་པ་ཧ་ཅང་གལ་ཆེ།ཐབས་ལ་མཁས་པའི་སྤྱོད་པ་དེ། །གཡོ་སྒྱུར་ཐུབ་པས་མ་གསུངས་སོ། །ཞེས་པ་ལྟར་བྱ་བ་གང་དང་ཅི་བསྒྲུབས་ཀྱང་ཐབས་ལ་མཁས་དགོས་པས་ཐབས་ཤེས་ཟུང་འཇུག་ཅེས་ཐབས་སྔོན་མ་དང་ཤེས་རབ་རྗེས་སུ་བཞག་པའང་རྒྱུ་མཚན་དེ་ལ་ཐུག་པ་ཡིན།སྤྱིར་མི་རིགས་སོ་སོའི་སློབ་མ་རྣམས་ཀྱི་སེམས་ཁམས་དང་།རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས་མི་འདྲ་བས་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་ཀྱང་མཐའ་གཅིག་ཏུ་མི་འདྲ།བོད་རིགས་སློབ་མ་རྣམས་ལ་མཚོན་ན་ཆུང་དུས་ནས་མཐོ་ཞིང་བརྗིད་པའི་གངས་རི་དང་ཡངས་ཤིང་ཆེ་བའི་སྤང་ཐང་བཅས་འགྲོ་བ་མིའི་རིགས་ཀྱི་རྒྱུ་བ་ཉུང་ཞིང་རྒྱ་ཆེ་བའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བས་གཤིས་རྒྱུད་དང་འདོད་མོས།དགའ་ཕྱོགས་བཅས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ང་ཚོས་གང་ལ་གང་མཁོ་དང་སུ་ལ་ཅི་མཐུན་གྱིས་བོད་རིགས་སློབ་མ་རྣམས་ཀྱི་མི་ཚེའི་ལྟ་བ་དང་།རིན་ཐང་འཛིན་ཚུལ།མཛེས་དཔྱོད་ལྟ་བ་བཅས་ལ་ཡོ་བསྲང་དང་མཛུབ་ཁྲིད་བྱ་དགོས།རིག་ཚན་སོ་སོ་སློབ་ཁྲིད་བྱེད་དུས་རང་རིགས་ཀྱི་སྲོལ་རྒྱུན་འཆད་ཉན་གྱི་སྲོལ་དང་གཞན་རིགས་ཀྱི་ཐབས་ལམ་ཟུང་སྦྲེལ་བྱས་ཏེ་འཆད་ཁྲིད་བྱེད་ཐབས་ཕུང་གསུམ་པ་ཞིག་ལ་ཧུར་བརྩོན་བྱ་དགོས་པ་ལས་སྲོལ་རྒྱུན་ཁོ་ན་ལ་ཤི་འཐམ་རོ་འཐམ་ན་མཐར་དུས་རབས་ཀྱིས་རྗེས་སུ་བསྐྱུར་བ་དང་།གཞན་རིགས་ལ་ལད་མོ་ཁོ་ན་བྱས་ན་མཐར་རང་ལ་ཅི་ཡང་མེད་པའི་སྐྲུ་མར་འགྱུར་ཐག་ཆོད་རེད།སྲོལ་རྒྱུན་གྱི་འཆད་ཉན་བྱེད་ཐབས་ནི་<<བྱང་ཆུབ་ལམ་རིམ>>དང།<<མཁས་འཇུག>><<བུ་སྟོན་ཆོས་འབྱུང>>བཅས་སྔོན་བྱོན་མཁས་དབང་རྣམས་ཀྱི་ལྗགས་རྩོམ་དུ་གསལ་པོ་བཀོད་ཡོད་ལ་དེང་རབས་ཀྱི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འདྲ་མིན་སྣ་ཚོགས་ནི་རྒྱ་ཡིག་གི་སློབ་གསོའི་རིག་པའི་གཞུང་ལུགས་སུ་གསལ་བས་དེ་དག་ལ་མཇལ་བས་ཆོག གཞན་ཡང་།དགེ་རྒན་ནི་སློབ་མ་རྣམས་ཀྱི་ལོང་བའི་མིག་དང་ཞྭ་བོའི་རྐང་ལྟ་བུ་ཡིན་པས་དུས་ནམ་ཡིན་ཡང་རུང་།ཡུལ་གང་དུ་ཡིན་ནའང་འདྲ།རང་དཔེ་གཞན་སྟོན་གྱིས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་རྣམ་པར་དག་པས་སློབ་མ་རྣམས་ཡང་དག་པའི་ལམ་དུ་ཁྲིད་དགོས་པ་ནི་གནད་ཀྱི་དམ་པའོ། །
རྗེ་བཙུན་མི་ལ་རས་པའི་ཡུམ་ལྟ་བུའི་ཁྱིམ་བདག

  འཆད་ཁྲིད་ལས་འཕྲོས་པའི་གཏམ།

སློབ་གསོའི་གྲུབ་ཆ་གཉིས་པ་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཁྱིམ་བདག་རྣམས་ཀྱིས་སློབ་ལོར་ལོན་པའི་བྱིས་པ་རྣམས་སློབ་གྲྭར་སྐྱེལ་བར་འཛིན་པའི་རྣམ་འགྱུར་དང་སློབ་གྲྭའི་སློབ་གསོའི་རྒྱུན་དང་མཐུད་དེ་སློབ་མ་གསོ་སྐྱོང་བྱ་ཚུལ།རང་རང་གི་བྱིས་པ་རྣམས་ཀྱི་འབྱུང་འགྱུར་ལ་དོ་ཁུར་བྱ་ཚུལ་བཅས་སྣ་མང་རང་བཞིན་ཅན་ཞིག་ཡིན།ཕ་མ་ནི་བྱིས་པ་རྣམས་ཀྱི་ཆེས་ཐོག་མའི་དགེ་རྒན་ཡིན་པས་ཁྱིམ་བདག་རྣམས་ཀྱི་འགྲོ་ལུགས་འདུག་སྟངས།བྱ་བ་སྤྱོད་པ།བསམ་པའི་འཁྱེར་སོ།དགའ་ཁ་འཁྱེར་ཕྱོགས་ཀྱིས་ཤོག་གུ་སྣུམ་གྱི་ཟོས་པ་ལྟར་སློབ་མ་རྣམས་ལ་ཤུགས་རྐྱེན་ཐེབས་ངེས་པས་ཐོག་མར་ཕ་མ་དང་བཅས་པས་སློབ་གསོར་འཛིན་པའི་ཡང་མ་དག་པའི་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པ་ཡོ་བསྲང་བྱས་ཏེ་ཤེས་བྱ་རིག་གནས་ཀྱི་ཕན་ཡོན་དང་།འཇིག་རྟེན་འཁོར་བར་འཚོ་གཞེས་བྱ་བར་ཆེས་མེད་དུ་མི་རུང་བ་ནི་ཤེས་རིག་ལག་རྩལ་ཡིན་པ་བཅས་ཀྱི་གནས་ལུགས་ལ་ངེས་ཤེས་སྐྱེ་རུ་འཇུག་དགོས།དེ་མིན་ན་དགེ་རྒན་གྱི་གནས་ལུགས་བརྒྱ་བཤད་པ་ལ་ཁྱིམ་བདག་རྣམས་ཀྱིས་འདྲེ་ལུགས་སྟོང་བཤད་དེ་བསླབ་བྱ་གནང་ཚུང་ཡང་འགལ་ཟླར་གྱུར་ཏེ་རྐང་རྗེས་ལག་བསུབ་ཅེས་པ་ལྟར་མཐར་སློབ་མ་རྣམས་སྒོ་གསུམ་གྱི་བྱ་སྤྱོད་ཡ་མ་བརླ་དང་ཆ་ལུགས་ཡ་མ་ཟུང་དུ་འགྱུར་ངེས་རེད།དེང་ངས་བོད་རིགས་ཁྱིམ་བདག་མང་ཤོས་ཀྱིས་ནོར་ལུག་རི་ལ་བདས་ཏེ་རྫི་བོ་མི་བྱས་པ་ལྟར་སློབ་མ་རྣམས་སློབ་གྲྭར་མངགས་པ་ཙམ་ལས་དེ་དག་གི་སློབ་སྤྱོང་དང་བསམ་བློ་སོགས་བཏང་སྙོམས་སུ་བཞག་པའང་གཙོ་བོ་ནི་ཕ་མ་དང་བཅས་པའི་ཁྱིམ་མི་རྣམས་ཀྱི་རིག་གནས་ཆུ་ཚད་དང་།བསམ་བློའི་འདུ་ཤེས།མིག་རྒྱང་རིང་ཐུང་གིས་ལན་པ་རེད།རྗེ་བཙུན་མི་ལ་རས་པ་ཆུང་དུས་ནས་ཡབ་ཚེ་ལས་འདས་པས་མུ་བུ་གཉིས་ཀ་ལ་ཨ་ཁུ་དང་ཨ་གཉིས་ཀྱིས་སྡུག་གི་སྦྱོར་བ་བརྩམས་ཏེ་མཐར་སྡུག་བསྔལ་མ་བཟོད་དེ་ཡུམ་མྱང་ཚ་དཀར་རྒྱན་གྱིས་བུ་ཆུང་ཐོས་པ་དགའ་མི་སྨོན་རང་སྐྱིད་ཀྱི་མི་བུ་ཞིག་ཏུ་འགྱུར་བའི་ཆེད་དུ་མཐུ་བསླབ་བར་བཏང་།ཐོས་པ་དགའ་ཡིས་ཀྱང་ཡུམ་གྱི་རེ་བ་ཆུད་ཟོས་སུ་མ་བཏང་བར་ཤ་འཁོན་བླངས།དེ་ནས་མ་བུ་གཉིས་ཀ་སྡིག་པ་ལ་འགྱོད་ནོངས་སྐྱེས་ཏེ་ཐོས་པ་དགའ་བསྟན་པའི་སྒོར་ཞུགས་པས་མཐར་བཀའ་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པ་རུ་གྱུར།གལ་སྲིད་མིག་རྒྱང་རིང་བའི་ཡུམ་མྱང་ཚ་དཀར་མེད་ན་འཛམ་གླིང་ཀུན་ཏུ་སྙན་པ་འཕུར་བའི་རྗེ་བཙུན་མི་ལ་རས་པ་ཞེས་པའི་ལོ་རྒྱུས་ཀྱི་མི་སྣའང་འབྱུང་མི་སྲིད་དོ། །དེས་ན།མི་རིགས་ཀྱི་འབྱུང་འགྱུར་ནི་གསར་སྐྱེས་ན་གཞོན་རྣམས་ཀྱིས་དབང་དུ་འཛིན་དགོས་ལ་ན་གཞོན་རྣམས་ཀྱི་མ་འོངས་ནི་ཁྱིམ་བདག་རྣམས་ཀྱིས་ལག་ཏུ་བཟུང་ཡོད་པས་དད་ལྡན་ཁྱིམ་བདག་ཚོས་དམ་པའི་ཆོས་ལ་དད་པ་ལྟར་སློབ་གསོ་ལ་སྒོ་གསུམ་གུས་པས་དད་པ་འཇོག་པར་མཁྱེན་ནོ་ཞེས་ཡང་ནས་ཡང་དུ་ཞུའོ། །
མདོར་ན།སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ལེགས་པར་གྲུབ་སོང་ན་སྤྱི་ཚོགས་སློབ་གསོའང་ཞོར་དུ་གྲུབ་ཡོང་བས་ང་ཚོ་གོང་གི་དཔོན་པོ་དང་འོག་གི་འབངས་མི་སེར་ཚང་མས་ཐུན་མོང་གི་དམིགས་ཡུལ་ལ་གཅིག་གྱུར་གྱི་ཐབས་ལམ་གྱིས་ཕྱར་བ་གྲུ་འདེགས་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་ནང་བོད་ཀྱི་སློབ་གསོའི་རི་མོ་ཡིད་འཕྲོག་པ་ཞིག་འགོད་པར་འབད་པར་བྱའོ། །
  • ལེ་ཚན་སྔོན་མ།:འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་བཟང་མིན་འཛིན་བདག་ལ་རག་ལས།
  • ལེ་ཚན་རྗེས་མ།:ཡིད་ཆེས་སློབ་གསོ་སྐོར་གྱི་བསམ་གཞིག
  • དོ་སྣང་ཆེ་བའི་རྩོམ།