འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་བཟང་མིན་འཛིན་བདག་ལ་རག་ལས།

བསོད་ནམས་ལྷུན་གྲུབ    མཚོ་སྔོན་བོད་ཡིག་གསར་འགྱུར།    2013-01-24

འཛིན་གྲྭ་ནི་སློབ་མ་དང་བསླབ་གཞི་རེ་རེའི་དགེ་རྒན། འཛིན་བདག་བཅས་སྒྲིག་གཞི་གལ་ཆེན་གསུམ་གྱིས་གྲུབ་པ་ཡིན། དེ་ལས་འཛིན་བདག་ནི་དོ་དམ་པ་དང་ཞབས་ཞུ་པ་ལྟ་བུ་ཡིན་པས། འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་སོགས་བཟང་མིན་ནི་འཛིན་བདག་ལ་རག་ལས་ཤིང་། འཛིན་བདག་ལ་དེའི་སྣེ་འཁྲིད་དེ་ལེགས་ལམ་དུ་བསྐྱོད་པར་བྱ་རྒྱུའི་འགན་འཁྲི་ལྡོག་མེད་ཅིག་ཡོད་པའང་བཤད་མ་དགོས།

   འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་བཟང་མིན་འཛིན་བདག་ལ་རག་ལས།
 

 དེ་ཡང་ཐོག་མར་འཛིན་བདག་གིས་འཛིན་གྲྭའི་དགེ་རྒན་སོ་སོའི་བར་དང་དགེ་རྒན་དང་སློབ་མ་སོ་སོའི་བར་གྱི་འབྲེལ་བ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་དགོས་པ་ནི་འཛིན་གྲྭ་དེའི་སློབ་སྦྱོང་དང་འགྲིག་མཐུན་གྱི་མཁའ་དབུགས་ལེགས་པོར་གཏོང་རྒྱུའི་དགོས་ངེས་ཆ་རྐྱེན་གཙོ་བོ་ཞིག་ཡིན། གལ་ཏེ་འཛིན་གྲྭའི་དགེ་རྒན་སོ་སོའི་བར་དང་དགེ་རྒན་དང་སློབ་མ་སོ་སོའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་ཚེ། དགེ་རྒན་སོ་སོའི་སློབ་ཁྲིད་དང་སློབ་ཕྱིའི་བསྐྱར་སྦྱོང་སོགས་ཀྱི་དུས་ཚོད་བཀོད་སྒྲིག་དང་འཆར་གཞི་བཅས་པ་ཕན་ཚུན་འགལ་མེད་དུ་ཐག་གཅོད་ཐུབ་ལ། སློབ་མ་ཚོའི་སློབ་སྦྱོང་དང་བསྐྱར་སྦྱོང་གི་དུས་ཚོད་ཀྱང་གོ་རིམ་ལྡན་པར་ཆགས་ངེས་པས་རང་བཞིན་གྱིས་འཛིན་གྲྭ་གང་དེའི་སློབ་སྦྱོང་གི་མཁའ་དབུགས་ཇེ་ལེགས་སུ་གཏོང་བར་སྨན་དུ་འགྲོ་ངེས་པ་ཡིན། འོན་ཀྱང་འབྲེལ་བ་དེ་ནི་རང་དགར་འགྲུབ་ཡོང་བ་ཞིག་གཏན་ནས་མིན་པས། འཛིན་བདག་གིས་ངེས་པར་འབྲེལ་བ་ལེགས་པོ་ཞིག་ཡོང་བར་རང་ངོས་ནས་འབད་བརྩོན་བྱ་དགོས་ལ། དེ་ནི་འཛིན་བདག་གི་ལས་ཀ་གཙོ་བོ་ཞིག་ཀྱང་ཡིན།

    ཐོག་མར་འཛིན་བདག་རང་ངོས་ནས་དགེ་རྒན་དང་སློབ་མ་སོ་སོར་འབྲེལ་བ་ལེགས་པོ་འཛུགས་དགོས་ཏེ། འཛིན་བདག་གིས་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས་འཛིན་གྲྭའི་བསླབ་གཞི་སོ་སོའི་དགེ་རྒན་རྣམས་ལ་ཁ་བརྡ་དང་གླེང་མོལ་བྱེད་པ་དང་། ཁོ་ཚོ་བརྒྱུད་དེ་འཛིན་གྲྭའི་ནང་གི་སློབ་མ་སོ་སོའི་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་དང་འདྲི་རྟོག་བྱེད་ཞོར། རང་ཉིད་ཀྱི་འཛིན་གྲྭ་སྐྱོང་བའི་སྐོར་གྱི་བསམ་ཚུལ་དང་ལྟ་བ་ཡང་ཁོ་ཚོར་བཤད་དེ། ཕན་ཚུན་གྱིས་རྩད་བསྡུར་དང་ཞིབ་དཔྱོད་བྱ་དགོས། དེ་ལྟར་བྱས་ན་འཛིན་བདག་རང་ཉིད་དང་དགེ་རྒན་སོ་སོའི་བར་དུ་འབྲེལ་བ་ལེགས་པོ་འཛུགས་ཐུབ་པར་མ་ཟད། ཕན་ཚུན་ལ་སློབ་སྦྱོང་བྱེད་ཐུབ་ལ་ཕན་ཚུན་གྱི་བསམ་ཚུལ་ཀྱང་རྟོགས་ཐུབ་པ་ཡིན། དེ་མིན་འཛིན་གྲྭའི་ནང་གི་གནས་ཚུལ་དང་གནད་དོན་རིགས་ཀྱང་ཞོར་དང་གླེང་མོལ་བྱས་པ་ཡིན་པས། རང་བཞིན་གྱིས་དགེ་རྒན་རྣམས་ལ་བསམ་བློ་གཏོང་དགོས་པའི་འདྲི་གཞི་དང་གནད་དོན་མང་པོ་ཞིག་དྲན་ཤེས་སུ་བཅུག་ཡོད་པས། ཁོ་ཚོས་རང་སྟེང་གི་གནད་དོན་དང་སློབ་མའི་གནས་ཚུལ་ལ་བསམ་བློ་གཏོང་བར་ཡང་དྲན་སྐུལ་གྱི་ནུས་ཐོན་ཐུབ་པ་ཡིན། དེ་བཞིན་སློབ་མ་རྣམས་ལ་ཡང་འཛིན་བདག་གིས་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས། ཁ་ཏ་སློབ་གསོ་གཏོང་རྒྱུ་དང་། ལྷག་ཏུ་བསླབ་གཞི་སོ་སོའི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་སྐབས་ཀྱི་གནད་དོན་ཅི་ཡོད་སློབ་མ་རྣམས་ལ་བློ་འདྲི་བྱེད་པ། ཡང་ན་སློབ་མ་རྣམས་ལ་རང་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་དང་ལམ་ཕྱོགས་སོགས་ལ་ལྟ་ཚུལ་ཅི་ཡོད་ལྷུག་པར་བརྗོད་དུ་འཇུག་དགོས། དེ་ལྟར་བྱས་ན་འཛིན་བདག་དང་སློབ་མའི་བར་གྱི་འབྲེལ་བ་མཐུད་ཐུབ་པར་མ་ཟད། འཛིན་གྲྭའི་ནང་གི་གནད་དོན་ལ་ཡང་ཕྱོགས་ངོས་གཞན་ཞིག་ནས་རྒྱུས་ལོན་བྱེད་ཐུབ་ལ། བསླབ་གཞི་སོ་སོའི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཀྱི་གནས་ཚུལ་ལ་ཡང་རྒྱུས་ལོན་བྱ་ཐུབ་པས། སྔར་ལས་ཀྱང་འཛིན་གྲྭའི་འཁོར་རྒྱུག་ལེགས་ལམ་དུ་བགྲོད་པར་བསམ་བློའི་ཆ་རྐྱེན་ཞིག་བསྐྲུན་ཐུབ་པ་ཡིན།

    འཛིན་གྲྭའི་ནང་གི་བྱ་བ་དེ་དག་ཀྱང་དེ་འདྲ་སྒྲུབ་སླ་མོ་ཞིག་དང་། ཡང་ན་དུས་ཡུན་ཐུང་ངུའི་ནང་དུ་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན་པས། འཛིན་བདག་གིས་ཞིབ་ཚགས་ལྡན་པའི་སྒོ་ནས་ནམ་རྒྱུན་གྱི་བྱ་བ་ཀུན་ལ་བཏང་ལྷོད་བྱ་མི་རུང་། དེ་ལས་ཀྱང་དགེ་སློབ་ཀུན་ལ་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ་ངེས་པར་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ཡག་པོ་ཆགས་པ་དང་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུའི་དམིགས་ཡུལ་ཁོ་ནར་བསྙེགས་ཏེ། བྱ་བའི་ཐོག་མཐའ་ཀུན་ལ་ལྷག་བསམ་རྣམ་དག་གིས་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ། འཛིན་བདག་གིས་སློབ་མ་རྣམས་ལ་བཅངས་པའི་ཚད་མེད་ཀྱི་ལྷག་བསམ་དེས་དགེ་སློབ་བར་གྱི་བར་ཐག་ཉེ་བར་གཏོང་ཐུབ་ལ། སློབ་མའི་དྲི་མས་མ་གོས་པའི་དྭངས་གཙང་གི་སེམས་པར་བཅངས་པའི་རེ་བ་དེ་ཡང་གསལ་བོར་མཐོང་ཐུབ་པར་མ་ཟད།དགེ་རྒན་གྱི་ལྷག་བསམ་དང་དུངས་པ་དེ་སློབ་མའི་སེམས་ནས་ནམ་ཡང་བརྗེད་ཐབས་བྲལ། དེ་བས་འཛིན་བདག་གཙོ་བོ་བྱས་ནས་དགེ་རྒན་རྣམས་ཀྱིས་སློབ་མ་སོ་སོར་བདག་སྐྱོང་གང་ལེགས་བྱེད་ཐུབ་ན། སློབ་མས་དེ་བཞིན་དུ་དགེ་རྒན་ལ་བརྩི་བཀུར་ལྡབ་འགྱུར་གྱིས་བྱེད་ངེས། དེ་བས་འཛིན་བདག་གིས་དགེ་རྒན་རྣམས་ལ་ཡང་དེ་ལྟར་སློབ་ཁྲིད་ཀྱི་ཁྲོད་ནས་ལྷག་བསམ་གྱི་དྲོད་ཁོལ་སློབ་མ་རྣམས་ལ་ཚོར་དུ་འཇུག་རྒྱུའི་རེ་བ་འདོན་དགོས་ལ། དེ་ལྟར་བྱས་ཚེ་དེ་ནི་སློབ་མའི་སློབ་སྦྱོང་གི་སྒུལ་ཤུགས་སུ་འགྱུར་ངེས།

    ང་ཚོ་ངེས་པར་སློབ་མའི་སློབ་སྦྱོང་གི་ནང་དུ་ཞུགས་ཏེ་སློབ་མས་རློམ་ཆོག་པའི་གྲོགས་རུ་འགྱུར་དུ་འཇུག་དགོས། འཛིན་བདག་གིས་ལྷག་ཏུ་ལབ་གླེང་བྱས་པ་བརྒྱུད་ནས་སློབ་མའི་མོས་ཕྱོགས་དང་དངོས་ཡོད་ཀྱི་དཀའ་ཁག་ལ་རྒྱུན་ལོན་བྱེད་པ་དང་ཐག་གཅོད་བྱེད་རོགས་བྱ་དགོས། འཛིན་བདག་གིས་སློབ་མར་གྲོགས་པོའི་ཚུལ་དུ་འབྲེལ་འདྲིས་བྱེད་པ་དེ་ནི་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ཇེ་བཟང་དུ་གཏོང་བའི་ཐབས་མཆོག་ཤོས་ཤིག་ཡིན། འགྲོགས་བདེ་གཤིབ་བདེ་རུ་སོང་ན་དགེ་སློབ་བར་གྱི་འབྲེལ་བ་སྔར་ལས་ཇེ་ཉེ་རུ་འགྲོ་བར་མ་ཟད། སློབ་མའི་སེམས་ལ་ཁོ་ཚོར་དགེ་རྒན་ནམ་མཁོ་དུས་དགེ་རྒན་དེ་དུས་ཐོན་ཡོང་སྙམ་པའི་ཚོར་བ་སྐྱེས་སུ་འཇུག་ཐབས་བྱ་དགོས། དེ་མིན་བསླབ་གཞི་སོ་སོའི་དགེ་རྒན་གྱིས་ཀྱང་འཛིན་བདག་ལ་མཉམ་འབྲེལ་བྱེད་ཅི་ཐུབ་ཀྱིས་དུས་རྒྱུན་སློབ་མ་སོ་སོར་ལབ་གླེང་བྱེད་དགོས། དེ་ཡང་སློབ་མའི་སློབ་སྦྱོང་ངམ་ཡང་ན་རང་ཉིད་ཀྱི་བསླབ་གཞི་དང་འབྲེལ་བ་མེད་པའི་སློབ་པའི་ལུས་པོ་བདེ་ཐང་ཡིན་མིན་དང་སློབ་མར་དཀའ་ཁག་ཡོད་མེད་སོགས་དྲིས་པ་བརྒྱུད་ནས། ཁོ་ཚོའི་དཀའ་ཁག་དུས་ལྟར་བསལ་བ་དང་། སློབ་མ་རྣམས་ཀྱི་སློབ་ཕྱིའི་བྱ་འགུལ་སྣ་ཚོགས་ནང་དུ་ཞུགས་རོགས་བྱས་ན་སློབ་མ་ཚོའི་ཡར་སྐྱེད་ཀྱི་བསམ་པ་ལ་རམ་འདེགས་མི་ཉུང་བ་ཐོན་སྲིད། ལྷག་པར་ཕྱོགས་ལྷུང་བྲལ་བའི་སྒོ་ནས་སློབ་མར་འོས་འཚམ་གྱི་བསྔགས་བརྗོད་བྱེད་པ་དང་། སློབ་མ་རྗེས་ལུས་ཅན་ལ་དམའ་འབེབས་སོགས་མི་བྱེད་པར་དེ་ལས་ལྷག་པའི་བདག་སྐྱོང་བྱ་དགོས། རྒྱུན་དུ་ཁོ་ཚོ་ཅི་འདྲའི་བཟང་ཚུལ་དང་ཅི་འདྲའི་ཡར་ཐོན་བྱུང་ཡོད་ཚུལ་སོགས་འོས་འཚམ་གྱིས་བརྗོད་ནས། སློབ་མ་རྣམས་ལ་སློབ་སྦྱོང་གི་སྒུལ་ཤུགས་སྩོལ་ཅི་ནུས་བྱས་ཏེ། འཛིན་བདག་གཙོ་བྱས་པའི་དགེ་སློབ་ཀུན་གྱིས་འབད་པ་ལ་བརྟེན་ན་འཛིན་གྲྭ་དེ་ཡང་སློབ་སྦྱོང་གི་མཁའ་དབུགས་གཞན་ལས་ལྷག་པ་ཞིག་ཏུ་འགྱུར་བ་གདོན་མི་ཟ།

    འཛིན་བདག་གིས་ད་དུང་འཛིན་གྲྭའི་སྒྲིག་ལམ་ལ་ཡང་མཉམ་འཇོག་གང་ལེགས་བྱ་དགོས་ཏེ། ང་ཚོས་འཛིན་གྲྭ་ནི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། སྤྱི་ཚོགས་གང་ཞིག་ལ་མཚོན་ན་ཡང་དེར་ཐུན་མོང་ངམ་མ་མཐའི་བརྩི་སྲུང་བྱ་དགོས་པའི་སྒྲིག་ལམ་ཞིག་ངེས་པར་མཁོ་བ་ནི་རྒྱལ་ཁབ་ཅིག་ལ་ཁྲིམས་ལུགས་དགོས་པ་ལྟ་བུ་རེད། དེ་ཡང་རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་ནི་སྤྱི་དམངས་ཀྱི་འགྲོ་འདུག་བྱ་སྤྱོད་ཀུན་ལ་མཐའ་གཅིག་ཏུ་བཙན་འགོག་བྱེད་སྤྱད་ཀྱི་ཡོ་ཆས་ལྟ་བུ་ཞིག་མིན་པར། ཐུན་མོང་གི་ཁེ་དབང་ངམ་མི་སྒེར་སོ་སོའི་བདག་དབང་ལ་སྔར་ལས་ལྷག་པའི་བདག་སྐྱོང་དང་དོ་མཉམ་ཡོང་ཆེད་དུ་ཡིན་པས། དེ་ནི་སྤྱི་དམངས་སོ་སོའི་ཁྲིམས་ཀྱི་འདུ་ཤེས་སམ་གཞན་གྱི་ཁེ་དབང་ལ་བརྩི་སྲུང་བྱ་བའི་འདུ་ཤེས་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁྲིམས་ཀྱི་དགོས་པ་ཡིན། དེ་བཞིན་འཛིན་གྲྭ་ཞིག་ལ་མཚོན་ན་ཡང་དེའི་སྒྲིག་ལམ་ནི་སློབ་མ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་མཐའ་གཅིག་ཏུ་བཙན་འགོག་བྱ་རྒྱུའི་ཆེད་མ་ཡིན་པར། སློབ་མ་སོ་སོའི་སློབ་སྦྱོང་གི་ཁེ་དབང་དང་སློབ་མ་སོ་སོའི་རང་བབས་ཀྱི་འགན་འཁྲི་དང་རང་ལ་མངའ་བའི་ཁེ་དབང་ཅི་ཡོད་རྟོགས་སུ་འཇུག་ཆེད། ཡང་ན་རང་ཉིད་ཀྱི་འཕེལ་རྒྱས་དང་ཁེ་དབང་གི་ཆེད་དུ་གཞན་གྱི་ཁེ་དབང་ལ་བརྩི་སྲུང་བྱ་རྒྱུའི་འདུ་ཤེས་སྐྱེ་རུ་འཇུག་ཆེད་ཡིན་ལ། ལྷག་ཏུ་འཛིན་གྲྭ་གང་དེ་ལེགས་ལམ་དུ་སྐྱོད་པའི་སྒྲིག་ཁྲིམས་ལྟ་བུ་ཡིན་པས། འཛིན་བདག་གིས་ཐོག་མཐའ་བར་གསུམ་དུ་སློབ་མའི་སྒྲིག་ལམ་བརྩི་སྲུང་གི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུ་ཡང་སློབ་སྦྱོང་གི་མཁའ་དབུགས་ཡག་པོ་ཞིག་བསྐྲུན་པའི་དགོས་དབང་གི་ཆ་རྐྱེན་གལ་ཆེན་ཞིག་ཡིན།

    མདོར་ན་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་བཟང་མིན་ནི་འཛིན་བདག་ལ་རག་ལས་པས། འཛིན་བདག་གིས་ངེས་པར་རང་བབས་ཀྱི་འགན་འཁྲི་ལྷུར་བླངས་ཏེ། སློབ་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་བདག་སྐྱོང་གང་ལེགས་བྱ་རྒྱུ་ཧ་ཅང་གལ་ཆེ་ལ། སློབ་མ་སོ་སོའི་འཇོན་ནུས་ཅི་དགར་འདོན་སྤེལ་བྱེད་ཐུབ་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་དེ་ཡང་འཛིན་བདག་ཞིག་གི་ཆེས་བླ་ན་མེད་པའི་འགན་འཁྲི་ཡིན་ནོ།། 

  • ལེ་ཚན་སྔོན་མ།:ཟི་ཁྲོན་མི་རིགས་སློབ་གླིང་།
  • ལེ་ཚན་རྗེས་མ།:འཆད་ཁྲིད་ལས་འཕྲོས་པའི་གཏམ།
  • དོ་སྣང་ཆེ་བའི་རྩོམ།