ལྷན་སྐྱེས་ཀྱི་འཇོན་ཐང་དང་ཕྱིས་བྱུང་གི་སློབ་གསོ།(3)

གཅན་རོང་བསྟན་འཛིན།        2011-07-22


ཅེས་བཤད་བཞིན་ཡོད་པ་འདིས་མིའི་སྟེང་ན་ལྷན་སྐྱེས་སུ་སྐད་ཆའི་འཇོན་ནུས་གཏེར་ཁ་དང་།དོན་གོ་བའི་འཇོན་ནུས་གཏེར་ཁ་སོགས་ཡོད་པ་གནའ་ནས་སྤྱི་སྡོམ་བྱས་ཚར་ཡོད་པ་མ་ཟད།དམའ་རིམ་གྱི་འཇོན་ནུས་དེ་དག་ནི་མཐོ་རིམ་གྱི་མི་དང་དམའ་རིམ་གྱི་སྲོག་ཆགས་གཞན་དག་དབྱེ་འབྱེད་བྱེད་སྤྱད་ཀྱི་ཚད་གཞི་ཉག་གཅིག་ཏུ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། ངས་བལྟས་ན།མིའི་མཚན་ཉིད་འདི་ནི་མིའི་སྟེང་གི་ལྷན་སྐྱེས་ཀྱི་ཁྱད་ཆོས་དང་སྲོག་ཆགས་གཞན་པའི་ཁྱད་ཆོས་གཉིས་བསྡུར་བ་ལས་ཐོན་པའི་ཚན་རིག་གི་ལྟ་ཚུལ་ཞིག་ཡིན་ལ།ང་ཚོ་སློབ་གསོ་བ་རྣམས་ཀྱིས་ལྟ་ཚུལ་འདི་དག་གི་རྨང་གཞིའི་སྟེང་དུ་དམའ་རིམ་གྱི་སྨྲ་བརྗོད་འཇོན་ནུས་དང་དོན་གོ་བའི་འཇོན་ནུས་དེ་མཐོ་རིམ་གྱི་སྨྲ་བརྗོད་འཇོན་ནུས་དང་དོན་གོ་བའི་འཇོན་ནུས་སུ་ཇི་ལྟར་གཏོང་དགོས་པ་དང་།དེ་ལྟར་དམའ་རིམ་གྱི་འཇོན་ནུས་དེ་དག་མཐོ་རིམ་གྱི་འཇོན་ནུས་སུ་གཏོང་དགོས་ན།འཇོན་ནུས་ཀྱི་གཏེར་ཁ་འདི་དག་བྱིས་པའི་ལོ་ཚོད་ནམ་ཞིག་གི་སྟེང་ནས་སྔོག་འདོན་བྱས་ན་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་ཐུབ་མིན་སོགས་ནི་མིའི་རྒྱལ་ཕམ་དང་འཚོ་གནས་ལ་རག་ལས་པའི་བྱ་བ་གལ་ཆེན་ཞིག་རེད།
དཔེར་ན།ཞིང་བས་ལོ་ཏོག་འདེབས་པ་མཚོན་ན།ལོ་ཏོག་འདེབས་འཛུགས་ཀྱི་དུས་ཚིགས་དམ་འཛིན་བྱེད་རྒྱུ་ནི་ལོ་ལེགས་འབྱུང་མིན་གྱི་རྩ་བའི་ཁག་ཐེག་ཡིན་ཏེ།ལོ་ཏོག་འདེབས་པའི་གྲ་སྒྲིག་གི་དུས་ཚིགས་དང་།དངོས་སུ་འདེབས་པའི་དུས་ཚིགས།ཆུ་གཏོང་བའི་དུས་ཚིགས།ཡུར་མ་ཡུར་བའི་དུས་ཚིགས།ལོ་ཏོག་བརྔ་སྡུད་ཀྱི་དུས་ཚིགས་སོགས་དམ་འཛིན་མ་བྱས་ན།ཞིང་བས་རྩོལ་བ་ཅི་ཙམ་བྱས་ཀྱང་ལོ་ཏོག་གི་ཐོན་འབྲས་ལ་ཤན་ཤུགས་ཚབས་ཆེན་ཐེབས་པ་ནི་ཞིང་བའི་ལག་ལེན་ལས་གསལ་བོར་ཤེས་ནུས་པ་ལྟ་བུ་རེད།  དེ་བས།མིའི་རིགས་ཀྱི་སློབ་གསོ་དེ་དུས་ནམ་ཞིག་ལ་མགོ་རྩོམ་དགོས་པ་དང་ལོ་ཚོད་དང་སེམས་ཁམས་མི་འདྲ་བའི་མི་རྣམས་ལ་སློབ་གསོ་བྱེད་ཐབས་མི་འདྲ་བ་གང་དག་བེད་སྤྱོད་བྱེད་རྒྱུ་ནི་སློབ་གསོ་བ་རྣམས་ལ་འབྲེལ་བ་ཡོད་པར་མ་ཟད།ཁྱིམ་བདག་དང་སྤྱི་ཚོགས་ཧྲིལ་བོར་འབྲེལ་བ་གལ་ཆེན་ཡོད་པ་ཞིག་རེད།
 གཉིས།ཕྱིས་བྱུང་གི་སློབ་གསོ།
སྤྱིར་མི་ཞིག་གི་གཤིས་རྒྱུད་དང་ལུས་སེམས་བདེ་ཐང་།སྤུས་ཚད་མཐོ་དམའ།ངལ་རྩོལ་ནུས་འཛོམ་མིན་སོགས་ནི་མི་དེའི་སློབ་གསོའི་ཆུ་ཚད་ལ་རག་ལས་ཡོད་པ་རེད།མི་ཞིག་ལ་སློབ་གསོ་ཆ་ཚང་བ་ཞིག་འཐོབ་དགོས་ན།ཆེད་མཁས་པས་ཐོག་མར་བྱིས་པ་མ་སྐྱེས་པའི་སྔོན་ནས་གྲ་སྒྲིག་བྱ་བ་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པར་བཤད་ཡོད་དེ།སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་ཡང་རང་གི་བཟའ་ཟླ་འཚོལ་སྐབས་ནས་ཐོག་མར་བྱིས་པའི་སློབ་གསོ་ལ་བསམ་གཞིགས་གཏོང་དགོས།རང་གི་བཟའ་ཟླ་ནི་རང་ཉིད་ཀྱི་ཚེ་གང་གི་སྐྱ་ཡ་ཡིན་པར་མ་ཟད།འབྱུང་འགྱུར་རང་གི་བྱིས་པའི་ཕ་མ་རེད།དེ་བས།བཟའ་ཟླ་འཚོལ་སྐབས་ཕན་ཚུན་ལ་ཕྱིའི་སྐྱེ་སྒོ་དང་དཔལ་འབྱོར་གྱི་ཡོང་སྒོ་མཐོ་དམའ།ལས་གནས་བཟང་ངན།ཁྱིམ་ཚང་ཕྱུག་མིན།སྤྱི་ཚོགས་འདུག་གནས་ཡོད་མེད།གླུ་གར་རྩེད་མོར་མཁས་མིན་སོགས་ལ་བལྟ་བ་ལས་ལུས་སེམས་བདེ་ཐང་དང་བློ་རིག་གསལ་བོ།གཤིས་རྒྱུད་དཀར་ལ་བརྩེ་དུང་ཡོད་མེད་ནི་བཟའ་ཟླའི་ཚད་གཞི་གལ་ཆེན་ཞིག་རེད་སྙམ།བྱིས་པ་མ་སྐྱེས་པའི་ཡར་སྔོན་ནས་ཕ་མ་གཉིས་ཀྱི་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་ཚད་ལྡན་འོས་འཚམ་ཡིན་མིན་ནི་ཐད་ཀར་བྱིས་པའི་ལུས་སེམས་བདེ་ཐང་ཡིན་མིན་ལ་འབྲེལ་བ་དམ་པོ་ཡོད་པས།སྤྱོད་ལམ་ཚད་ལྡན་དང་ལུས་ཕུང་སྦྱོང་བརྡར།སེམས་ཁམས་སྙོམས་སྒྲིག འཚོ་བ་འོས་འཚམ་བྱེད་རྒྱུ་དེ་རེད།གཉིས་ནས་མངལ་བུའི་སློབ་གསོ་ལ་གཙིགས་ཆེན་བྱེད་དགོས་ཏེ།མངལ་ཆགས་པ་ནས་ཕ་མ་གཉིས་ཀྱི་འཚོ་བའི་སྤྱོད་ལམ་ལ་ཆོས་ཉིད་ཡོད་དགོས་པར་མ་ཟད།སྦྲུམ་མས་ཟ་མ་སྐྱ་ཟས་སྐྱ་ཆུ་དང་ཆུ་གཙང་ཟས་གཙང་བསྟེན་པ་ལས་ཚོར་བ་རྩུབ་པའི་ཟ་མ་མང་པོ་མི་ཟ་བ་དང་།ལུས་པོ་སྦྱོང་བརྡར་དང་གཙང་སྦྲ་འོས་འཚམ་བྱེད་དགོས་ལ།འཚོ་བ་སྤྲོ་སྐྱིད་དང་ཡིད་ཚིམ་ངང་བརྟན་བྱེད་རྒྱུ་ནི་བྱིས་པའི་ལུས་སེམས་བདེ་ཐང་དང་ལྷན་སྐྱེས་འཇོན་ཐང་ཅན་གྱི་བྱིས་པ་སྐྱེ་བའི་རྩ་བའི་རྨང་གཞི་དང་མི་རྒྱུད་ལེགས་བསྒྱུར་གཞུང་ལུགས(人种改良的理论)ཀྱི་ཉིང་བཅུད་ཉག་གཅིག་རེད། འཛམ་གླིང་སྟེང་ན་མིས་སློབ་གསོ་མྱོང་བའི་དུས་ཚིགས་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་དེ།རང་རྒྱལ་གྱི་མི་མང་པོ་ཞིག་གིས་ད་དུང་སྔ་དུས་སློབ་གསོ་(早期教育)དེ་བྱིས་པའི་བདེ་ཐང་ལ་གནོད་པ་ཡོད་པར་འདོད་བཞིན་ཡོད་མོད།དོན་ངོ་མས་བཤད་ན།བྱིས་པའི་ཤེས་ནུས་ཀྱི་འོད་ཟེར་གསལ་ལ་མི་གསལ་བ་ཐོག་མང་འཕྲོ་བའི་སྐབས་དེར་བྱིས་པ་དེའི་སློབ་གསོ་མགོ་རྩོམ་པ་ཡིན་ཞེས་འཛམ་གླིང་གི་ཆེད་མཁས་པ་མང་པོས་བཤད་ཡོད་པས།བྱིས་པ་དེ་ལ་མཚོན་ན།ཤེས་ནུས་ཀྱི་འོད་ཟེར་འཕྲོ་བའི་དུས་ཚོད་ཐོན་པ་ནི་བྱིས་པ་དེའི་སློབ་གསོ་མྱོང་བའི་དུས་ཚིགས་ཐོན་པ་རེད།མི་ཚེའི་ཤེས་ནུས་ཀྱི་འོད་ཟེར་ཐོག་མར་འཕྲོ་བའི་སྐབས་སུ་མི་ནུས་སྔོག་འདོན་བྱས་པ་དང་རྗེས་སུ་མི་ནུས་སྔོག་འདོན་བྱས་པ་གཉིས་ཀྱི་མཇུག་འབྲས་རྩ་བ་ནས་འདྲ་མི་སྲིད་དེ།དཔེར་ན།འཇོན་ནུས་སྐར100ཡོད་པའི་བྱིས་པ་ཞིག་གང་འདོད་དུ་བཞག་ཚེ།ཁོའི་འཇོན་ནུས་སྐར30ཙམ་ལས་འདའ་མི་ཐུབ་ལ།གལ་ཏེ་འོས་འཚམ་གྱི་སློབ་གསོ་ཐོབ་ཚེ་དེའི་འཇོན་ནུས་སྐར60—70—80ལ་སླེབས་སྲིད་མོད།སློབ་གསོའི་དམིགས་ཚད་ནི་བྱིས་པ་སོ་སོའི་འཇོན་ནུས་ཀྱི་བརྒྱ་ཆ100སྔོག་འདོན་བྱེད་རྒྱུ་དེ་ཡིན།འོན་ཀྱང་།བྱིས་པའི་འཇོན་ནུས་དེ་བྱིས་པའི་ལོ་ཚོད་དང་བསྟུན་ནས་ཇེ་མང་དུ་མི་འགྲོ་བར་མ་ཟད།དེ་ལས་ལྡོག་སྟེ་སྔར་ཡོད་ཀྱི་འཇོན་ནུས་དེ་བྱིས་པའི་ལོ་ཚོད་ཇེ་མཐོར་འགྲོ་བ་དང་བསྟུན་ནས་འཇོན་ནུས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བའི་ཆོས་ཉིད་ཡོད་པ་རེད།དཔེར་ན།བྱིས་པ་རྡོ་རྡོ་རང་ལོ་ལྔའི་སྟེང་ནས་འོས་ཤིང་འཚམ་པའི་སློབ་གསོ་མྱངས་ཚེ་ནུས་ཚད་སྐར80ཙམ་ལ་ཐོན་ཐུབ་པ་དང་།གལ་ཏེ་ཁོས་ལོ་བཅུའི་སྟེང་ནས་འོས་ཤིང་འཚམ་པའི་སློབ་གསོ་མྱངས་ཚེ་ནུས་ཚད་སྐར60ཙམ་ལས་ཐོན་ཐབས་མེད་པ་རེད།དེ་བས།སློབ་གསོ་ཐོབ་ཚད་ཅི་ཙམ་འཕྱི་ན་བྱིས་པའི་འཇོན་ནུས་སྔོག་འདོན་བྱས་པ་དེ་ལྟར་ཉུང་བ་འདིས་ཡང་བསྐྱར་བྱིས་པའི་འཇོན་ནུས་མར་འགྲིབ་ཆོས་ཉིད(儿童潜能递减规律)གསལ་བཤད་བྱས་ཡོད་པ་རེད།སྲོག་ཆགས་རིག་པ་བས་མཚམས་སྦྱོར་ལྟར་ན།སྲོག་ཆགས་གང་ཞིག་ཡིན་ཡང་དེའི་ནུས་པ་འཕེལ་རྒྱས་ལ་དུས་ཚིགས་ངེས་ཅན་ཞིག་ཡོད་པས།སྲོག་ཆགས་ཀྱི་ནུས་པ་གང་མང་ཞིག་དུས་ཚིགས་དེའི་ནང་དུ་སྔོག་འདོན་མ་བྱས་ན་རྗེས་ནས་སྔོག་འདོན་བྱེད་ཐབས་མེད་དེ།དཔེར་ན།བྱ་ཕྲུག་ཨ་མའི་རྗེས་འདེད་ཀྱི་ནུས་པ་བྱ་ཕྲུག་བཀད་རྗེས་ཀྱི་ཉིན་བཞི་ཡས་མས་ཡིན་པ་དང་།བྱ་མའི་སྐད་དབྱེ་འབྱེད་ཀྱི་ནུས་པ་བྱ་ཕྲུག་བཀད་རྗེས་ཀྱི་ཉིན་བརྒྱད་ཡས་མས་ཡིན་པས།ཉིན་དེ་དག་གི་ནང་དུ་བུ་ཕྲུག་གི་ནུས་པ་དེ་དག་སྔོག་འདོན་མ་བྱས་ན་རྗེས་སུ་ནུས་པ་དེ་དག་རང་བཞིན་གྱིས་ཉམས་ནས་སྔོག་འདོན་བྱེད་ཐབས་བྲལ་བ་ལྟ་བུ་རེད།
དེ་བས།ནར་མ་སོན་པའི་བྱིས་པའི་སློབ་གསོའི་དུས་རིམ(幼儿教育期)ནི་བྱིས་པའི་ཤེས་ནུས་འཕེལ་བའི་གོ་རིམ་དང་བྱིས་པ་ལ་མི་གཤིས་ཆགས་པའི་གོ་རིམ་ཡིན་ལ།བྱིས་པའི་ཤེས་ནུས་འཕེལ་རྒྱས་དང་།ཁྱད་པར་དུ་བྱིས་པའི་སྐད་ཆའི་ཤེས་ནུས་དང་གསར་བཏོད་ཤེས་ནུས།དབྱེ་འབྱེད་ཀྱི་ནུས་པ་སོགས་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་མོད།གཞི་རིམ་རོང་འབྲོག་ས་ཁུལ་ལ་མཚོན་ན།ཆེས་གལ་ཆེ་བའི་སློབ་གསོའི་དུས་ཚིགས་དེ་དག་ད་དུང་སྟོང་རྐྱང་དུ་ལུས་ཡོད་པ་དང་།ཁྱད་པར་དུ་རྒྱ་ཡིག་དང་།བོད་ཡིག དབྱིན་ཡིག་སོགས་སྐད་གསུམ་སློབ་ཁྲིད་བྱེད་པའི་གཞི་རིམ་བོད་རིགས་ས་ཁུལ་དུ་སྐད་ཆ་དང་ཡི་གེ་སློབ་སྦྱོང་བྱེད་པའི་འགན་ཁུར་ལྟོས་བཅས་ཀྱིས་ལྕི་ན་ཡང་སྐད་ཆའི་ནུས་པ་གསར་བཏོད་ཀྱི་དུས་ཚིགས་བཟང་བོ་དམ་འཛིནམ་བྱས་པ་ཤིན་ཏུ་མི་འདང་བས།བྱིས་པའི་སྐད་ཆའི་འཇོན་ནུས་འདོན་སྤེལ་གྱི་གོ་སྐབས་དམ་འཛིན་བྱེད་རྒྱུ་ནི་གཞི་རིམ་སློབ་གསོ་འཕེལ་རྒྱས་དང་བྱིས་པའི་འཇོན་ནུས་སྐྱེད་སྲིང་བྱེད་པའི་ཐབས་ཇུས་གསར་བ་ཞིག་རེད།
འཛམ་གླིང་གི་སྔོན་ཐོན་ས་ཁུལ་སོ་སོ་ན་ན་གཞོན་རྣམས་ཀྱིས་བཟའ་ཟླ་འཚོལ་སྐབས་ནས་ཕྱི་རབས་པའི་སློབ་གསོའི་མགོ་བརྩམས་ཤིང་།བྱིས་པ་མངལ་ན་ཡོད་དུས་ནས་སྦྲུམ་མའི་མངལ་གྱི་སློབ་གསོར་གཙིགས་ཆེན་དང་།ཤེས་ནུས་ཀྱི་འོད་ཟེར་འཕྲོ་སྐབས་ཏེ།བྱིས་པའི་མིག་མདུན་ནས་མཛུབ་མོ་ཀེར་ན་བྱིས་པས་མཛུབ་མོ་འཛིན་རྩིས་བྱེད་པ་ཙམ་ནས་སྐད་ཆའི་སློབ་གསོའི་མགོ་རྩོམ་བཞིན་ཡོད་ན་ཡང་།རང་ཅག་གིས་བྱིས་པ་ལོ་བདུན་ནས་བརྒྱད་ཙམ་ལ་ཐོན་ཚེ་ད་གཟོད་ཐོག་མར་སློབ་གསོ་མགོ་རྩོམ་བཞིན་ཡོད་པ་གཉིས་བསྡུར་ན།ང་ཚོའི་བྱིས་པ་ཚོ་རིག་རྟུལ་ཡིན།ང་ཚོའི་སློབ་མ་ནུས་མེད་ཡིན་ནམ།ང་ཚོའི་སློབ་གསོ་སློབ་རྟུལ་ཡིན།ང་ཚོའི་སློབ་གསོ་རྗེས་ལུས་ཡིན་ནམ།ང་ཚོའི་བྱིས་པ་མ་རབས་ཡིན།འདི་ནི་ཚང་མས་བསམ་གཞིགས་དང་གཙིགས་ཆེན་བྱེད་དགོས་པའི་གནད་དོན་ཆེས་གལ་ཆེ་བ་ཞིག་དང་།གང་མྱུར་གྱིས་ལེགས་བཅོས་བྱེད་དགོས་པ་ཞིག་རེད།
གསུམ།མཇུག་བསྡུ་བ།
ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཡོད་ནའང་ལྷན་སྐྱེས་ཀྱི་འཇོན་མི་ཤིན་ཏུ་དཀོན་ལ།ང་ཚོས་རྒྱུན་དུ་བཤད་པའི་ལྷན་སྐྱེས་འཇོན་མི་(天才)ཞེས་པ་ནི་དོན་དངོས་སུ་བཤད་ན།ལྷན་སྐྱེས་ཀྱི་ཤེས་རབ་ཅན+ཕྱིས་བྱུང་གི་ཕུལ་བྱུང་སློབ་གསོ་=ད་གཟོད་ལྷན་སྐྱེས་ཀྱི་འཇོན་མི་བྱུང་བ་རེད།
དེ་བས།བྱིས་པ་འཇོན་མིར་འགྱུར་བའི་གོ་རིམ་གྱི་ཁྲོད་དུ་ལྷན་སྐྱེས་ཀྱི་འཇོན་ཐང་ལས་ལྷན་སྐྱེས་ཀྱི་ཤེས་རབ་གལ་ཆེ་ལ།ལྷན་སྐྱེས་ཀྱི་ཤེས་རབ་ཅན་ལས་ཀྱང་ཕུལ་བྱུང་གི་སློབ་གསོ་གལ་ཆེ་བས།གལ་ཏེ་ལྷན་སྐྱེས་ཤེས་རབ་ཅན་གྱི་བྱིས་པ་ཞིག་ལ་ཕྱིས་བྱུང་གི་སློབ་གསོ་སྤྱིར་བཏང་བ་ཙམ་ཞིག་ཐོབ་ཚེ་མི་སྤྱིར་བཏང་བ་ཙམ་ཞིག་ལས་འབྱུང་མི་སྲིད་ལ།ལྷན་སྐྱེས་ཀྱི་ཤེས་རབ་སྤྱིར་བཏང་བ་ཞིག་ལ་ཕྱིས་བྱུང་གི་སློབ་གསོ་ཕུལ་དུ་བྱུང་བ་ཞིག་ཐོབ་ཚེ་མི་ཕུལ་ཏུ་བྱུང་བ་ཞིག་ཏུ་འགྱུར་ཐུབ་ངེས་རེད།ཡང་ལྷན་སྐྱེས་ཀྱི་ཤེས་རབ་སྤྱིར་བཏང་བ་ཞིག་ལ་ཕྱིས་བྱུང་གི་སློབ་གསོ་སྤྱིར་བཏང་བ་ཞིག་ཐོབ་ཚེ་མི་ཆེས་སྤྱིར་བཏང་བ་ཙམ་ཞིག་ལས་འབྱུང་མི་སྲིད་ལ།ལྷན་སྐྱེས་ཀྱི་ཤེས་རབ་ཕུལ་བྱུང་ཅན་ཞིག་ལ་ཕྱིས་བྱུང་གི་སློབ་གསོ་ཕུལ་བྱུང་ཅན་ཞིག་ཐོབ་ཚེ་འཇོན་མི་ཆེས་ཕུལ་ཏུ་བྱུང་བ་ཞིག་འབྱུང་ངེས་ཡིན་པས།ཆོས་ཉིད་འདི་དག་ལ་ཞིབ་འཇུག་དང་སྤྱི་སྡོམ་བརྩི་བཀུར་དང་གཙིགས་ཆེན་བྱེད་རྒྱུ་ནི་བྱིས་པ་རེ་རེའི་མདུན་ལམ་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་ཆེས་གལ་ཆེ་བ་ཞིག་རེད་སྙམ་མོ།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:སློབ་གསོ་ཐབས་ལམ་རྣམ་བཤད།
  • ལེ་ཚན་རྗེས་མ།:སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད།
  • དོ་སྣང་ཆེ་བའི་རྩོམ།