ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་ཁོན་ཐི་ལིང་གི་སློབ་གསོའི་བསམ་བློ།

རྐང་ཚ་རྫོང་ཧྲ་ལེ་ཧོ་བཅའ་སྡོད་སློབ་ཆུང་།ལན་དབྱང་།        2011-07-07

གཉིས།ཁོན་ཐི་ལིང་གི་སློབ་གསོའི་བསམ་བློ།
ཁོན་ཐི་ལིང་གིས་སྔོན་ཆད་སྣང་མེད་དུ་བཞག་པའི་དགེ་རྒན་གྱིསློབ་ཁྲིད་གོ་རིམ་ཁྲོད་དུ་བཏོན་པའི་ནུས་པ་གལ་ཆེན་དེ་རྟོགས་ཤིང་བཏོན་པ་རེད།ཁོང་གིས་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་སློབ་ཁྲིད་ཀྱི་བྱེད་ཐབས་ལ་ཞིབ་འཇུག་གནང་སྟེ།དགེ་རྒན་གྱིས་ངེས་པར་དུ་ཕ་མ་ལྟ་བུའི་སྒོ་ནས་བྱིས་པར་སློབ་གསོ་གཏོང་དགོས་པར་མ་ཟད།ད་དུང་བྱིས་པའི་ནུས་པར་ཁྱད་པར་ཡོད་པ་དང་ནུས་པ་དེའི་འཁོར་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས།ཆད་གཅོད་དང་གཅར་རྡུང་།འཕྱ་སྨོན་སོགས་ཀྱིས་བྱིས་པའི་བསམ་པར་གནོད་པ་ལས་ཕན་པ་སྤུ་ཙམ་མེད་པར་འདོད་སྟབས།ཁོང་གིས་ལུས་ཆད་གཅོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་དེ་ནི་བྱིས་པར་བརྙན་བཅོས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པར་འདོད།ཁོང་གིས་ལུས་ཆད་གཅོད་པའི་ཐབས་ཤེས་ཀྱིས་སློབ་མར་སློབ་སྦྱོང་བྱེད་དུ་བཅུག་ན།སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་རྒྱུ་ཕར་ཞོག  དེ་ལས་ལྡོག་སྟེ་སློབ་སྦྱོང་ལ་སུན་སྣང་སྐྱེས་སྲིད་པར་འདོད།
 ཁོན་ཐི་ལིང་གིས་བྱིས་པའི་སྐྱེས་ཐོབ་ཀྱི་ནུས་པར་གདེང་འཇོག་མཐོན་པོ་གནང་ཡོད་ལ།དེ་ནི་ཁོང་གི་སློབ་གསོ་རིག་པའི་གཞུང་ལུགས་མ་ལག་ཁྲོད་ཀྱི་ཉིང་བཅུད་ཡིན།ཁོང་གིས་སློབ་ཆུང་སློབ་གསོ་ནི་སློབ་གསོ་ཡོངས་ཀྱི་རྨང་གཞི་ཡིན་པའི་ལྟ་ཚུལ་བཏོན།ཁོང་གིས་རོ་མའི་བྱིས་པ་ལོ7ནས་སློབ་གྲྭར་འགྲོ་བའི་སྲོལ་རྒྱུན་གོམས་སྲོལ་དེར་མི་འཐད་པ་དང་དེ་ལས་སྔ་བར་སློབ་གྲྭར་བསྐྱལ་ན་བཟང་ལ།འོན་ཀྱང་སློབ་སྦྱོང་གི་འགན་ཁུར་ལྗིད་མི་རུང་བ་དང་སློབ་ཁྲིད་ཁྲོད་དུ་རོལ་རྩེད་མང་པོ་གཟབ་དགོས།རོལ་རྩེད་ཀྱིས་བྱིས་པའི་རིག་སྟོབས་སྤེལ་ཐུབ་པ་མ་ཟད།བྱིས་པའི་ཀུན་སྤྱོད་ཀྱང་སྐྱེད་སྲིང་བྱེད་ཐུབ་པའི་ལྟ་ཚུལ་བཏོན།གཞན་ཡང་སློབ་གྲྭའི་སློབ་ཚན་ཡང་སྣ་གཅིག་འཁྲིད་པ་ལས་སློབ་ཚན་སྣ་མང་ཡིན་ན་ལེགས་ཏེ།སློབ་ཚན་སྣ་མང་ཞིག་ཁྲིད་ན་སློབ་མའི་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པས་ངལ་དུབ་བསལ་ནས་སློབ་སྦྱོང་གི་སྤུས་ཚད་ཀྱང་མཐོ་རུ་འདེགས་ཐུབ།སློབ་ཚན་སྣ་མང་ཡང་སློབ་མའི་འགན་ཁུར་ལྗིད་དྲག་ཏུ་འགྲོ་མི་སྲིད་དེ།རྒྱུ་མཚན་ནི་གཞོན་ནུ་རྣམས་ཀྱིས་ཤེས་བྱ་དང་ལེན་གྱི་ནུས་ཚད་ཆེ་བར་མ་ཟད།སློབ་གྲྭར་གནས་པའི་སློབ་སྦྱོང་གི་དུས་ཡུན་རིང་བའི་ཕྱིར་རོ།།  ཁོན་ཐི་ལིང་གི་ལྟ་ཚུལ་ལྟར་ན།སློབ་ཁྲིད་སྤུས་ཚད་ཀྱི་གནད་འགག་ནི་དགེ་རྒན་ཡིན་ལ།ཁོང་གིས་དགེ་རྒན་ལ་བླང་བྱ་མཐོན་པོ་བཏོན་ཡོད་དེ།ཐོག་མར་དགེ་རྒན་ལ་ཤེས་བྱ་འཛོམ་དགོས་པ་མ་ཟད།ད་དུང་བྱིས་པར་དགའ་བ་དང་།བྱིས་པར་སུན་སྣང་མེད་པར་སློབ་གསོ་གཏོང་བ།བྱིས་པར་ཞིབ་འཇུག་བྱེད་པར་དོ་སྣང་བྱེད་པ།སྣོད་བསྟུན་སློབ་ཁྲིད་ལ་མཐོང་ཆེན་བྱེད་དགོས་པ་བཅས་སོ།ཁོང་གིས་ད་དུང་དོན་སྙིང་ལྡན་པའི་རེ་བ་ཞིག་བཏོན་པ་ནི།མཐོ་རིམ་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དུས་ཚོད་ངེས་ཅན་ཞིག་སྤྱད་དེ་དམའ་རིམ་སློབ་གྲྭར་སོང་ནས་སློབ་ཁྲིད་བྱས་ན།དེ་ནི་བྱིས་པ་དང་སློབ་གསོ་གཏོང་ཐབས་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་པར་འདོད།ཁོང་གིས་སྐབས་དེར་རོ་མའི་སློབ་གྲྭའི་ནང་དུ་ལུས་ཆད་གཅོད་པ་དང་ཁྱབ་ཆེ་བར་ངོ་རྒོལ་དྲག་པོ་མཛད།ཁོང་གིས་ལྟ་ཚུལ་ལྟར་ན།སློབ་མས་ལེགས་པོར་མི་བསླབ་པ་ནི་སློབ་གསོའི་ཕྱོགས་ཀྱི་ནོར་འཁྲུལ་ཡིན་པས།དགེ་རྒན་གྱིས་འགྲན་སྡུར་སྣ་ཚོགས་སྤེལ་བ་དང་བྱ་དགའ་གནང་བ།ཐུགས་ཁུར་དང་སྲུང་སྐྱོང་བྱེད་པ་དང་།སློབ་ཚན་ལས་ཐོབ་པའི་སྤྲོ་སྣང་སོགས་ལ་བརྟེན་ཏེ་སློབ་སྦྱོང་གི་སྤུས་ཚད་ཁག་ཐེག་བྱེད་དགོས་པ་སྟེ།དགེ་རྒན་གྱིས་སྐུལ་འདེད་བྱེད་པ་དང་དམིགས་དཔེ་སྟོན་པ་ནི་སློབ་མའི་སློབ་སྦྱོང་ལ་རྗེས་འབྲས་ལེགས་པོ་ཐོབ་པའི་ནུས་ལྡན་གྱི་ཐབས་ཤེས་ཤིག་ཡིན།  ཁོན་ཐི་ལིང་གིས་སློབ་མའི་ཡིད་འཛིན་གྱི་ནུས་པ་སྐྱེད་བསྲིང་བའི་ཐད་དུའང་མཐོང་ཆེན་གནང་འདུག་སྟེ།ཁོང་གི་ལྟ་ཚུལ་ལྟར་ན།བྱིས་པ་ལོ་ན་ཕྲ་བའི་སྐབས་སུ།ཁོ་ཚོར་མཛེས་ཤིང་སྙན་པའི་སྙན་ངག་མང་པོ་བློར་འཛིན་དུ་འཇུག་འོས་ཤིང་།སྐབས་དེར་ཁོ་ཚོས་སྙན་ངག་གི་ནང་དོན་ལ་གོ་བ་ལེན་མི་ཐུབ་མོད།འོན་ཀྱང་ཁོ་ཚོས་གོ་བ་ལེན་ཐུབ་པའི་དུས་ལ་སླེབས་ཚེ་ཕན་པ་ཆེན་པོ་འབྱུང་བས།སློབ་གྲྭའི་ནང་དུ།དགེ་རྒན་གྱིས་བསམ་གཟས་ནས་བྱིས་པའི་ཡིད་འཛིན་གྱི་ནུས་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་དགོས།ཁོན་ཐི་ལིང་གིས་བལྟས་ན།བྱིས་པས་སྐད་ཆ་ཙམ་བཤད་ཤེས་པ་ནས་མགོ་བརྩམས་ཏེ།དུས་རིམ་སོ་སོའི་སློབ་གསོར་བརྒྱུད་དེ་སྐྱེད་སྲིང་བྱེད་དགོས་པར་འདོད།  ཐོག་མར་ཁོང་གིས་དུས་རིམ་དང་པོར་བྱིས་པའི་སློབ་གསོར་ཧ་ཅང་མཐོང་ཆེན་གནང་སྟེ།བྱིས་པའི་སློབ་གསོ་ནི་ཁྱིམ་ཚང་ལ་བརྟེན་པ་ཡིན་པས།ཕ་མ་དང་མ་མ།ཁྱིམ་ཚང་དགེ་རྒན་སོགས་ཚང་མ་བྱིས་པའི་སློབ་གསོ་གཏོང་མཁན་ཡིན་ལ།ནང་སྒོས་སུ་མ་མ་ནི་ངེས་པར་དུ་ཀུན་སྤྱོད་བཟང་བོ་ལྡན་ཞིང་སྐད་ཆ་བཤད་པ་ཡང་དག་པའི་མི་ཞིག་ཡིན་དགོས་ཏེ།རྒྱུ་མཚན་ནི་ཁོ་མོའི་བྱ་སྤྱོད་དང་སྐད་ཆ་རེ་རེས་ཀྱང་བྱིས་པར་ཤུགས་རྐྱེན་ཐེབས་པ་ཡིན།  དེ་ནས་དུས་རིམ་གཉིས་པའི་སློབ་གསོའི་ཐད་ལ།ཁོན་ཐི་ལིང་གིས་གནའ་བོའི་རོ་མའི་སྐུ་དྲག་རྣམས་ཀྱིས་ཁྱིམ་ཚང་ལ་དགེ་རྒན་གདན་ཞུ་བྱེད་པའི་སྲོལ་དེར་ངོ་རྒོལ་གནང་ཞིང་།བྱིས་པ་སྔ་མོ་ནས་སློབ་གྲྭར་བསྐྱལ་ནས་སློབ་གསོ་ཐོབ་ཏུ་བཅུག་ན་ལེགས་པར་འདོད།གང་ལེགས་ཤེ་ན།ཁྱིམ་ཚང་སློབ་གསོས་བྱིས་པར་སྤྲོ་སེམས་མེད་པ་དང་ང་རྒྱལ་ཆེ་བ།ངོ་ཚ་བ་སོགས་མི་ལེགས་པའི་གོམས་གཤིས་སྐྱེད་བསྲིང་བས་ཡིན།སློབ་གྲྭའི་སློབ་གསོ་ནི་དེ་ལྟར་མིན་ཏེ།སློབ་གྲྭའི་ནང་དུ་སློབ་མ་མང་པོ་གཅིག་ཏུ་འདུས་ཡོད་པས།གྲོགས་པོ་མང་པོ་ཤེས་པའི་ཁོར་ཡུག་ལྡན་པ་མ་ཟད།ད་དུང་འགྲན་རྩོད་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་ལྡན་པ་རེད།དེ་ལྟར་ཁོང་གིས་དུས་ཡུན་རིང་བོར་སློབ་ཁྲིད་བྱ་བ་གནང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་།སློབ་ཁྲིད་ཀྱི་རྩ་དོན་དང་བྱེད་ཐབས་སོགས་ཀྱི་ཐད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་བཏོན་ཡོད།  ཁོན་ཐི་ལིང་གིས་སྣོད་བསྟུན་སློབ་ཁྲིད་བྱེད་དགོས་པར་འདོད་དེ
།བྱིས་པ་རེ་རེའི་ནུས་པར་ཁྱད་པར་ཡོད་པས།སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ།དགེ་རྒན་གྱིས་ནན་ཏན་སྒོས་སློབ་མ་རེ་རེའི་ཁྱད་པར་ལ་ལྟ་ཞིབ་བྱས་ཏེ།སློབ་མ་རེ་རེའི་རང་གཤིས་ཀྱི་དམིགས་བསལ་འཁོར་ཕྱོགས་གསལ་བོར་རྟོགས་རྗེས།གང་ལ་གང་འཚམ་དེ་ལ་དེ་མཐུན་སྒོས་སྣོད་བསྟུན་སློབ་ཁྲིད་བྱེད་དགོས་པར་འདོད།
དེ་ཡང་སློབ་མ་རང་རང་གི་གནས་ཚུལ་ལྟར་སློབ་ཚན་བཀོད་སྒྲིག་བྱེད་དགོས།རིགས་སྟོབས་ཅུང་ཞན་པའི་སློབ་མར་ནང་དོན་དང་མྱུར་ཚད་ཀྱི་ཕྱོགས་ནས་འོས་འཚམ་གྱིས་སྟུན་ཐབས་བྱེད་པ་དང་།རིག་སྟོབས་རྣོ་བའི་སློབ་མར་གང་ནུས་ཀྱིས་ཅི་ལྕོགས་བྱེད་དགོས།ཁོང་གིས་ད་དུང་ལོ་ཚད་མི་འདྲ་བའི་སློབ་མར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཐབས་ཀྱང་གཅིག་མཚུངས་སུ་བཀོལ་མི་རུང་བ་དང་།ལས་བྱའི་མང་ཉུང་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཚད་གཞིའང་སློབ་མའི་རིག་སྟོབས་ཀྱི་ཡོན་ཚད་དང་བསྟུན་དགོས་པར་འདོད།ཁོན་ཐི་ལིང་གིས་སློབ་ཁྲིད་ཁྲོད་འཁོས་དཔག་རང་བཞིན(量力性)གྱི་རྩ་དོན་བཀོལ་བའི་བསམ་བློའི་རྨང་གཞི་བཏིང་བ་རེད།ཁོང་གིས་སློབ་ཁྲིད་ཁྲོད་སློབ་མར་ཚད་ལས་བརྒལ་བའི་གནད་དོན་འདོན་པར་ཉམས་འཇོག་དགོས་ནའང་།སློབ་མ་གང་ཐུབ་ཀྱིས་ཚོད་ལྟ་བྱེད་དུ་འཇུག་རྒྱུའང་བཏང་སྙོམས་སུ་འཇོག་མི་རུང་བར་འདོད།ཁོང་གིས་དགེ་རྒན་ལ་བསླབ་བྱ་ཡང་ཡང་གནང་སྟེ།སློབ་མའི་ལས་བྱ་མང་དྲགས་མི་རུང་བ་དང་།སློབ་ཁྲིད་བྱེད་ཐབས་གང་ཞིག་སྤྱད་ཀྱང་དེ་སློབ་མས་དང་ལེན་ཐུབ་པ་ཞིག་བྱེད་དགོས་པ་ལས།སྤམ་རྫུ་སྟོན་པ་དང་མགོ་རྙོག་ཆེད་བཟོ་སོགས་བྱེད་མི་རུང་བའི་བསམ་ཚུལ་ནན་གྱིས་བསྟན།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:བསླབ་བྱ་ནོར་བུའི་ཕྲེང་བ།
  • ལེ་ཚན་རྗེས་མ།:༄༅།།གངས་དཀར་རི་བོའི་འདབས་སུ་བཞད་པའི་གངས་ལྷའི་མེ་ཏོག
  • དོ་སྣང་ཆེ་བའི་རྩོམ།