༄༅།།གངས་དཀར་རི་བོའི་འདབས་སུ་བཞད་པའི་གངས་ལྷའི་མེ་ཏོག

བཀྲ་ཤིས་དང་མཁས་གྲུབ།        2011-07-07

༄༅།།གངས་དཀར་རི་བོའི་འདབས་སུ་བཞད་པའི་གངས་ལྷའི་མེ་ཏོག


     ན་ནིང་ད་ལོའི་རིང་ལ་གྲོགས་པོ་བར་གྱི་ཁ་བརྡ་དང་འགོ་ཁྲིད་རྣམས་ཀྱི་གསུང་བཤད་ལས་གངས་དཀར་རི་བོ་ཤང་གི་ལྟེ་གནས་སློབ་ཆུང་ལ་སྔར་མེད་པའི་ལང་ཚོའི་གསོན་ཤུགས་རྒྱས་ཤིང་མདུན་བསྐྱོད་ཀྱི་གོམ་པ་བརྟན་པའི་གཏམ་བཟང་ཚིག་བཟང་གོ་བས་རང་ཉིད་དངོས་སུ་ས་ཆ་དེ་གར་ཐེངས་གཅིག་སླེབས་ཐུབ་ན་ཅི་མ་རུང་སྙམ་པ་ནི་ཐེངས་གཅིག་མིན་པར་ལན་དུ་མར་སྐྱེས་མྱོང་།ཏག་ཏག་ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་འཁེལ་སྐབས་སློབ་གྲྭ་དེའི་དགེ་རྒན་དམ་པ་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་པ་ལྟར་སྦྲང་ཆར་བསིལ་མ་ཟིམ་ཟིམ་འབབ་པའི་ཉིན་ཞིག་ལ་ངེད་གཉིས་རེ་ཞིང་སྨོན་པའི་སློབ་གྲྭ་དེ་ལ་འབྱོར།
     ཀ ཉི་འོད་ཀྱིས་གསོས་པའི་གངས་ལྷའི་མེ་ཏོག
སློབ་གྲྭ་དེ་ནི་མཚོ་བོད་མཐོ་གཞོངས་སུ་སྙན་པའི་གྲགས་པ་འབར་བའི་གངས་དཀར་རི་བོའི་འདབས་སུ་གནས་པའི་གངས་དཀར་རི་བོའི་ཤང་དུ་ཆགས་ལ་གཡས་གཡོན་དུ་རྒྱ་རྫོང་ནགས་ཀྱིས་བསྐོར་ལ་ཟུར་དུ་གངས་ཆུ་སྒེག་མོ་ལྷུང་ལྷུང་སྒྲ་དང་གྱ་གྱུར་འགྲོས་ཀྱིས་བཞུར་བས་མཐོ་ས་ནས་བལྟས་ན་ལག་མཐིལ་དུ་ནོར་བུ་མུ་ཏིག་ཅིག་བཞག་པ་དང་ཀུན་ནས་མཚུངས།གངས་དཀར་རི་བོའི་ཤང་གི་ལྟེ་གནས་སློབ་ཆུང་ལ་ད་སྔོན་བར་དུ་སློབ་མ༢༢༨ཡོད་ལ་འཛིན་གྲྭ༦དང་དགེ་རྒན་དང་ལས་བཟོ་པ་ཁྱོན་བསྡོམས༡༥ཡོད།སློབ་གྲྭ་ལ་ཞག་སྡོད་བྱས་པའི་སློབ་མ་༡༩༧ཡོད།གོང་རིམ་དབུ་ཁྲིད་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་བརྩེགས་གཉིས་ཅན་གྱི་སློབ་ཁྲིད་ཐོག་ཁང་གཅིག་དང་སློབ་མའི་སྡོད་ཁང་གཅིག དགེ་རྒན་སྡོད་ཁང་གཅིག སློབ་མ་རྣམས་ཀྱི་ཇ་ཁང་བཅས་ཕྱིའི་འཛུགས་སྐྲུན་ཀྱི་ཐད་ལ་ལེགས་བཅོས་དང་བསྐྱར་གསོ་བྱས་པས་ད་ལྟར་སློབ་མ་རྣམས་ཀྱིས་ཉིན་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་ལ་མཚན་ངལ་གསོའི་ཉལ་ས་སྐྱིད།ལོ་ཆུང་བྱིས་པ་རྣམས་ལུས་སེམས་གཉིས་ཀའི་ཐད་ནས་སྐྱེད་སྲིང་ལེགས་པོ་ཡོང་དགོས་ན་ཡང་དག་ཤེས་བྱའི་གནས་ཀྱིས་བློ་ཁ་བསྒྱུར་དགོས་པ་མ་ཟད་རྒྱབ་ལ་གྱོ ན་རྒྱུའི་གོས་དང་ལྟོ་ལ་བཟའ་རྒྱུའི་ཟས་གཙང་ལ་སྙིང་བཅུད་ལྡན་དགོས་པས་སློབ་གྲྭས་སློབ་མ་རྣམས་ལ་ཇ་ལྟིར་དང་ཚ་དམ།ཕོ་རུ་སོགས་ཉོས་པ་དང་།ཉལ་ཁང་རེ་ལ་གོས་སྒོམ་རེའང་བསྒྲིགས་ཡོད་པས་ན་ཆུང་བྱིས་པ་རྣམས་འཚར་ལོངས་འབྱུང་བའི་ཆ་རྐྱེན་ཇེ་ལེགས་སུ་གྱུར་དང་འགྱུར་བཞིན་མཆིས།
    སློབ་གསོའི་བྱ་གཞག་ནི་སློབ་གྲྭ་རྐྱང་རྐྱང་གིས་སྒྲུབ་ཐུབ་པ་ཞིག་མ་ཡིན་ལ་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་དང་རམ་འདེགས་བྱ་དགོས་པ་ཞིག་ཡིན།དེང་སང་བྱམས་སེམས་ཅན་གྱི་མི་རྣ་དང་རོགས་སྐྱོར་ཚོགས་པ་ཆར་རྗེས་སུ་མྱུ་གུ་འབུས་པ་ལྟར་ཐོན་པས་སློབ་གྲྭ་དེའང་དེ་དག་གིས་ཐུགས་བརྩེ་ཡིས་རྗེས་སུ་བཟུང་ཡོད་དེ།ལྷོ་ནུབ་རྡོ་སྣུམ་སློབ་ཆེན་སློབ་རོགས་ལྷན་ཚོགས་ཀྱིས་དབུལ་པོའི་སློབ་མ་༢༠ལ་སྒོར་མོ༩༠༠༠ལྷག་གིས་རོགས་སྐྱོར་བྱས་ལ་སློབ་གྲྭ་ལ་དཔེ་ཆ་དེབ་༡༠༨༧ཙམ་གནང་བ་དང་།དེ་མིན་བྱམས་སེམས་ཅན་གྱི་མི་སྣ་རྣམས་ཀྱིས་སློབ་མ་རྣམས་ལ་གོན་པ་དང་སློབ་སྦྱོང་ཡོད་ཆས་སོགས་གནང་བས་ཕྱོགས་བཞི་ནས་འཕྲོས་པའི་ཉི་འོད་ཀྱི་དྲིན་ལས་གངས་ལྷའི་མེ་ཏོག་དེའི་གཞུང་རྟ་རྒྱས་ཤིང་ལོ་མ་འབུས་བཞིན་པའི་སྒང་རེད།
     ཁ  དྲི་བསུང་འཐུལ་བའི་གངས་ལྷའི་མེ་ཏོག
     སློབ་གྲྭ་ཡག་པོ་ནི་མི་རིགས་ཀྱི་རྒྱན་ཆ་ཡིན་ན་སློབ་མ་བཟང་པོ་ནི་སློབ་གྲྭའི་ཚེ་སྲོག་ཡིན་ལ་མ་འོངས་པའི་བདག་པོ་འང་ཡིན།སུས་སློབ་གྲྭ་ལ་དམ་འཛིན་བྱས་ན་དེ་ནི་འཇིག་རྟེན་གྱི་མགོན་སྐྱབས་དང་སུས་སློབ་མ་ལ་བུ་ཕྲུག་ལྟར་གཅེས་ན་དེ་ནི་ང་ཚོའི་ཕྱག་འཚལ་ཡུལ་ཡིན།སློབ་གྲྭ་དེའི་མིག་རྒྱང་རིང་ལ་རང་ཞེན་ཆེ་བའི་སློབ་གཙོ་དང་དགེ་རྒན་རྣམ་པས་མཐུན་སྒྲིལ་གྱིས་འབད་བརྩོན་བྱས་ནས་ཐུན་མོང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུའི་དམ་བཅས་ཏེ་འཚོ་བ་ངན་ངོན་དང་འགྲོ་འདུག་ཐབས་ཆག་ཙམ་ལ་ཡིད་མ་ཆད།དཔའ་མ་ཞུམ་ནས་སློབ་གྲྭ་ནི་རང་གི་ཁྱིམ་དང་སློབ་མ་ནི་རང་གི་བུས་ཕྲུག་ལྟ་བུར་བསྒོམས་པས་སྤྱོད་པ་གཙང་ཞིང་སློབ་ལ་མཁས་ཤིང་གཞན་ལ་ཕན་པར་འདོད་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་ཆགས་ཡོད་ལ།ལུས་ངག་ཡིད་གསུམ་ཡ་རབས་ལས་ལ་མོས་ཤིང་བོད་རྒྱ་ཡིག་རིགས་དང་བཅས་པ་ཤེས་པའི་འདོད་པ་རྦ་རླབས་ལྟར་འཕྱུར་བའི་སློབ་མའི་ཁྱུ་ཚོགས་ཤིག་མཆིས་སོ།སྨྱུག་འཛིན་པ་སློབ་གྲྭ་དེ་ལ་སླེབས་བའི་ཕྱི་ཡི་ཉིན་པར་དགེ་སློབ་ཀུན་གྱིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་སོང་།ཉིན་དེར་གནམ་ངོ་དེ་ཙམ་ཡག་རྒྱུ་མེད་མོད་དགེ་སློབ་རྣམས་སྔ་མོ་ནས་ལངས་ཏེ་དགའ་བའི་སེམས་པ་སྤྲིན་ནག་གིས་མནན་མ་ཐུབ་ལ་བསིལ་རླུང་གིས་ཁྱེར་མ་ཐུབ་པར་གཅིག་སེམས་གཅིག་སྒྲིལ་གྱིས་ལྟད་མ་འཁྲབ་སྟོན་བྱ་རྒྱུར་གྲ་སྒྲིག་བྱེད།ཁྱོད་དང་ང་མེད།རྟ་དང་སྒ་མེད་པར་ཐུན་མོང་གི་ལས་ལ་མཉམ་དུ་བརྩོན་པའི་ཚུལ་དེ་མཐོང་དུས་ཁོ་བོས་སློབ་གྲྭ་དེ་ལ་གསོན་ཤུགས་རྒྱས་བཞིན་པའི་རྒྱུ་མཚན་ཞིག་གོ་བྱུང་ལ་མི་རྣམས་ཀྱིས་བསྟོད་པའི་མེ་ཏོག་འཕྱོར་བའི་གནས་ལུགས་ཤིག་ཀྱང་ཤེས་སོང་།ཀུན་གྱིས་བརྩོན་འགྲུས་ཅན་གྱིས་མི་འགྲུབ་ཅི་ཡང་མེད་ཅེས་གསུངས་མོད།ངས་མཐུན་སྒྲིལ་ཡོད་ན་མི་འགྲུབ་ཅི་ཡང་མེད་ཅེས་སྙམ་བྱུང་།
     སློབ་གྲྭའི་འགོ་ཁྲིད་ཀྱིས་ཏང་གི་སྲིད་ཇུས་ཀྱི་བཀའ་དྲིན་དང་དབུ་ཁྲིད་རྣམ་པའི་ཐུགས་ཁུར།འབངས་མི་སེར་རྣམས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་བའི་ཟོལ་མེད་སྙིང་གཏམ་གྱིས་ལྟད་མོ་འཁྲབ་སྟོན་གྱི་སྒོ་ཕྱེས་མ་ཐག་ཐག་རིང་ཐུང་ནས་ཕེབས་པའི་ཁྱིམ་བདག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་དགེ་རྒན་རྣམས་ལ་ཁ་དར་དཀར་པོ་ཕུལ་བས་སློབ་མ་ཚོ་དང་མཉམ་དུ་གྲལ་བསྒྲིགས་པའི་དགེ་རྒན་རྣམས་ཀྱི་ལུས་ཀྱི་སྟོད་སྨད་དར་དཀར་པོས་གཡོག་པ་ནི་ཆོས་དད་པ་རྣམས་ཀྱིས་དད་པའི་ཡུལ་ལ་ཁ་དར་ཕུལ་བ་དང་མཚུངས།མི་རྒྱུད་སྨད་པའི་འགོ་ཁྲིད་ཀྱིས་ཡུལ་མི་རྣམས་ཀྱི་ཚབ་བྱས་ཏེ་སློབ་གྲྭ་ལ་སློབ་གསོ་ལ་བྱང་ཞིང་མཁས།།སློབ་མ་ལ་བུ་ལྟར་གཅེས་ཞེས་བྲིས་ཡོད་པའི་དར་ཆ་ཞིག་ཀྱང་ཕུལ།རེད་དེ།དེ་ནི་དགོན་པ་མཇལ་བའི་མཇལ་དར་མ་རེད་ལ་ལྷ་བླ་མར་དད་པའི་དད་དར་མ་ཡིན་།དེ་ནི་མི་རིགས་འདི་ཡིས་སློབ་གསོ་ལ་དད་པའི་དད་དར་ཡིན་ལ་དགེ་རྒན་མཇལ་བའི་མཇལ་དར་ལགས་པས་ང་ཚོ་ལྟད་མོ་བ་རྣམས་ལ་ཐེངས་དང་པོར་དགའ་བའི་མིག་ཆུ་ལྷུང་སོང་།ཉིན་དེར་སློབ་མ་རྣམས་ཀྱིས་གྲེ་འགྱུར་ངག་གིས་ཕ་ཡུལ་ལ་བསྟོད་གླུ་འབུལ་ཞིང་གར་གྱི་སྟབས་སྟབས་ཀྱིས་མ་འོངས་པའི་རེ་སྨོན་མཚོན་པ་དང་།སློབ་མའི་འཚོ་བའི་བྲོ་བས་ཕྱུག་པའི་ཁ་ཤགས་དང་རྨོངས་པའི་དྲ་བར་ཚུད་པའི་མི་རྣམས་ལ་གོ་བསྐོན་བློ་འགུག་ཐེབས་པའི་གར་ཆུང་།མི་སེམས་མདུན་དུ་སྐུལ་བའི་དག་གསལ་སྙན་གསུམ་གྱི་སྙན་ངག་གྱེར་འདོན་བཅས་ལས་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་སློབ་མའི་ལུས་ངག་ཡིད་གསུམ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་མཛད་པའི་འབྲས་བུ་བཟང་པོ་ལྟད་མོ་བ་དག་གི་སྤྱན་ལམ་དུ་བསྟར་བས་ཚང་མར་སེམས་འགུལ་ཆེན་པོ་ཐེབས།སློབ་མ་རྣམས་ཀྱི་སྙན་འཇེབས་ཀྱི་གླུ་ཚིག་རེ་རེ་ལས་དུས་རབས་གསར་པའི་འཕར་རྩའི་ཟུངས་ཁྲག་བཞུར་བཞིན་ཡོད་པ་མཐོང་ལ་ཡིད་འཕྲོག་གི་རྡོག་བྲོ་རེ་རེ་ལས་མི་རབས་གསར་པའི་མདུན་སྐྱོད་ཀྱི་གོམ་སྒྲའང་ཐོས།ཉིན་དེར་ཁྱིམ་བདག་དབང་མོ་ཡིས་བྱིས་པ་ལོ་གསུམ་ཅན་དེ་རྒྱབ་ཏུ་ཁུར་ནས་སློབ་མ་རྣམས་ཀྱིས་སྟོན་པའི་ལྟད་མོ་ལ་ལྟ་བཞིན་མཆིས།མོ་ཡིས་ཁོང་གི་བུ་མོ་ཆེ་བ་དེས་སློབ་གྲྭ་འདིར་ལོ་རིམ་ལྔ་པ་སྦྱོང་བཞིན་ཡོད།སྤྱིར་རང་གི་ཁྱིམ་ཚང་ལ་མི་ལག་ཉུང་བ་དང་དཔལ་འབྱོར་སོགས་ཀྱི་ཐད་ལ་དཀའ་ངལ་ཕྲད་ཀྱང་རྒྱལ་ཁབ་ཀྱི་སློབ་རིན་མི་དགོས་པ་དང་དགེ་རྒན་རྣམས་ཀྱི་རེ་སྐུལ་ལ་བརྟེན་ནས་ད་བར་དུ་རྒྱུན་མ་ཆད་པར་སློབ་སྦྱོང་ལ་མངགས་པ་ཡིན།ཁྱད་པར་དུ་ན་ནིང་ད་ལོའི་རིང་ལ་དགེ་རྒན་རྣམ་པའི་དྲིན་ཆེན་པོ་ལ་བརྟེན་ནས་ངའི་བུ་མོའི་སློབ་སྦྱོང་ཡག་པ་མ་ཚད་གླུ་ལེན་ཤེས་ལ་བྲོ་ཡང་ཡག་པོ་འཁྲབ་ཤེས་ལ་འགྲོ་ལུགས་འདུག་སྟངས་ཀྱང་དངོས་གནས་ཡག་པོ་རེད།ད་ལྟར་ངས་རྒྱབ་ཏུ་ཁུར་བའི་བྱིས་པ་འདི་ཡང་རྗེས་མར་སློབ་གྲྭར་འདིར་མི་གཏོང་ཁག་མེད་ཡིན།ཁྱེད་ཀྱིས་ལྟོས་དང་དེ་ནི་ངའི་བུ་མོ་རེད་ཅེས་བྲོ་འཁྲབ་བཞིན་པའི་བུ་མོ་ཞིག་ལ་མཛུབ་གུ་བཙུགས་ནས་དེ་ལྟར་བཤད་བྱུང་།དངོས་གནས།ཁོང་དང་ཁོང་འདྲ་བའི་ཁྱིམ་བདག་རྣམས་ཀྱི་རི་མགོ་ལ་སྨུག་པ་དྭངས་པ་ལྟ་བུའི་བསམ་རྒྱ་དང་བྲག་ངོས་སུ་་ཕུར་པ་ཟུག་པ་ནང་བཞིན་གྱི་ཆོད་སེམས་ཡོད་པས་གངས་དཀར་རི་བོའི་འདབས་སུ་དྲི་བསུང་ཐུ་ལུ་ལུར་ཁྱབ་པའི་མེ་ཏོག་གངས་ལྷ་ཞིག་ང་ཚོའི་རྒྱན་དུ་བཞད་ཡོད་དོ།།
     ག  བུང་བ་འཁོར་བའི་གངས་ལྷའི་མེ་ཏོག
      དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་།།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།ཞེས་པ་ལྟར་སློབ་གྲྭ་ལ་དགེ་རྒན་འཁོར་ཞིང་དགེ་རྒན་ལ་སློབ་མ་འཁོར་དགོས་ན་བསམ་བློ་ཅན་གྱི་སློབ་གཙོ་ཞིག་དང་འགན་ཁུར་མཁན་གྱི་དགེ་རྒན་གྱི་དཔུང་སྡེ་ནི་མེད་དུ་མི་རུང་བ་ཞིག་རེད།སློབ་གཙོ་ཐུབ་བསྟན་ཆོས་དར་གྱི་དགོངས་པ་ལྟར་ན་སློབ་གསོ་ལ་ཕྱོགས་པའི་ལྟ་བ་ཡང་དག་པ་དང་སློབ་མ་ལ་བཅངས་པའི་ལྟ་བ་ཡང་དག་པ་ཞིག་ཡོད་པ་གཞིར་བྱས་ཏེ་དགེ་རྒན་ཕན་ཚུན་བར་ཕུ་ནུ་མིང་སྲིང་དང་དགེ་སློབ་བར་བློས་ཐུབ་གྲོགས་པོའི་འབྲེལ་བ་ཆགས་དགོས།སློབ་གཙོ་ཡིས་དགེ་རྒན་རྣམས་ཀྱི་ལས་དོན་དང་འཚོ་བ།ཁྱིམ་ཚང་བཅས་ལ་སེམས་ཁུར་བྱེད་དགོས་ལ་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ།སེམས་ཁམས།འདོད་མོས་དགའ་ཕྱོགས་བཅས་ཕྱོགས་གང་ཐད་ནས་སྣེ་ཁྲིད་དང་ཐུགས་སྐྱོང་གནང་དགོས།དེས་ན་ང་ཚོས་ཅི་འཇོན་གང་ཐུབ་ཀྱིས་དགེ་རྒན་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་སློབ་སྦྱོང་གི་གོ་སྐབས་སྤྲོད་པ་མ་ཟད་ཕུལ་བྱུང་གི་དགེ་རྒན་རྣམས་ལ་བྱ་དགའ་སྤྲོད་དེ་མུ་མཐུད་དེ་འབད་པ་བྱེད་པའི་ངར་སེམས་སྐུལ།ཁོམ་ལོང་ཡོད་སྐབས་དགེ་རྒན་རྣམས་མཉམ་དུ་འཛོམས་ནས་གླུ་ལེན་གར་རྩེད་བྱེད་པ་མ་ཟད་སློབ་ཁྲིད་ཐད་ཀྱི་དོགས་གཞི་ལ་བགྲོ་གླེང་བྱས་པས་ཚང་མས་བློ་རྩེ་གཅིག་ཏུ་སྒྲིམ་པར་ཕན་ནུས་ཆེན་པོ་ཐོབ།དེ་ལྟར་གཅིག་སེམས་གཅིག་ལ་བརྟེན་ནས་སློབ་གསོ་འི་བྱ་གཞག་བསྒྲུབས་པས་མི་སྨོན་རང་སྐྱིད་ཀྱི་གྲུབ་འབྲས་ཀྱང་ཐོན་ཏེ་དགེ་རྒན་རྣམས་སློབ་གྲྭར་འདུག་མོས།སློབ་མ་རྣམས་ཀྱིས་སྦྱོང་མོས།ཁྱིམ་བདག་གིས་མངགས་མོས་པའི་ལུགས་སྲོལ་ཡག་པོ་ཞིག་ཆགས་ཏེ་དེ་སྔོན་སློམ་མ༡༧༥ནས་ད་ལོར༢༢༨ལ་འཕར་བ་རེད།
     ཉིན་དེར་སློབ་མ་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱས་པའི་ལྟད་མོ་ཡིས་ཁྱིམ་བདག་རྣམས་ཀྱི་ཡིད་དབང་འཕྲོག་སྟེ་གྲགས་འགུལ་ཅི་ཡང་མེད་པར་ལྟད་མོར་གཡེང་གིན་འདུག ཁོ་བོ་དང་ཐག་མི་རིང་བར་ལོ་ན་དྲུག་བཅུ་ཡས་མས་ཀྱི་རྒན་པོ་ཞིག་གིས་ལག་བཟུང་གིས་བྱ་དགའི་རྟགས་མ་དང་ཐང་ག་ཞིག་དམ་པོར་བཟུང་སྟེ་ལྟད་མོར་ལྟ་བཞིན་མཆིས།ཁོ་བོ་དེའི་འགྲམ་དུ་བཅར་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན་།ཁོང་གི་མིང་ལ་རྡོ་རྗེ་ཟེར།ད་ལོར་སློབ་གྲྭས་གདམས་པའི་ཕུལ་བྱུང་གི་ཁྱིམ་བདག་རེད།ཁོང་གི་ཚ་བོ་དང་ཚ་མོ་གཉིས་ཀས་སློབ་གྲྭ་འདིར་སློབ་སྦྱོང་བྱེད་བཞིན་ཡོད་ལ་སྦྱངས་འབྲས་ཀྱང་ཨང་དང་གཉིས་ཀྱི་ཚད་དུ་སླེབས་ཡོད།ཁོང་ནི་མི་རྒྱུད་གྲོང་པའི་ཁྱིམ་བདག་གི་འཐུས་མི་ཡིན་པས་དགེ་རྒན་དང་ཁྱིམ་བདག་བར་འབྲེལ་བ་བྱེད་པའི་ཕོ་ཉ་ལྟ་བུའང་རེད།ཁོང་གིས་སྐད་ཆེན་པོའི་སྒོ་ནས་སྔོན་ཆད་ཡིན་ན་ང་ཚོའི་ཕ་ཡུལ་ནི་ས་ཐག་རིང་ལ་འགྲོ་ལམ་མི་བདེ་བས་དགེ་རྒན་རྣམས་འདུག་ཡུན་མི་རིང་ལ་སློབ་མ་རྣམས་ཀྱི་དོ་དམ་ཡང་དེ་ཙམ་ཙམ་ཡིན།རེད་དེ་ད་ནས་མཐོ་མགོ་ཁྲིད་དང་འོག་དགེ་རྒན་རྣམས་ཀྱིས་བཟང་ལ་བཟང་མཐུད་ནས་སྡུག་རུས་རྒྱག་བཞིན་ཡོད་པས་སློབ་མ་རྣམས་བལྟས་བལྟས་རིག་རིག་ལ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་དོ།ཁྱད་པར་དུ་དགའ་དགོས་པ་ཞིག་ནི་སྔོན་མ་ཡིན་ན་འབུ་རྐོ་བའི་དུས་ལ་སླེབས་ཚེ་ཁྱིམ་བདག་རྣམས་ཀྱིས་སློབ་མ་རྣམས་འབུ་བརྐོ་བར་ཁྲིད་འགྲོ་གིན་ཡོད་མོད།ན་ནིང་ད་ལོར་དགེ་རྒན་རྣམས་ཀྱིས་སློབ་གསོ་དང་དོན་དང་མཐུན་པའི་སྒྲིག་ལམ་བཞག་པས་ད་ལོར་འབུ་བརྐོ་སར་སོང་སྟེ་སློབ་སྦྱོང་ལ་ཆད་པའི་སློབ་མ་གཅིག་ཀྱང་ཡོད་མ་རེད་ཅེས་བཤད།ཁྱེད་ལ་བསམ་འཆར་དང་ཡང་ན་དྲན་ཚུལ་ཅི་ཡོད་ཅེས་དྲིས་པར་ཁོང་གིས་བསམ་འཆར་ཅི་ཡང་མེད་དགེ་རྒན་རྣམས་ཀྱིས་མུ་མཐུད་དེ་ང་ཚོའི་བྱིས་པ་རྣམས་ལ་རིག་གནས་ཁྲིད་པ་མ་ཟད་སློབ་གསོའི་བཀོད་པ་རྒྱག་རྒྱུའི་རེ་བ་དང་ང་རང་གིས་ཀྱང་མུ་མཐུད་ནས་སློབ་གྲྭ་ལ་རྒྱབ་སྐྱོར་བྱེད་ཅི་ཐུབ་བཟོ་རྒྱུ་ཡིན་ཞེས་གསུང་བྱུང་།ངོ་མ།ཕ་བཟང་གི་བུ་དང་བུ་བཟང་གི་གཏམ་རེད།དེ་འདྲའི་མིག་རྒྱང་རིང་བའི་ཁྱིམ་བདག་དང་འགན་འཁྲིའི་འདུ་ཤེས་ལྡན་པའི་དགེ་རྒན་མཆིས་ན་ལུང་ཁུག་དེ་ནས་ཕྱི་རོལ་ཡུལ་གྱི་ལྟད་མོ་ལ་ཕེབས་ཏེ་ངོ་མཚར་གྱི་འཇིག་རྟེན་སྐྲུན་པའི་དཔའ་བོ་དང་མཛངས་མ་ནི་ལོ་རེ་ལས་ལོ་རེ་མང་ཐག་ཆོད་པས་ད་ལོ་མིན་པའི་ད་ཕྱིའི་དུས་བཟང་ཞིག་ལ་ཁྱེད་ཉིད་སླར་ཡང་སྨྱུག་འཛིན་པ་ཡི་སྨྱུག་ཁ་ལ་སྔར་ལས་ཀྱང་ལྷུག་གེར་བཞད་པའི་ཡིད་ཆེས་ཆེན་པོ་ཡོད་དོ།

  • ལེ་ཚན་སྔོན་མ།:ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་ཁོན་ཐི་ལིང་གི་སློབ་གསོའི་བསམ་བློ།
  • ལེ་ཚན་རྗེས་མ།:སློབ་གསོ་ཐབས་ལམ་རྣམ་བཤད།
  • དོ་སྣང་ཆེ་བའི་རྩོམ།