ནུབ་བྱང་མི་རིགས་སློབ་ཆེན།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-02-16
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ཚུན་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེན་མོ་ཐོག་མ་ཡིན། སྤྱི་ལོ་༡༩༤༩ལོའི་ ཟླ་༧པར་ལས་དོན་གྱི་དགོས་མཁོ་དང་ཡང་སྒོས་ནུབ་བྱང་བོད་རིགས་ས་ཁུལ་དུ་ཆབ་སྲིད་ལས་བྱེད་གསོ་སྐྱོང་བྱ་བར་དམིགས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྐང་དམག་དམག་སྡེ་དང་པོ་དང་ཀན་སུའུ་ཞིང་ཆེན་དམག་དོན་དོ་དམ་ཚོགས་པ་ཟུང་ནས་ནུབ་བྱང་ས་ཁུལ་གྱི་གྲོང་ཁྱེར་གནད་པོ་ཆེ་ལན་གྲུར་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་གཉེར་བ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ས་བོན་ལྟ་བུ་ཡིན། ལོ་དེ་རང་གི་ཟླ་༡༡པར་དུས་བབ་ཀྱི་འགྲོས་བཞིན་དུ་འཛིན་གྲྭ་དེ་སློབ་གྲྭར་རྒྱ་བསྐྱེད་དེ་བོད་རིགས་སློབ་གྲྭ་མིང་འཕོས་ཤིང་མི་རིགས་ས་ཁུལ་གྱི་སློབ་མ་བསྡུ་འགོ་བརྩམས། སྤྱི་ལོ་༡༩༥༠ལོའི་ཟླ་དང་པོར་སློབ་གྲྭ་མིང་སླར་འཕོས་ཏེ་ནུབ་བྱང་མི་དམངས་གསར་བརྗེའི་སློབ་ཆེན་ལན་གྲུའི་ཡན་ལག་སློབ་གྲྭ་སྡེ་ཁག་གསུམ་པ་ཞེས་འབོད། སྤྱི་ལོ་༡༩༥༠ལོའི་ཟླ་དང་པོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བཪྙེས།
སློབ་ཆེན་འདི་ཉིད་དབུ་བཪྙེས་པ་ནི་ཏང་དང་སྲིད་གཞུང་གིས་མི་རིགས་ཀྱི་མཐོ་རིམ་སློབ་གྲྭར་བཅངས་བའི་གཟིགས་མཐོང་ཆེན་མོ་ལེགས་པར་མཚོན་ནུས། སྤྱི་ལོ་༡༩༥༡ལོར་འདི་གའི་སློབ་གླིང་དུ་སྐད་ཡིག་སྡེ་ཁག་དང་ཆབ་སྲིད་སྡེ་ཁག་གཉིས་བཙུགས། སྐད་ཡིག་སྡེ་ཁག་ཏུ་བོད་ཡིག་དང་སོག་ཡིག ཡུ་གུར་གྱི་ཡི་གེ་བཅས་ཆེད་ལས་གསུམ་ཡོད། སྤྱི་ལོ་༡༩༧༩ལོའི་ཟླ་༤བར་སྐད་ཡིག་སྡེ་ཁག་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་རྒྱའི་སྐད་ཡིག་དང་རྩོམ་རྩལ་ཞིབ་འཇུག་ཁང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་། ཏུང་ཧོང་གཏེར་ཡིག་ཞིབ་འཇུག་ཁང་བཅས་ཡོད། མིག་སྔར་འདི་ག་སློབ་གླིང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་དང་བཟོ་ཚོང་དོ་དམ་ཆེད་ལས་(རྒྱ་བོད་སྐད་གཉིས་)གཉིས་ཡོད། ལས་བཟོ་བ༢༥དང་ཆེད་བསྐོས་དགེ་རྒན་༢༡ཡོད། དགེ་རྒན་ཆེན་མོ་༥ཡོད། དགེ་རྒན་ཆེན་མོ་གཞོན་པ་༨དང་། འཆད་འཁྲིད་དགེ་རྒན་༨བཞུགས། ཀན་སུའུ་དང་མཚོ་སྔོན། སི་ཁྲོན། བོད་ལྗོངས་བཅས་ནས་ཡོང་བའི་སློབ་མ་༣༤༥ཡོད།
བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་གཉེར་བ་ནས་བཟུང་། ཏང་གི་མི་རིགས་སློབ་གསོའི་མཛད་ཕྱོགས་དང་། མི་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་། མི་རིགས་རིག་གནས་དར་སྤེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སློབ་གཉེར་གྱི་གཞི་ཁྱོན་རྒྱ་བསྐྱེད་དང་སློབ་གཉེར་གྱི་རིམ་པ་མཐོར་འདེགས་བྱས། སྤྱི་ལོ་༡༩༧༩ལོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་འགོ་བརྩམས། ལོ་རབས་དགུ་བཅུ་བའི་མགོ་ནས་བཟུང་བོད་ཁུལ་གྱི་ཤེས་ལྡན་པ་གསོ་སྐྱོང་གི་དགོས་མཁོར་དམིགས་ཏེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རང་སྦྱོང་ཆེད་ལས་གཉེར། ད་བར་དུ་རྒྱ་ཆེ་བའི་བོད་ཁུལ་དང་འབྲེལ་ཡོད་སྡེ་ཁག ཏང་སྲིད་ལས་ཁུངས་བཅས་ལ་ཞིབ་འཇུག་སློབ་མ་༡༠༠ལྷག་དང་། དངོས་གཞི་དང་ཆེད་སྦྱོང་སློབ་མ་༢༢༠༠ལྷག རང་སྦྱོང་ཆེད་ལས་ཀྱི་དངོས་གཞི་དང་ཆེད་སྦྱོང་སློབ་མ་༧༠༠ལྷག་གསོ་སྐྱོང་བྱས། སློབ་གླིང་འདི་ནས་མཐར་ཕྱིན་པའི་སློབ་མ་ཕལ་མོ་ཆེས་རང་རང་གི་ལས་གནས་སུ་བོད་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་ཡོན་འཛུགས་སྐྲུན་དང་ཆབ་སྲིད་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ལེགས་སྐྱེས་འཕུལ་དང་འབུལ་བཞིན་ཡོད། འདི་ག་སློབ་གླིང་ནས་ནམ་ཡང་བསླབ་གཞི་འབྲི་རྩོམ་ཐད་ལ་མཐོང་ཆེན་བྱས། སློབ་གླིང་འདིའི་ཆེད་ལས་བསླབ་གཞིའི་ཁྲོད་བརྒྱ་ཆའི་གོ་ལྔ་ནི་སློབ་གླིང་རང་གི་དགེ་རྒན་གྱིས་རྩོམ་སྒྲིག་བྱས། ཚོད་རྩིས་ལྟར་ན་སྔ་ཕྱི་བསྡོམས་པའི་ཆེད་ལས་བསླབ་གཞི་༣༠ལ་ཉེ་བ་བརྩམས། དེ་དག་གིས་རང་སློབ་གླིང་གི་སློབ་ཁྲིད་དགོས་མཁོ་བསྐངས་བ་མ་ཟད། བསླབ་གཞི་མང་པོ་ཞིག་སློབ་ཆེན་གཞན་པའི་བོད་ཡིག་ཆེད་ལས་ཀྱི་བསླབ་གཞི་བདམས་ཤིང་དགའ་བསུ་ཆེན་པོ་ཐོབ། སྤྱི་ལོ་༢༠༠༠ལོར་སློབ་གྲྭས་ཆོག་མཆན་བཀོད་པ་ལྟར་བཟོ་ཚོང་དོ་དམ་(རྒྱ་བོད་སྐད་གཉིས་)གྱི་དངོས་གཞིའི་ཆེད་ལས་བཙུགས་ཤིང་ལོ་དེར་སློབ་མ་བསྡུ་མགོ་བརྩམས། ཆེད་ལས་སློབ་ཁྲིད་ཚད་ལྡན་དུ་གཏོང་ཆེད་སློབ་ཆེན་གཞན་དག་དང་མཉམ་དུ་བསླབ་གཞི་༡༤སྒྱུར་སྒྲིག་བྱས་ཏེ་ད་ལྟ་པར་དུ་བསྐྲུན་ལ་ཉེ། སློབ་ཁྲིད་ལ་མཐོང་ཆེན་བྱས་པ་མ་ཟད་སློབ་ཁྲིད་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་གི་སྒོ་འཕར་ཕྱེ་ཤིང་སླར་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་བྱ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ཡོད། ལོ་རབས་༥༠ ནས་བཟུང་ཝང་ཡེ་ནོན་དང་ཚེ་ཏན་ཞབས་དྲུང་། ཏོན་ཁེ་ཞིན། ཧུ་ཧྲེང་ཀྲེན། ཧོང་བན་ཧྲིང་། ངག་དབང་ཆོས་དར། དཀོན་མཆོག་ཚེ་བརྟན་སོགས་མཁས་པ་རིམ་བྱོན་ལ་ཁོང་རྣམ་པའི་བརྩམས་ཆོས་གཙོ་བོ་༼བྱ་ཁྱུང་གདན་རབས་༽དང་༼ཐོན་མིའི་ཞལ་ལུང་༽༼བོད་རྒྱ་ཚིག་མཛོད༽༼སྙན་ངག་སྤྱི་དོན༽༼སྐར་མའི་འཇིག་རྟེན༽༼ཚེ་ཏན་ཞབས་དྲུང་གི་རྩོམ་བཏུས༽༼འཛམ་གླིང་སྤྱི་བསང་༽༼མི་དབང་རྟོགས་བརྗོད༽༼དུས་རབས་རིམ་བྱུང་གི་རྩོམ་བཏུས༽༼བོད་ཀྱི་ལོ་རྒྱུས་རེའུ་མིག་བོད་ཀྱི་ལོ་རྒྱུས་བསྡུས་བ༽༼འཇིག་མེད་ཚང་གི་རྟོགས་བརྗོད༽༼གསུང་རབས་སྒྱུར་བཀྲོལ༽༼བྱ་ཁྱུང་དགོན་པའི་ལོ་རྒྱུས༽༼བོད་ཀྱི་བརྡ་སྤྲོད༽༼རྒྱ་བོད་ཚིག་མཛོད༽༼བསྟན་རྩིས་ཀུན་བཏུས༽༼དན་ཏིག་དགོན་པའི་དཀར་ཆགས༽༼བརྡ་ཪྙིང་རྒྱུ་ཆ་བདམས་བསྒྲིགས་༽སོགས་དང་༼འགྱུར་མ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽༼མི་ལ་རས་པའི་རྣམ་ཐར༽༼གླིང་སྒྲུང་ཁག་དང་པོ༽༼ཐོག་ཁང་དམར་པོའི་རྨི་ལམ་༽སོགས་ཡོད།སྐབས་དེར་༼བྱང་སེམས་ལས་འཁྲུངས་བའི་ཤེས་རབ༽༼རྟེན་འབྲེལ་བསྟོད་པའི་འབྲེལ་བ༽༼བརྡ་སྤྲོད་དོན་འབྲེལ་ཕྱོགས་བསྒྲིགས༽༼དེང་རབས་སྲིད་འཛིན་དོ་དམ་རིག་པ༽༼སྤྱི་འབྲེལ་རིག་པ༽༼རྒྱ་བོད་མངོན་བརྗོད་ཚིག་མཛོད༽༼ནང་རིག་ཚིག་མཛོད༽༼རྒྱ་བོད་ཉིས་འབྲེལ་དཔལ་འབྱོར་ཚིག་མཛོད༽༼བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་བྱུང་རིམ་མདོར་བསྟན༽༼སྐད་བརྡ་རིག་པའི་སྤྱི་བཤད༽༼རྩོམ་གཞུང་གསར་བསྒྲིགས༽༼རྩོམ་འཇུག་གསར་བསྒྲིགས༽༼རྩིས་འཁོར་ལ་མཁོ་བའི་སྐད་ཡིག་༽སོགས་བརྩམས་ཆོས་སྐོར་ཞིག་ཐོན་བྱུང་།
སློབ་གླིང་གི་བསླབ་གཞིའི་གནད་དོན་ཐག་བཅད་པ་དང་། འབྲེལ་ཡོད་ཆེད་ལས་ཀྱི་མཁས་པ་མང་པོའི་བསྔགས་བརྗོད་ཐོབ། ཚོད་རྩིས་ལྟར་ན་འདི་གའི་དགེ་རྒན་རྣམ་པས་དཔྱད་རྩོམ་༨༠༠ལྷག་སྤེལ་ལ། རིག་གཞུང་བརྩམས་ཆོས་སྣ་ཚོགས་༦༠ལྷག་བསླབ་གཞི་དང་སློབ་ཁྲིད་ཟུར་བལྟའི་དཔྱད་གཞི་༨༠ལྷག་རྩོམ་སྒྱུར་བྱས་པ་ལས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཚན་རིག་བྱ་དགའ་དང་ཀན་སུའུ་ཞིང་ཆེན་གྱི་བྱ་དགའ་མཐོ་ཤོས་ཤིན་ལུང་བྱ་དགའ། དེ་བཞིན་རིམ་པ་ཁག་གི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོབ། ཆེད་ལས་འཛུགས་སྐྱོང་ནི་མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་གྱི་ཕྱོགས་གལ་ཆེན་ཞིག་དང་ཚོང་རའི་དཔལ་འབྱོར་ཁྲོད་འགྲན་ཤུགས་ཆེར་བསྐྱེད་དང་རང་སྟོབས་རང་སྤེལ་གྱི་ཐབས་གཙོ་བོ་ཡིན་པས་ཉེ་བའི་ལོ་ཤས་རིང་ཏང་ཨུ་དང་སྲིད་འཛིན་གྱི་དབུ་ཁྲིད་འོག་ཆེད་ལས་འཛུགས་སྐྱོང་དམ་འཛིན་དང་། ཆེད་ལས་ཁག་ཁྱབ་ཇེ་ཆེ། སློབ་གཉེར་གྱི་སྟོབས་ཤུགས་མཐོར་འདེགས་བཅས་བྱས། སྤྱི་ལོ་༡༩༩༩ལོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ དེ་ཀན་སུའུ་ཞིང་ཆེན་གྱི་གཙོ་གནད་ཆེད་ལས་སུ་གཏན་འཁེལ་བྱས་ལ། ཆེད་ལས་དེར་ནང་གསེས་ཞིབ་འཇུག་གི་ཁ་ཕྱོགས་གསུམ་སྟེ། རྒྱ་བོད་ལོ་ཙཱ། དེང་རབས་རྩོམ་རིག བོད་ཀྱི་བརྡ་ཪྙིང་བཅས་ཡོད། བརྩམས་ཆོས་དེབ་༢༠སྐྲུན་པའི་འཆར་གཞི་བཀོད་ཅིང་དེབ་༡༠་ལྷག་བརྩམས་ཟིན་ནོ། སློབ་གླིང་དཔྱད་གཞི་ལྟ་ཀློག་ཁང་དུ་དཔྱད་གཞི་འདྲ་མིན་དེབ་ཁྲི་༥བསྡུ་ཚགས་བྱས་ཡོད་ཅིང་གཞན་བོད་ཀྱི་གནའ་དཔེ་ལྟ་ཀློག་ཁང་ཞིག་ཀྱང་ཟུར་དུ་བཙུགས་ཡོད། དེར་སྡེ་དགེ་དཔར་ཁང་གི་ཤིང་དཔར་མ་པོད་༢༤༠༠དང་བོད་རིག་པའི་དུས་དེབ་སྣ་ཚོགས་༡༠ལྷག་བསྡུ་ཚགས་བྱས་པ་ཡོད་པས་སློབ་གླིང་མ་ཟད་སློབ་ཆེན་ཡོངས་ཀྱི་རིག་གཞུང་ཞིབ་འཇུག་ལ་ཕན་ནུས་མི་དམན་པ་ཐོན་ཡོད》
བགྲང་བ་ལྔ་བཅུ་ལྷག་གི་རིང་སློབ་གླིང་འདི་ལ་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཚོགས་ཀྱི་རིམ་པ་མང་པོའི་རྒྱབ་སྐྱོར་ཆེན་པོ་ཐོབ། སྤྱི་ལོ་༡༩༨༧ལོར་མཁས་དབང་ཚེ་ཏན་ཞབས་དྲུང་ནས་ཚེ་ཏན་ཞབས་དྲུང་བྱ་དགའ་གནང་། སྤྱི་ལོ་༡༩༩༧ལོར་བོད་ཀྱི་རིག་གནས་ཀྱི་བྱ་དགའ་གནང་། སྤྱི་ལོ་༡༩༩༩ལོར་སྐུ་ཞབས་བན་ཁོ་དང་འབུམ་སྐྱབས་གཉིས་ནས་དོན་གྲུབ་རྒྱལ་གྱི་རྩོམ་རིག་བྱ་དགའ་གནང་། སྤྱི་ལོ་༡༩༩༩ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་ཀུན་ཕན་བྱ་དགའ་གནང་སྟེ་ལོ་ལྟར་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མ་ཤེས་སྤྱོད་གཉིས་ལྡན་གང་མང་ལ་གྲོན་དངུལ་རོགས་རམ་བྱས། དེར་མ་ཟད་སློབ་གྲྭའི་བྱ་དགའ་བཅུ་ལྷག་གནང་བས་སློབ་གླིང་ཧྲིལ་པོའི་བྱ་དགའ་ཐོབ་ཚད་བརྒྱ་ཆའི་༢༠ཟིན་ཅིང་། སློབ་མའི་སློབ་སྦྱོང་གི་བརྩོན་ཤུགས་ལ་རྟིང་སྐུལ་དང་འཚོ་བ་ལ་ མཐུན་རྐྱེན་རྒྱ་ཆེན་པོ་བསྐྲུན།
སློབ་གླིང་གི་མགོ་ཁྲིད་རིམ་བྱོན་གྱིས་སློབ་ཁྲིད་དང་སློབ་མའི་དོ་དམ་ལ་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ལོ་༡༩༩༧ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་བཅོས་སྒྱུར་ལོ་ལྔའི་འཆར་གཞི་ལས་བོད་ཡིག་སློབ་གླིང་གི་ལག་བསྟར་འཆར་གཞི་གཏན་འཁེལ་བྱས་པ་དང་། སྤྱི་ལོ་༡༩༩༨ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་༣༥༧བོད་ཡིག་དགེ་རྒན་གསོ་སྐྱོང་གི་འཆར་བཀོད་དག་བཅོས་དང་འཐུས་ཚང་དུ་བཏང་། ལོ་དེར་གོང་རིམ་ལ་༢༠༠༤ལོར་བོད་ཡིག་སློབ་གླིང་གི་འབུམ་རམས་ཞིབ་འཇུག་ཆེད་ལས་འཛུགས་རྒྱུའི་སྙན་ཞུ་ཕུལ། ཉེ་བའི་ལོ་༡༠ལ་རྒྱུགས་མཛོད་ཁག་༣༠ཙམ་ལེགས་འགྲུབ་བྱས་ལ། རྒྱུགས་ལེན་རྩ་གནད་༣༠་བརྩམས་ཟིན།གཞན་ཡང་སློབ་གླིང་ནང་ཁུལ་གྱི་སློབ་ཁྲིད་དང་དོ་དམ་གྱི་སྒྲིག་སྲོལ་སྣ་ཚོགས་གཏན་ལ་ཕབ་པས་ཕན་འབྲས་ཅུང་ལེགས་པོ་བྱུང་། སྤྱི་ལོ་༡༩༩༩ལོར་གླུ་གར་ཚོགས་པ་རྩ་འཛུགས་བྱས་ནས་ཐུན་མོང་མ་ཡིན་པའི་གླུ་གར་དང་སྐོར་བྲོ་སློབ་གྲྭ་ཡོངས་སུ་དར་ཁྱབ་བྱུང་།
སྤྱི་ལོ༡༩༩༨ལོར་སློབ་ཆེན་ཏང་ཨུ་དང་སྲིད་འཛིན་གྱི་དབུ་ཁྲིད་འོག་སློབ་གླིང་གིས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་ཁྲིད་བཅོས་བསྒྱུར་སྐོར་གྱི་རིག་གཞུང་གྲོས་ཚོགས་སྐབས་དང་པོ་བདེ་བླག་ངང་འཚོགས། མཁས་པ་༥༠ལྷག་ཚོགས་འདུར་ཞུགས་ཤིང་དཔྱད་རྩོམ་༣༧འབྱོར། སྤྱི་ལོ་༡༩༩༩ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། དེ་མིན་སྔ་ཕྱི་ཁྱོན་བསྡོམས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཞིབ་འཇུག་རྣམ་གྲངས་ཁག་བཅུ་ལྷག་གྲུབ་ཟིན་ཅིང་། ད་ཆ་དགེ་རྒན་འགའ་ནས་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་ནུབ་བྱང་བོད་ཀྱི་ཀུན་སྤྱོད་བསམ་བློ་ཞིབ་འཇུག་སོགས་ཁག་༦འགན་འཁུར་བཞིན་ཡོད།
དུས་རབས་གསར་པའི་ནང་བོད་སྐད་ཡིག་སློབ་གླིང་གིས་ནུབ་བརྒྱུད་གསར་སྤེལ་དོན་འཁྱོལ་ཡོང་བའི་སྐབས་དང་བསྟུན་ནས། ཏང་གི་སློབ་གསོའི་མཛད་ཕྱོགས་དང་སློབ་གྲྭའི་ཏང་ཨུ་དང་སྲིད་འཛིན་གྱིས་ཡང་དག་པའི་དབུ་ཁྲིད་འོག་མུ་མཐུད་དུ་སློབ་གཉེར་གྱི་རིམ་པ་མཐོར་འདེགས་དང་། སློབ་ཁྲིད་སྤུས་ཀ་ཇེ་བཟང་། ཆེད་ལས་རྣམ་གྲངས་རྒྱ་བསྐྱེད། ཆེད་ལས་འཛུགས་སྐྱོང་བཅས་ལ་མཐོང་ཆེན། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སློབ་ཁྲིད་ཀྱི་ཚན་རིག་ཞིབ་འཇུག་གི་སྒོ་འཕར་ཕྱེ་ཞིང་། ཚན་རིག་ཞིབ་འཇུག་གིས་སློབ་ཁྲིད་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་འཛུགས་སྐྲུན་ལ་ཁ་ཕྱོགས་ནས་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་དང་རྒྱ་ཆེར་སྤེལ་ཞིང་། བོད་ཁུལ་དུ་ཤེས་ལྡན་པ་གང་མང་གསོ་སྐྱོང་བྱེད་པ་དང་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་གང་ཆེ་འབུལ་རྒྱུ་ཡིན།