ཀུན་སྤྱོད་སློབ་གསོ་བྱེད་སྟངས་སྐོར་རགས་ཙམ་གླེང་བ།

ཀུན་གསལ་གྱིས་བསྒྲིགས།    མཚོ་སྔོན་ཉིན་རེའི་ཚགས་པར།    2011-01-20

སློབ་མ་ནི་མ་འོངས་པའི་རེ་བ་དང་མི་རིགས་ཀྱི་རྒྱུན་འཛིན་མཁན་ཤ་སྟག་ཡིན་པས། ཆུང་དུས་ནས་སློབ་མ་རྣམས་ལ་ཀུན་སྤྱོད་སློབ་གསོ་གཙོར་བཟུང་ནས་སློབ་གསོ་གཏོང་རྒྱུ་ཧ་ཅང་གལ་ཆེ།   དེ་བས་ང་ཚོས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བྱེད་པ་ནི་སློབ་མ་བདེ་བླག་ངང་འཚར་ལོངས་ཡག་པོ་འབྱུང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་།   ཀུན་སྤྱོད་སློབ་གསོའི་གལ་ཆེན་རང་བཞིན་ལ་ངོས་འཛིན་དང་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱས་ན།   ད་གཟོད་སློབ་གསོའི་བཅོས་སྒྱུར་ཟབ་སྤེལ་དང་ཕྱོགས་ཡོངས་ནས་སྤུས་མཚག་སློབ་གསོ་ལག་བསྟར་བྱེད་པའི་དམིགས་ཡུལ་དེའང་ལེགས་འགྲུབ་ཡོང་ཐུབ།

 དགེ་རྒན་གྱིས་སློབ་ཁྲིད་ཐད་ནས་ཀུན་སྤྱོད་སློབ་གསོ་གཙོ་བོར་འཛིན་དགོས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཁྲོད་དུ་ཀུན་སྤྱོད་སློབ་གསོ་དེ་གལ་འགངས་ཆེ་བའི་བསླབ་བྱ་ཞིག་ཏུ་བརྩིས་ནས་གཙིགས་འཛིན་དང་མཐོང་ཆེན་བྱེད་པ་དང་།   ཀུན་སྤྱོད་སློབ་ཁྲིད་བྱེད་པའི་དགེ་རྒན་གྱིས་ཀུན་སྤྱོད་སློབ་གསོར་འཛོམས་དགོས་པའི་ཤེས་བྱ་དང་ནུས་པ་ཁོང་དུ་ཆུད་དགོས་པ་མ་ཟད།   ནན་ཏན་དང་སུན་སྣང་མེད་པར་དངོས་དོན་དང་གནས་ལུགས།   མིག་དཔེ་སྟོན་པ་བཅས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་སློབ་མ་རྣམས་ལ་ཆུང་དུས་ནས་ཤེས་རིག་དང་སྤྱི་ཚོགས།   མི་དང་མིའི་བར་གྱི་འབྲེལ་བ་བཅས་ངོས་ཟིན་ཡང་དག་བྱེད་པའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་པ་དང་།   བྱ་བ་ཐམས་ཅད་རང་གི་ཧུར་བརྩོན་ལ་བརྟེན་ན་མ་འོངས་པའི་རང་གི་ཕུགས་བསམ་འགྲུབ་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ།   རིན་ཐང་ལྟ་ཚུལ།   བློ་སེམས་འགྱུར་མེད་དང་དཀའ་སྤྱད་བརྩོན་ཞིབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་སློབ་མའི་ཚུལ་མིན་གྱི་སྤྱོད་པ་སེམས་སྟེང་ནས་ངོས་ཟིན་དང་རང་ངོས་ནས་ཚོད་འཛིན་བྱེད་ཐུབ་པའི་ཕྱོགས་ལ་རྒྱུན་ཆད་མེད་པར་སློབ་གསོ་གཏོང་དགོས། 

      འཛིན་གྲྭའི་ཀྲུའུ་རིན་གྱིས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བྱེད་དགོས།   སློབ་གྲྭ་ནི་སློབ་གྲྭའི་སློབ་གསོ་དང་རིག་གནས་སློབ་གསོ་བྱེད་སའི་ཁོར་ཡུག་གཙོ་བོ་ཡིན་ལ།   འཛིན་གྲྭའི་ཀྲུའུ་རིན་ནི་འཛིན་གྲྭ་དེའི་སློབ་མ་ཡོངས་ཀྱི་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་སོགས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་མཁན་གཙོ་བོའམ་མ་དཔེ་ལྟ་བུ་ཡིན་པས།   སྤྱི་ཚོགས་སྟེང་ཡ་རབས་ཚུལ་ལྡན་གྱི་གོམས་གཤིས་དང་།   སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་ཤིག་སྐྱེད་སྲིང་བྱེད་ཆེད།   འཛིན་གྲྭའི་ཀྲུའུ་རིན་གྱིས་རྒྱུན་ཆད་མེད་པར་སློབ་མ་རེའི་བསམ་བློ་དང་།   བྱ་སྤྱོད་ལ་རྒྱུས་ལོན་བས་ནས་སློབ་མ་ཚོར་བསམ་བློ་ལོག་ལམ་དུ་མི་འགྲོ་བ་དང་།   སྤྱོད་ལམ་ངན་ཕྱོགས་སུ་མི་གོམས་པའི་གཤིས་སྤྱོད་ཆགས་པར་ཡང་དང་བསྐྱར་དུ་སློབ་གསོ་གཏོང་དགོས།   དུས་རྒྱུན་དུ་ཁོ་ཚོར་རེ་བ་ནན་མོ་དང་ཚད་གཞི་མཐོན་པོ་བཟུང་ནས་དྲང་བདེན་གྱིས་བྱ་བ་བསྒྲུབ་པ་དང་།   བྱེད་ཐབས་གང་མང་སྤྱད་པ་དང་གནས་ལུགས་སྣ་མང་དྲངས་ནས་གོ་བསྐོན་ཡིད་འགུགས་དང་། སློབ་མ་ཚོའི་བསམ་བློ་དང་སྤྱོད་སྟངས་ཐད་ནོར་འཁྲུལ་བྱུང་ཚེ་རྒྱུན་ལྡན་གྱི་སྤྱོད་སྟངས་ལ་གཞིགས་ནས་གནས་ལུགས་འདྲེན་པའི་འཇམ་བཤད་སློབ་གསོ་གནད་དུ་འཁེལ་བར་བཏང་ནས།   སློབ་མའི་སེམས་སྟེང་ནས་ནོར་འཁྲུལ་ལ་ངོས་ཟིན་དང་གནོང་འགྱོད་སྐྱེ་ཐུབ་པའི་སློབ་གསོའི་བྱེད་ཐབས་ལ་འབད་དགོས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱིས་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བྱེད་དགོས།   ཚད་གཞི་དང་མཐུན་པའི་ཀུན་སྤྱོད་ལེགས་པོ་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་གྲྭ་དང་དགེ་རྒན་རྐྱང་བ་ལ་བརྟེན་ན་ལེགས་འགྲུབ་བྱེད་མི་ཐུབ།   རྒྱུ་མཚན་ནི་ཁྱིམ་ཚང་ནི་བྱིས་པ་འཚོ་བ་རོལ་སའི་དུས་ཡུན་ཆེས་རིང་བའི་ཁོར་ཡུག་ཡིན་པས།   གཙང་སྦྲ་དང་གུས་ཞབས།   ཁྱིམ་ལས་དང་འཛད་སྤྱོད་སོགས་གཤིས་སྤྱོད་ཕལ་ཆེ་བ་ཞིག་ཁྱིམ་ཚང་དུ་ཆགས་པ་དང་། ཁྱིམ་བདག་གིས་བུ་དང་བུ་མོ་འགྲོ་འདུག་སྤྱོད་གསུམ་སོགས་གང་ཅིའི་ཐད་རྒྱུན་མཐུད་རང་བཞིན་གྱི་སློབ་གསོ་གཏོང་དགོས་པ་མ་ཟད།   སློབ་གྲྭ་ཡིས་གཞོགས་འདེགས་ནན་མོ་བྱས་ནས་ཁྱད་འཕགས་རང་བཞིན་གྱི་ཁྱིམ་ཚང་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ཏེ།   ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོའི་གོམ་པ་མཉམ་སྤོ་བྱེད་པར་མཐུན་རྐྱེན་ཡོད་ཚད་བསྒྲུབ་དགོས།   སྤྱི་ཚོགས་ཐད་རིམ་པ་སོ་སོའི་སྲིད་འཛིན་སྡེ་ཁག་གིས་བྱིས་པའི་ཀུན་སྤྱོད་སློབ་གསོར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པ་དང་།   ཀུན་སྤྱོད་སློབ་གསོའི་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་བདག་གཉེར་དོ་དམ་ལ་ཤུགས་སྣོན་བྱེད་པ།   ཀུན་སྤྱོད་སློབ་གསོའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་གལ་ཆེན་དུ་བརྩིས་ནས།   ཀུན་སྤྱོད་སློབ་གསོ་ལག་ལེན་དུ་བསྟར་བའི་འཆར་གཞི་འགོད་པ།   ཀུན་སྤྱོད་སློབ་གསོ་གཏོང་བའི་བྱེད་ཐབས་དོན་ཐོག་ཏུ་དངོས་འདེབས་བྱ་རྒྱུ་འདི་དག་ནི་ཤིན་ཏུ་གལ་འགངས་ཆེ།

 
 
  • ལེ་ཚན་སྔོན་མ།:ཀུན་སྤྱོད་སློབ་གསོ་བྱེད་སྟངས་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:ནུབ་བྱང་མི་རིགས་སློབ་ཆེན།
  • དོ་སྣང་ཆེ་བའི་རྩོམ།