གནའ་རབས་སློབ་གསོའི་སྐོར་མདོར་ཙམ་བརྗོད་པ།

སོ་བ།    མཚོ་སྔོན་པོ་དྲ་བ།    2012-05-30

གནའ་རབས་སློབ་གསོའི་སྐོར་མདོར་ཙམ་བརྗོད་པ།

དེ་ཡང་སྒྲ་ཡངས་དོགས་གཉིས་ཀྱིས་ངོས་འཛིན་དུ་རུང་བའི་སློབ་གསོ་ཞེས་པ་ནི་མི་ལ་ཤན་ཤུགས་དང་མི་གསོ་སྐྱོང་བྱེད་ནུས་བའི་སྤྱི་ཚོགས་བྱ་འགུལ་གྱི་རིགས་ཤིག་ཡིན་ལ། དེ་ནི་སློབ་གསོའི་ཉིང་དོན་དང་རྩ་བའི་ཁྱད་ཆོས་ཀྱང་རེད། སློབ་གསོ་ནི་མིའི་རིགས་ལ་དམིགས་བསལ་དུ་ཡོད་པའི་སྤྱི་ཚོགས་སྣང་ཚུལ་ཞིག་ཡིན་ལ། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་མི་འདྲ་བ་དང་ལོ་རྒྱུས་འཕོ་འགྱུར་གྱི་དུས་རིམ་མི་འདྲ་བའི་ནང་། སློབ་གསོའི་རང་སྟེང་ལ་གནས་པའི་རྣམ་པ་མི་འདྲ་བའམ་སྤྱི་ཚོགས་ཀྱིས་སློབ་གསོར་བཏོན་པའི་རེ་འདུན་མི་འདྲ་བའི་དབང་གིས། མིའི་རིགས་ཀྱིས་སློབ་གསོར་ངོས་འཛིན་དང་རྒྱུས་ལོན་བྱས་པའང་འདྲ་བ་མིན། མ་ཟད་སློབ་གསོ་ནི་མིའི་རིགས་ལ་དུས་གཏན་དུ་ཡོད་པའི་སྤྱི་ཚོགས་སྣང་ཚུལ་ཞིག་ཀྱང་ཡིན་པས་དེ་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་སྤྱི་ཚོགས་དང་བསྟུན་ནས་འཕེལ་འགྲིབ་འབྱུང་གི་ཡོད་པ་རེད།

བོད་ཀྱི་གནའ་རབས་སློབ་གསོ།

         བོད་འདིའང་འཛམ་གླིང་སྟེང་གི་མི་རིགས་གཞན་པ་དག་དང་འདྲ་བར་ས་སྒང་རིལ་མོ་འདིར་གཞིས་བཅོས་ནས་འཚོ་བ་རོལ་ཏེ་འཚར་ལོངས་བྱུང་བ་ཡིན་ལ། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དུ་རང་གི་ཐུན་མིན་གྱི་གནས་ཡུལ་དང་འཚོ་བ་རོལ་སྟངས་བརྒྱུད་དེ་སྤྱི་ཚོགས་སུ་གྲུབ་པ་ཡིན། དེ་འདྲའི་དུས་ཡུན་གྱི་འཚོ་བའི་ནང་དུ་མི་རིགས་རང་སྟེང་ལ་ཡང་ཐུན་མིན་གྱི་རིག་གནས་ལོ་རྒྱུས་ངེས་ཅན་ཞིག་ཆགས་ཡོད་པ་ནི་གོར་མ་ཆག  ཡིན་ཡང་བོད་ཀྱི་དུས་སྔ་མོའི་སློབ་གསོ་ནི་ག་འདྲ་ཡིན་པའི་ཐད་ལ་གཅིག་ན་སློབ་གསོ་རང་ངོས་ཀྱི་ལོ་རྒྱུས་ཡིག་ཆ་ཁ་གསལ་ཞིག་མེད་པ་དང་གཉིས་ན་དུས་སྔ་མོའི་བཙན་པོའི་རྒྱལ་རབས་རྣམས་ཀྱི་ལོ་རྒྱུས་གསལ་བོ་མིན་ལ། ལྷག་པར་དུ་ད་སྐབས་ལག་སོན་བྱུང་ཡོད་པའི་ལོ་རྒྱུས་ཡིག་ཆ་རྣམས་སུའང་བཙན་པོའི་རྒྱལ་རབས་སྔ་མ་རྣམས་སམ་ནང་ཆོས་མ་དར་གོང་གི་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་རྣམས་ཀྱི་མཚན་བྱང་ཙམ་དང་དེའི་མཛད་རྗེས་ཡིག་ལྡོག་འགའ་རེ་ལས་སྐབས་དེའི་རྒྱལ་ཁབ་ཀྱི་གནས་སྟངས་དང་། མི་དམངས་ཀྱི་འཚོ་བ་རོལ་སྟངས། རིག་གནས་སློབ་གསོའི་སྐོར། སྤྱི་ཚོགས་ཧྲིལ་བོའི་གནས་བབ་སོགས་བཀོད་ཡོད་པ་ཞིག་ཕལ་ཆེར་མེད་སྐད། དེས་ཐད་ཀར་བོད་ཀྱི་གནའ་བོའི་སློབ་གསོར་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་བགག་ཆེན་པོ་བཟོས་ཡོད་པ་རེད། ཡིན་ཡང་། སློབ་གསོ་ནི་མིའི་རིགས་ཀྱིས་འཚོ་བ་རོལ་ཤེས་ཏེ་སྤྱི་ཚོགས་གྲུབ་པ་ནས་བཟུང་དུས་གཏན་དུ་འབྲལ་མེད་དུ་གནས་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དུས་སྐབས་ག་འདྲ་ཞིག་ཡིན་ཡང་སྐབས་དེའི་སྤྱི་ཚོགས་དེར་སློབ་གསོ་ངེས་ཅན་ཞིག་ལྡན་པར་ངེས་པ་ཡིན། ད་སྐབས་བོད་ཀྱི་ས་ཆ་ལ་ལར་གནའ་རྫས་འགའ་རེ་བྱུང་བ་དེས་བོད་ཀྱི་གནའ་བོའི་སློབ་གསོར་རྒྱུས་ལོན་བྱེད་པའི་ཐག་ལམ་ཙམ་ཕྱེས་ཡོད་དེ། འདས་བའི་ལོ་འགའི་ཡར་སྔོན་ལ་བོད་ལྗོངས་ཀྱི་ས་ཆ་ཁ་ཤས་དང་ཨ་མདོའི་རྫོང་རི་སོགས་སུ་གནའ་བོའི་མིའི་མགོ་རུས་དང་། རྡོ་ཆས། རུས་ཆས། རྫ་ཆས། མཁར་རོ་སོགས་སྣ་མང་བྱུང་ཡོད་ལ། “རུས་ཆས་མང་ཆེ་བ་ནི་བཟོ་དབྱིབས་ཞིབ་ཚགས་ལྡན་ལ་རུས་ཁབ་ལ་ལའི་ཁབ་མིག་ཀྱང་སྐྱོན་མེད་དུ་བསྡད་ཡོད་པས་ཧང་སངས་དགོས་བ་ཞིག་རེད”[1]ཅེས་བ་ལྟར་སྤུས་ཀ་ལེགས་ཤིང་མཛེས་རྒྱན་ཆེ་བའི་ཤུལ་རྫས་སྣ་མང་དེ་དག་ནི་ཐད་ཀར་ཐོན་སྐྱེད་ངལ་རྩོལ་ཏེ་བཟོ་ལས་ལག་རྩལ་ངེས་ཅན་ཞིག་དང་འབྲེལ་བ་དམ་ཟབ་ཡོད། ཡང“གནའ་རྫས་རྟོབ་ཞིབ་རིག་པའི་མཁས་དབང་ཚོས་ངོས་འཛིན་གནང་གསལ། ཤུལ་རྫས་དེ་དག་གིས་ང་ཚོས་གནའ་མིའི་འཚོ་བ་སྐྱེལ་སྟངས་ཀྱི་སྐྱ་རིས་ཤིག་བསྐྱར་སྟོན་བྱས་ཡོད།”[2]ཅེས་པ་ལྟར། དེ་དག་ལས་ང་ཚོས་བོད་ཀྱི་གནའ་མིའི་བཟོ་ལས་ལག་རྩལ་གྱི་ཆུ་ཚད་ཙམ་ཤེས་ཐུབ་ལ་ཆུ་ཚད་དེ་ཡང་དེ་འབྲེལ་གྱི་སློབ་གསོ་ངེས་ཅན་ཞིག་དང་འབྲེལ་བ་ཡོད་པའང་ཤེས་རྟོགས་འབྱུང་ཐུབ། “སློབ་གསོ་འཕེལ་རིམ་གྱི་རིག་པའི་ངོས་ཐད་ནས་བལྟས་ན་མཁར་རོའི་ཤེས་རིག་ནི་མཚོ་བོད་མཐོ་སྒང་གི་གནའ་མའི་ངལ་རྩོལ་འཕེལ་རྒྱས་ལས་བྱུང་བའི་འབྲས་བུ་ཡིན་ལ། འཕེལ་རྒྱས་འདི་རིགས་ཀྱི་སྔོན་འགྲོའི་མཐུན་རྐྱེན་ནི་ཐོན་སྐྱེད་འཐབ་རྩོད་ཀྱི་ཉམས་མྱོང་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་གི་རྗེས་འཛིན་དང་འཕེལ་རྒྱས་སོགས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། མདོར་ན། ཁར་རོའི་ཤེས་རིག་ནི་མཚོ་བོད་མཐོ་སྒང་གི་གནའ་བོའི་འགྲོ་བ་མིའི་རིགས་ཀྱི་མི་རབས་ནས་མི་རབས་བར་གྱི་སློབ་གསོ་དང་ཁ་བྲལ་ཐབས་མེད”[3]ཅེས་པ་ལྟར། བོད་ཀྱི་སློབ་གསོ་འདི་ཉིད་མཚོ་བོད་མཐོ་སྒང་གི་གནའ་བོའི་མིའི་ངལ་རྩོལ་ལས་བྱུང་བའི་རྗེས་སུ་བོད་རིགས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འཕེལ་རྒྱས་ལ་བསྟུན་ནས་རྒྱུན་མ་ཆད་པར་མདུན་སྐྱོད་བྱུང་ཡོད།  སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་མཚམས་མི་འདྲ་བའི་ནང་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ཀྱང་མི་འདྲ་བ་དང་། ཐོན་སྐྱེད་འབྲེལ་བ་དང་ཆབ་སྲིད་ལམ་ལུགས་མི་འདྲ་བའི་རྐྱེན་ཀྱིས་བོད་ཀྱི་སློབ་གསོའི་ངོ་བོ་དང་ཁྱད་ཆོས་ཀྱང་མི་འདྲ་བ་རེད། གནའ་རབས་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་སུ་ཕྱི་འོང་རིག་གནས་ཏེ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་། བོད་ཀྱི་སློབ་གསོའི་འཕེལ་ཕྱོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་། བཙན་པོ་སྲོང་བཙན་ཀྱི་དུས་སུ་སངས་རྒྱས་ཆོས་ལུགས་དར་འགོ་ཚུགས་ཤིང་དེར་གཞུང་ཕྱོགས་ནས་ཤུགས་མང་བོར་བརྒྱབ་མཐར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཆོས་ལུགས་མཁན་པོ་མང་པོ་བྱུང་ནས་སད་མི་བདུན་རབ་ཏུ་བྱུང་ཞིང་བསམ་ཡས་གཙུག་ལག་ཁང་བཞེངས་བ་དེས་བོད་ལ་དགོན་སྡེའི་སློབ་གསོའི་མྱུ་གུ་འབུས་བ་མཚོན། དེ་ལྟར་སྒྲ་བསྒྱུར་གླིང་སོགས་ཆོས་ལུགས་ཆེད་སློབ་ཀྱི་སློབ་གྲྭ་ཐོག་མར་བཙུགས་ལ། དངོས་སུ་ཆོས་ལུགས་སློབ་གསོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་བའི་མགོ་ཡང་ཚུགས། “ཆོས་ཀྱི་སློབ་གྲྭ་དངོས་སུ་བཙུགས་པ་ནི་སྲིད་གཞུང་གིས་གཉེར་བའི་སློབ་གྲྭའི་ཐོག་མ་ཡིན”[4]ཞེས་པ་ལྟར་ཆོས་ལུགས་སམ་དགོན་སྡེའི་སློབ་གསོ་དར་བ་དེས་བོད་ཀྱི་སློབ་གསོར་འགྱུར་བ་ཆེན་པོ་བྱུང་། དེ་ལྟར་བཙན་པོ་རིམ་བྱོན་དུ་ཆོས་ལུགས་སློབ་གསོའི་མི་སྣ་འབོར་ཆེན་སྐྱེད་བསྲིང་དང་ནང་ཆོས་ཀྱི་ནང་དོན་ཕབ་བསྒྱུར་སོགས་བྱས་ནས་སློབ་གསོའི་ནང་དོན་གཏིང་ཟབ་ཏུ་བཏང་ཞིང་སློབ་གསོ་སྤེལ་གནས་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་བས་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་དགོན་སྡེའི་སློབ་གསོས་བོད་ཀྱི་སློབ་གསོར་ཚོད་འཛིན་དང་ཡང་ན་དེའི་མཚོན་བྱེད་དུ་གྱུར། དེ་ལས་གཞུང་གཉེར་གྱི་སློབ་གསོའི་རྣམ་པ་གཞན་ཞིག་ནི་སྲོང་བཙན་གྱི་སྐུ་དུས་སུ་གཞུང་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཏུ་རིག་གནས་སློབ་པར་མི་མངགས་ནས་ཕྱི་འགྲིམ་སློབ་མའི་སྲོལ་ཕྱེས་པ་དེ་རེད། དེས་ཕྱི་ཕྱོགས་ཀྱི་རིག་གནས་སྣ་མང་ནང་འདྲེན་བྱས་ཏེ་བོད་ཀྱི་རིག་གནས་སློབ་གསོའི་འཕེལ་རྒྱས་ལ་ནུས་ཤུགས་བླ་ལྷག་བཏོན། སྐབས་དེའི་གཞུང་ཕྱོགས་ཀྱི་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་ཀྱིས་སངས་རྒྱས་ཆོས་ཀྱི་གཞུང་ལུགས་དང་དུ་བླངས་ནས་དེ་ཉིད་མི་རིགས་ཀྱི་བསམ་བློ་དང་རིགས་གཞུང་གི་རྨང་གཞིར་འགྱུར་ཆེད་ཡིན་ལ། དེར་དུས་བབས་དང་ཆབ་སྲིད་ཀྱི་རེ་འདུན་དམིགས་བསལ་ཞིག་ཀྱང་ལྡན་ངེས་རེད། སྐབས་དེར་བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་ལའང་འཕེལ་རྒྱས་ཆེར་ཕྱིན་ཏེ། “གཡུ་ཐོག་ཡོན་ཏན་མགོན་པོས་རང་ཉིད་སྒེར་གྱིས་གཉེར་བའི་བསྐོར་བསྐྱོད་སྨན་པའི་སློབ་གྲྭ་བཙུགས་པ་ནི་སྨན་པའི་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭའི་ཐོག་མ་ཡིན”[5]ཞེས་པ་ལྟར། ཆེད་དུ་གསོ་རིག་ཆེད་སྦྱོང་གི་སློབ་གྲྭའང་ཐོག་མར་བྱུང་ཞིང་ཕྱིས་སུ་འཕེལ་རྒྱས་ཆེན་པོ་བྱུང་། མདོར་ན་བོད་ཀྱི་བཙན་པོའི་སྐབས་སུ་སྔོན་གྱི་ཤུལ་བཞག་རིག་གནས་ཀྱི་ཉིང་བཅུད་རྒྱུན་འཁྱོངས་དང་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན། གཞུང་སྒེར་ནས་གཉེར་བའི་ཆེད་ལས་སློབ་གྲྭ་སོགས་བཙུགས་ཏེ་སྐབས་དེའི་བོད་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་མ་ཟད།  བོད་ཀྱི་སློབ་གསོར་ཡང་འཕེལ་རྒྱས་ཆེན་པོ་བྱུང་པ་རེད།

གནའ་བོའི་ཀེ་རི་སེའི་སློབ་གསོ།

         འཛམ་གླིང་ཤར་ནུབ་ཀྱི་སློབ་གསོ་སྨྲ་བ་རྣམས་དང་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པ་ལྟར།  ནུབ་ཕྱོགས་ནི་ཤེས་རིག་དཔལ་ཡོན་གྱི་འབྱུང་ཁུངས་ཡིན་པ་དང་། དེ་ལས་ཀྱང་གནའ་བོའི་ཀེ་རི་སེའི་རིག་གནས་སློབ་གསོ་ནི་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན། གནའ་བོའི་ཀེ་རི་སེའི་རོ་མ་ནི་ཡོ་རོབ་གླིང་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་ཡིན་ལ། གནའ་བོའི་ཀེ་རི་སེའི་རོ་མའི་སློབ་གསོས་ཡོ་རོབ་གླིང་གནའ་རབས་སློབ་གསོའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་རེད། གནའ་བོའི་ཀེ་རི་སེ་ལ་གྲོང་འབྲེལ་ལམ་ལུགས(城邦制)བཙུགས་ཏེ་དངོས་སུ་ལག་བསྟར་བྱས་རྗེས་ཀྱི་གནའ་བོའི་ཀེ་རི་སེའི་སློབ་གསོའི་མཚོན་བྱེད་གཙོ་བོ་ནི་སི་པ་ཏའི(斯巴达)སློབ་གསོ་དང་ཨ་ཐེན་སིའི(雅典)སློབ་གསོ་གཉིས་ཡིན། སྐབས་དེར་རྒྱལ་ཁབ་དམག་འཁྲུག་གི་སྐབས་དང་འཁེལ་ཡོད་པས་སི་པ་ཏའི་སློབ་གསོའི་ཁྱད་ཆོས་འབུར་ཐོན་ནི་དམག་དོན་ལུས་རྩལ་སྦྱོང་བརྡར་ལ་གཙིགས་ཆེན་བྱེད་པ་དེ་ཡིན་པ་དང་དེའི་དམིགས་ཡུལ་ཉག་གཅིག་ནི“མཐོ་རིམ་སྐུ་དྲག་རུས་རྒྱུད་ཀྱི་བུ་ཕྲུག་རྣམས་དྲག་རྩུབ་ཀྱིས་དམག་དོན་ལུས་རྩལ་སྦྱོང་བརྡར་བརྒྱུད་དེ་གཟུགས་སྟོབས་ཆེ་བའི་འཐབ་མོ་བར་འགྱུར་དུ་འཇུག་རྒྱུ་དེ་ཡིན།”[6]
         ཨ་ཐེན་སིའི་སློབ་གསོ་ནི་ཨ་ཐེན་སིའི་དཔལ་ཡོན་དར་རྒྱས་ཀྱི་ནང་དོན་གཙོ་བོ་དང་མཚོན་རྟགས་གལ་ཆེན་ཡིན། སྐབས་དེའི་ཨ་ཐེན་སིའི་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི། སློབ་གསོ་མྱོང་མཁན་དག་སྦྱོང་བརྡར་བརྒྱུད་དེ་ལུས་སེམས་ཞི་གནས་ཀྱིས་འཕེལ་རྒྱས་ཡོང་བ་དང་སྤྱི་དམངས་ཀྱི་ལས་འགན་ཁུར་ཐུབ་པའི་མི་རུ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། ཨ་ཐེན་སིའི་སློབ་གསོའི་ནང་དོན་གཙོ་བོ་ནི་དམག་དོན་སྦྱོང་བརྡར་འབའ་ཞིག་གཙོ་བོར་བྱེད་པའི་སི་པ་ཏའི་སློབ་གསོ་དང་བསྡུར་ན་ནང་དོན་ཕུན་སུམ་ཚོགས་པ་དང་།  ཐབས་ལམ་ཡང་སྣ་མང་ཞིང་སྐྱེན་འགྱུར་ཆེན་པོ་ལྡན། ཨ་ཐེན་སིའི་བྱིས་པས་ལོ་བདུན་སྟེང་ནས་བཟུང་བརྡ་སྤྲོད་སློབ་མགོ་བརྩམས་ཏེ་རིམ་བཞིན་ལུས་རྩལ་དང་དམག་དོན། རིག་གནས་སྒྱུ་རྩལ་སོགས་གོ་རིམ་དང་སྒྲིག་གཞི་ཡོད་པའི་སྒོ་ནས་སློབ་གསོ་སྤེལ་ཏེ་ཁོ་ཚོས་རང་གི་རྒྱལ་ཁབ་དང་སྤྱི་ཚོགས་ལ་མཁོ་བའི་མི་སྣ་མང་པོ་གསོ་སྐྱོང་བྱས་ལ། སྐབས་དེའི་ཨ་ཐེན་སིའི་སློབ་གསོའི་ལམ་ལུགས་ཀྱིས་དུས་རབས་ཕྱི་མའི་སློབ་གསོར་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་རེད། རོ་མ་ནི་གནའ་བོའི་ཀེ་རི་སེའི་རྗེས་སུ་ནུབ་གླིང་ལ་ཤན་ཤུགས་ཆེས་ཆེར་ཐེབས་ཡོད་པའི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཏེ།  སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་དུས་དཀྱིལ་དུ་རོ་མས་ཀེ་རི་སེ་བསྣུབས་རྗེས་སྔར་བཞིན་ཀེ་རི་སེའི་སློབ་གསོའི་ལམ་ལུགས་རྒྱུད་འཛིན་དང་དར་སྤེལ་བྱས་ཤིང་། རོ་མའི་རྒྱལ་ཁབ་ཏུ་རིམ་གྱིས་ཀེ་རི་སེའི་སློབ་གྲྭའི་རྣམ་པའི་སློབ་གསོའི་མ་ལག་ཆགས། རོ་མའི་སློབ་གསོའི་ལམ་ལུགས་ནང་དུ་དམའ་རིམ་སློབ་གྲྭ་དང་། སྐད་བརྡ་སློབ་གྲྭ  རྒྱན་ཚིག་སློབ་གྲྭ་བཅས་རིགས་རིམ་གྱིས་བཀར་ཡོད་ལ་བསླབ་ཚན་ལའང་ཚིག་རྒྱན་རིག་པ་དང་མཚན་ཉིད་རིག་པ།  ཁྲིམས་ལུགས་རིག་པ།  ཀེ་རི་སེའི་སྐད། གྲངས་རིག་དང་གནམ་རྩིས་རིག་པ། རོལ་དབྱངས་སོགས་སྣ་ཁ་མང་བོ་འཛོམས་ལ་ཕུན་སུམ་ཚོགས་པར་ཡོད། དེ་ལྟར་རོ་མ་རིམ་བཞིན་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་དུས་སུ་ཐོན་རྗེས། རྒྱལ་ཁབ་ཀྱིས་སློབ་གསོའི་ཚོད་འཛིན་ལ་ཤུགས་སྣོན་བྱས་པ་དང་བསྟུན་ཆོས་ལུགས་སློབ་གསོའི་སྟོབས་ཇེ་ཆེར་གྱུར།

ཡོ་རོབ་གླིང་གི་དུས་རབས་བར་མའི་སློབ་གསོ།

         དུས་རབས་ལྔ་བའི་དུས་མཇུག་ནས་དུས་རབས་བཅུ་བཞི་བའི་དབར་གྱི་དུས་ཡུན་རིང་མོ་དེར་ཡོ་རོབ་གླིང་དུས་རབས་བར་མའི་དུས་སྐབས་ཞེས་ཟེར། ཡོ་རོབ་གླིང་དུས་རབས་བར་མིའི་སྐབས་ཀྱི་སློབ་གསོ་ནི་གཙོ་བོ་ཆོས་ཚོགས་ཀྱིས་བདག་གཉེར་དང་ཚོད་འཛིན་བྱས་ཡོད་ལ། སློབ་གསོའི་ནང་དོན་ཡང་ཆོས་ལུགས་སློབ་གསོ་སྤེལ་བ་དེ་ཡིན། ཆོས་ཚོགས་ཀྱི་སློབ་གྲྭས་སློབ་མ་རྣམས་ཀྱི་ཐལ་ཆེ་བའི་ཆོས་ལུགས་ཀྱི་དད་འདུན་དང་ཆོས་ལུགས་པར་བླ་མེད་བཀུར་བརྩི་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱེད་པ་དེ་ཡིན། དེ་མིན་ཆོས་ཚོགས་མ་ཡིན་པའི་གྲོང་བའི་སློབ་གསོ་འགའ་རེའང་ཡོད། སྐབས་དེའི་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་དམག་འཐབ་ཀྱི་ནུས་པ་དང་མངའ་བདག་ལ་བློ་དཀར་བྱེད་པའི་བསམ་བློ་གསོ་སྐྱོང་བྱ་རྒྱུ་དེ་རེད་ལ། ཡོ་རོབ་གླིང་དུས་རབས་བར་མའི་དུས་མཇུག་ཏུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་མི་གསར་བ་དར་ཞིང་རིགས་མི་གཅིག་པའི་སློབ་ཆེན་འགའ་རེའང་བྱུང་། གྲོང་ཁྱེར་དུ་སློབ་གྲྭ་མང་པོ་བྱུང་བས་ཆོས་ཚོགས་གཅིག་པུས་སློབ་གསོར་ཚོད་འཛིན་བྱེད་པའི་རྣམ་པར་རིམ་གྱིས་གཏོར་གཤིག་ཐེབས་པ་རེད། དེ་བཞིན་གནའ་རབས་ཤར་ནུབ་ཀྱི་སློབ་གསོར་རྣམ་པ་དང་ནང་དོན་གྱི་སྟེང་ནས་མི་འདྲ་ས་མང་པོ་ཡོད་ནའང་། ཚང་མས་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་འདུན་མངོན་པར་མཚོན་ཡོད་པས་འདྲ་བའི་ཆའང་མང་བོ་སྣང་། གནའ་བོའི་དུས་སུ་འཛམ་གླིང་ཤར་ནུབ་གང་ལ་མཚོན་ནའང་སློབ་གསོ་མྱོང་པར་གྲལ་རིམ་གྱི་དབྱེ་བ་མངོན་གསལ་ལྡན་ཏེ། མཐོ་རིམ་སྐུ་དྲག་ཁྱིམ་རྒྱུད་ཀྱི་བུ་ཕྲུག་དག་གིས་ལྟོས་བཅོས་ཀྱིས་སློབ་གསོ་ལེགས་པོ་མྱོང་ཐུབ་པ་དང་། མི་སེར་གྱི་བུ་ཕྲུག་དག་གི་སློབ་གསོ་མྱོང་བའི་དབང་ཆ་ཤོར་བའམ་ཡང་ན་གོ་སྐབས་དེ་ཧ་ཅང་ཕྲ་བ་ཡིན། སྐབས་དེའི་སློབ་གསོ་ནི་དབང་བསྒྱུར་གྲལ་རིམ་གྱི་ལག་ཆ་དང་བྲན་གཡོག་ལྟ་བུ་ཡིན་པ་དང་། སློབ་གསོའི་དབང་བསྒྱུར་གྲལ་རིམ་གྱི་རེ་འདུན་ཁོ་ན་བསྐངས་ནས་དེ་ཉིད་སྲ་བརྟན་དུ་གཏོང་གི་ཡོད་པ་རེད། དུ་དུང་སློབ་གསོར་སྒེར་གཅོད་ཀྱི་ཆའང་ཡོད་དེ། སློབ་གསོ་མྱོང་མཁན་གྱིས་རང་མོས་མིན་པར་སློབ་གསོ་དེ་བཙན་གྱིས་མྱོང་དགོས་པ་སོགས་ཀྱི་དབང་གིས་སློབ་གསོའི་བྱེད་ཕྱོགས་དང་སློབ་སྦྱོང་བྱེད་ཐབས་ཀྱང་འགྱུར་མེད་རེངས་པོར་གྱུར་ཡོད་ལ། སློབ་གསོ་དང་ཐོན་སྐྱེད་ངལ་རྩོལ་ཡ་བྲལ་དུ་གྱུར་བས་སློབ་གྲྭའི་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བ་གཉིས་ཀྱང་ཕན་ཚུན་ཁ་བྲལ་དུ་ཕྱིན་ལ། སློབ་གསོས་སྤྱི་ཚོགས་འཚོ་བར་ཞབས་ཞུ་སྒྲུབ་མི་ཐུབ་པ་དང་། སྤྱི་ཚོགས་འཚོ་བས་ཀྱང་སློབ་གསོར་སྐུལ་འདེད་བྱེད་མ་ཐུབ་པར་རང་རང་གི་འཇོན་ནུས་འདོན་མ་ཐུབ་པས་མིའི་རིགས་སྤྱི་ཚོགས་དེ་ཡུན་རིང་འཕེལ་རྒྱས་འབྱུང་མ་ཐུབ་ལ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་ཡང་དར་རྒྱས་ཆེར་བྱུང་མ་ཐུབ་པའོ།།

  • ལེ་ཚན་སྔོན་མ།:བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:ཞོགས་པའི་ཉི་ཟེར་དང་འདྲ་བའི་སློབ་གསོའི་མན་ངག
  • དོ་སྣང་ཆེ་བའི་རྩོམ།