མཛེས་རྩལ་སློབ་ཁྲིད་ཁྲོད་སློབ་མའི་མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་སྐོར་རགས་ཙམ་གླེང་བ།

བཀྲ་ཤིས་ཚེ་རིང་།    བོད་ཀྱི་སློབ་གསོ།    2010-12-29

མཛེས་རྩལ་སློབ་ཁྲིད་ཁྲོད་ཚོས་མདོག་གི་ལྗོངས་རྣམ་ཞིག་ལེགས་པར་འབྲི་བ་ལ། འབྲི་རྩལ་ངེས་ཅན་ཞིག་ལྡན་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ནང་བྱན་ཆུད་པའི་ཐབས་རྩལ་དང་སྒྱུ་རྩལ་བློ་སྦྱོང་གཉིས་མཉམ་སྦྲེལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ། རི་མོ་གང་དང་གང་ཞིག་འབྲི་ནའང་ཕྱི་ཡུལ་གྱི་དངོས་པོ་དེ་ལ་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ལྟ་བ་ཞིག་གིས་བལྟས་ནས་དེ་ལ་ཚོས་མདོག་གིས་ཟུར་བརྒྱན་ན་གཞི་ནས་རི་མོ་ལེགས་པོ་ཞིག་འབྲི་ཐུབ་པ་རེད། དེའི་ཕྱིར་མཛེས་རྩལ་སློབ་ཁྲིད་ཁྲོད་སློབ་མའི་མཛེས་དཔྱོད་གྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་དུ་མཐོང་།
   དེ་ཡང་ཐོག་མར་སློབ་མའི་གཟུགས་འཛིན་མིག་ཤེས་ཀྱི་ཚོར་བ་དང་རྣམ་འགྱུར་བསྒྱུར་དགོས། མཛེས་རིག་གི་གཞུང་ལུགས་ལྟར་ན། མིའི་གཟུགས་འཛིན་མིག་ཤེས་ཀྱི་ཚོར་བ་དེ་ལ་ཉེར་སྤྱོད་ཀྱི་ལྟ་བ་དང་མཛེས་དཔྱོད་ཀྱི་ལྟ་བ་རིགས་གཉིས་སུ་དབྱེ་ཡོད། ཉེར་སྤྱོད་ཀྱི་ལྟ་བ་དེས་དངོས་ཡོད་ཀྱི་འཚོ་བ་དམིགས་ཡུལ་དུ་བཟུང་ནས་དོན་རྐྱེན་དང་དོན་དངོས་ལ་དོ་སྣང་བྱེད་པ་རེད། མཛེས་དཔྱོད་ཀྱི་ལྟ་བ་དེས་གཙོ་བོ་བྱ་དངོས་ཀྱི་ཕྱི་རྣམ་དང་ཚོས་མདོག་ལ་དོ་སྣང་བྱེད་པ་ཡིན་པས་ང་ཚོས་སློབ་མའི་རྣམ་པར་དག་པའི་མཛེས་དཔྱོད་ལྟ་སྟངས་ཀྱིས་བྱ་དངོས་ལ་ལྟ་བའི་ནུས་པ་སྐྱེད་སྲིང་བྱེད་དགོས།
སློབ་མའི་མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་ལ་གཟུགས་འཛིན་མིག་ཤེས་ཀྱི་ཚོར་བ་དང་རྣམ་འགྱུར་བསྒྱུར་བ་ཙམ་གྱིས་མི་ཆོག་པར། སློབ་མས་རྣམ་པའི་ཐོག་ནས་མྱོང་ཚོར་ལེན་པའི་ནུས་པ་གོང་དུ་སྤེལ་དགོས་ཏེ། འདིར་རྣམ་པ་ཞེས་པ་ནི་སྒྱུ་རྩལ་པ་དག་གིས་དུས་ཡུན་རིང་པོའི་སྒྱུ་རྩལ་ལག་ལེན་གྱི་ཁྲོད་ནས། རང་བྱུང་ཁམས་ཆེན་པོ་ལས་འཚོལ་རྟོགས་དང་ཕྱོགས་སྡོམ་བྱས་པའི་མཛེས་ཚོར་གྱི་ཆོས་ཉིད་ལ་ཟེར། དཔེར་ན་ལྗོངས་རྣམ་སོགས་རི་མོ་འབྲི་སྐབས་ཡུལ་དེའི་དབྱིབས་དང་ཚོས་མདངས། སྡེབ་སྦྱོར། སྣ། དོ་མཉམ་སོགས་ཀྱི་ཐད་ལ་ངེས་ཤེས་འབྱུང་བའམ་ཡུལ་དེ་མཚོན་བྱེད་ཀྱི་རྟོགས་པ་ལྟ་བུའོ། དེའི་ཕྱིར་ལྗོངས་རྣམ་འབྲི་བའི་དུས་སྐབས་ནི་རྣམ་པའི་ཐོག་ནས་མྱོང་ཚོར་ལེན་པའི་གོ་རིམ་ཞིག་ཀྱང་ཡིན་པས། བྲི་བྱའི་ཡུལ་དེ་ལ་མྱོང་བ་སྣ་ཚོགས་དང་བཅས་མཛེས་དཔྱོད་ཀྱི་ལྟ་བས་སྒྱུ་རྩལ་གསར་རྩོམ་བྱས་ན་ད་གཟོད་ཕུལ་དུ་བྱུང་བའི་བརྩམས་ཆོས་འབྱུང་བའི་ལམ་ཉག་ཅིག་ཡིན།
   གཞན་སློབ་མར་མཛེས་དཔྱོད་ཀྱི་སེམས་ཁམས་ལེགས་པོ་ཞིག་ཆགས་སུ་འཇུག་རྒྱུའང་གནད་དམ་པ་ཡིན་ཏེ། ང་ཚོས་སློབ་མ་རྣམས་ལ་རང་བྱུང་ལྗོངས་བཀོད་ཀྱི་མཛེས་པར་དབྱེ་འབྱེད་དང་དེ་ལ་སྒྱུ་རྩལ་གྱི་ཕྱོགས་ནས་ངོས་འཛིན་ཡོང་བར་ཁྲིད་སྟོན་དང་བློ་སྒོ་ཕྱེ་ན། སློབ་མས་ད་གཟོད་རང་ཉིད་ཀྱི་རྟོག་པ་མཛེས་དཔྱོད་ཀྱི་ལམ་ལ་ལེགས་པར་བཀུག་སྟེ། རིམ་བཞིན་མཛེས་རྟོགས་ཀྱི་ཆོས་ཉིད་རྒྱུད་ལ་ལེན་ཐུབ་པར་འགྱུར་རོ། དེར་བརྟེན་དཔེར་ན་ལྗོངས་རྣམ་འབྲི་བའི་སློབ་ཁྲིད་དུ། དགེ་རྒན་གྱིས་སློབ་མར་གནས་འདི་གའི་མཛེས་ལྗོངས་ཅི་ལ་འབྲི་དགོས་པ་དང་། ཡིད་ཡུལ་ཅི་འདྲ་ཞིག་མངོན་པར་བྱ་དགོས་པ། ལྗོངས་རྣམ་ལས་མྱོང་ཚོར་ཅི་འདྲ་ཐོབ་པ། འབྲི་སྟངས་ཀྱི་རྣམ་པ་ཅི་འདྲ་ཞིག་ལ་བརྟེན་ནས་དེ་མཚོན་པར་བྱ་རྒྱུ་སོགས་ཀྱི་རྒྱུ་མཚན་རྒྱས་པར་འཆད་དགོས་ལ། སློབ་མ་རྣམས་ལ་ཁོ་རང་ཚོའི་མྱོང་ཚོར་དང་ལྟ་ཚུལ་ཡང་་གླེང་དུ་བཅུག་ཆོག  དེ་ལྟར་དགེ་སློབ་ཟུང་དུ་འཇུག་པའི་ཁྲིད་ཐབས་འདིས་སློབ་མའི་མཛེས་རྟོག་ལ་རྒྱ་བསྐྱེད་ཐུབ་པར་མ་ཟད། དེ་ལ་བརྟེན་ནས་མཛེས་དཔྱོད་ཀྱི་སེམས་ཁམས་ལེགས་པོ་ཞིག་ཀྱང་ཆགས་ཐུབ།
   མདོར་ན། ལྗོངས་རྣམ་སོགས་འབྲི་བའི་མཛེས་རྩལ་སློབ་ཁྲིད་དུ། མཛེས་དཔྱོད་རིག་པ་དེ་སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོར་བརྒྱུས་ཡོད་པས། རྟོག་སྣང་དུ་ཟིན་པའི་ལྗོངས་རྣམ་ནི་མཛེས་དཔྱོད་ཀྱི་རྟོག་པ་ཞིག་དང་། ལྗོངས་རྣམ་འབྲི་བའི་མཚོན་སྟངས་ཀྱང་མཛེས་དཔྱོད་ཀྱི་མཚོན་སྟངས་ཤིག་ལས་མ་འདས་སོ།
  • ལེ་ཚན་སྔོན་མ།:སློབ་མར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བའི་དགོས་པ་ཡིན།
  • ལེ་ཚན་རྗེས་མ།:རྨང་གཞི་ཞན་པའི་སློབ་མར་སློབ་གསོ་གཏོང་བའི་ཐབས་ལམ།
  • དོ་སྣང་ཆེ་བའི་རྩོམ།