སློབ་མར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བའི་དགོས་པ་ཡིན།

སངས་བྷེ    བོད་ཀྱི་སློབ་གསོ།    2010-12-29

རྒྱུགས་སྤྲོད་ལམ་ལུགས་ཀྱི་སློབ་གསོ་བྱེད་སྟངས་དེས་སློབ་གྲྭར་མཚོན་ན་མཉམ་རྒྱུགས་ལེན་དགོས་པའི་སྦྱང་ཚན་དེ་དག་གནད་དུ་བཟུང་ཞིང་། དེ་ལས་གཞན་པའི་ངལ་རྩོལ་དང་ལུས་རྩལ། རི་མོ། གླུ་དབྱངས་སོགས་ཀྱི་སྦྱང་ཚན་དེ་དག་སྣང་མེད་དུ་འཇོག་ལ། རྒྱ་ཆེའི་རོང་འབྲོག་ས་ཁུལ་དུ་ལྷག་པར་དུ་དེ་རིགས་ནི་མིང་ཙམ་དུ་གྱུར་པས། སློབ་མ་རྣམས་དབྱར་གནང་དང་དགུན་གནང་གི་སྐབས་སམ། ཡང་ན་མཐོ་རྒྱུགས་སྤྲད་དེ་འཕྲོད་པའམ་རྐྱེན་གཞན་གྱིས་ཕྱིར་རང་ཡུལ་སུ་ལོག་ཚེ་ཡིག་ངོ་ཆོད་པ་ཙམ་ལས་གཞན་ཅི་ཡང་མི་ནུས་ཤིང་། ལ་ལར་ད་དུང་མ་རབས་ཀྱི་སྐྱོན་ངན་གང་མང་འགོས་འདུག་པ་མཐོང་སྣང་དུ་གྱུར་པ་དེའང་གཙོ་བོ་རྒྱུགས་འབྲས་ཁོ་ནར་བལྟས་ཏེ་ལག་བསྟར་གྱི་བྱེད་ནུས་དང་ཀུན་སྤྱོད་སློབ་གསོ་སོགས་ལ་གཙིགས་མཐོང་མ་བྱས་པའི་རྐྱེན་གྱིས་ཡིན་པར་ངེས། དོན་དམ་དུ་སྦྱང་ཚན“གཙོ་བོ”རྣམས་སྦྱང་བའི་ཞོར་དུ་སྦྱང་ཚན་གཞན་པ་དེ་དག་གི་ཁྲོད་དུ་བསླབ་དེབ་ལས་སྦྱངས་པའི་ཤེས་བྱ་རྣམས་དངོས་སྦྱོང་ལེགས་པོ་རེ་ཐོབ་ན་ལྷག་པར་དུ་སྦྱང་ཚན“གཙོ་བོ”དེ་རྣམས་བློར་ངེས་པ་མ་ཟད། དེ་དག་གི་ནུས་པ་ཕྱིར་འདོན་ཐུབ་པ་དང་སློབ་གྲོགས་ཕན་ཚུན་བར་སློབ་སྦྱོང་ལས་ཀུན་སྤྱོད་སོགས་ཀྱང་ལེགས་ལམ་དུ་སྐྱེད་སྲིང་བྱེད་ཐུབ་པ་ཡིན། དོན་དམ་དུ་ཤེས་བྱའམ་གཞུང་ལུགས་གང་དང་གང་ཡིན་ཡང་ལག་ལེན་དང་མ་འབྲེལ་ན་སྟོང་བཤད་ཙམ་ལས་ནུས་པ་ཅི་ཡང་འདོན་མི་ཐུབ་པ་ཆོས་ཉིད་ཡིན། ཤེས་བྱ་དང་ལག་ལེན་གཉིས་མཉམ་སྦྲེལ་བྱུང་ན་སློབ་མས་ལག་ལེན་ཁྲོད་ཤེས་བྱའི་ངོ་བོ་རྟོགས་པ་ལས་གཞན“གང་ལ་དགའ་ན་དེ་ལ་མཁས”ཞེས་མི་རེ་རེར་ལྷན་སྐྱེས་ཉིད་དུ་རྒྱུད་ན་ལྡན་པའི་རང་གཤིས་ཅན་གྱི་ཁྱད་ནུས་དེ་དག་སྔོག་འདོན་དང་གང་ཅིའི་ཐད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་ལའང་ཕན་ནུས་རྒྱ་ཆེན་པོ་ལྡན་པ་ཡིན།
   དེ་ལས་གཞན་སློབ་མར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། དེང་གི་སློབ་མ་རྣམས་ནི་ལས་བྱའི་ཀློང་དུ་མགོ་འཁོར་བའམ་སྦྱང་བྱའི་ཡིག་ཆ་སྣ་ཚོགས་ཁྲོད་བཙན་གྱིས་འཛུལ་བས། ལྷན་སྐྱེས་ཀྱི་རང་གཤིས་སམ་ཁྱད་ནུས་དེ་དག་ཉམས་པ་ལས་གཞན། སྦྱངས་པའི་ཤེས་བྱའང་སྣ་རྐྱང་ཅན་ནམ་བཀོལ་སྤྱོད་བྱེད་མི་ཤེས་པའི་དཔའ་བོ་ལག་རྡུམ་ལྟ་བུར་གྱུར་པའང་ཁོར་ཡུག་ཅིག་གིས་ལན་པ་ཡིན་ངེས། ང་ཚོས་སློབ་ཐུན་ལས་གཞན་པའི་དུས་ཚོད་བེད་སྤྱད་དེ་སློབ་མར་རང་མོས་བཞིན་བྱ་འགུལ་སྤེལ་དུ་བཅུག་ན། གཅིག་ན་ཕན་ཚུན་བར་བགྲོ་གླེང་གི་གོ་སྐབས་ལྡན་ཞིང་། གཉིས་ན་སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས་སོགས་ཀྱི་ཐད་ལའང་སྐལ་བ་ལྡན་པ་ཡིན། ང་ཚོ་རོང་འབྲོག་ས་ཆའི་རྒྱ་ཆེ་བའི་སློབ་མ་དག་ལ་མཚོན་ན་གྲོང་རྡལ་དང་གྲོང་ཁྱེར་ལྟ་བུའི་ཆ་རྐྱེན་མེད་པས། མཐའ་གཅིག་ཏུ་དགེ་རྒན་ནི་ཤེས་བྱ་ཀུན་གྱི་བདག་པོར་བཀུར་བའི་འདུ་ཤེས་དེ་དག་བསྒྱུར་ཏེ། དགེ་རྒན་གྱིས་གནད་དོན་ཞིག་བཏོན་ཏེ་དགེ་སློབ་མཉམ་པསབགྲོ་གླེང་བྱེད་པ་སོགས་རང་དབང་གི་ཁོར་ཡུག་རེ་བསྐྲུན་ན་སློབ་མའི་སྤོབས་པ་དང་ཤེས་བྱའི་བཀོལ་སྤྱོད་ཀྱི་ཆུ་ཚད་དེའང་མཐོར་འདེགས་གཏོང་བར་སྨན་པར་མ་ཟད་སློབ་མ་དག་གི་རང་རྐྱར་བསམ་བློ་གཏོང་ནུས་དེའང་སྐྱེད་སྲིང་བྱེད་ཐུབ། དེ་ལས་གཞན་ང་ཚོས་སློབ་མ་ཚོ་སྤྱི་ཚོགས་བྱ་འགུལ་ལ་ཞུགས་པར་སྐུལ་སློང་བྱེད་དགོས་པ་དང་། བྱ་འགུལ་དེ་དག་ལ་ཞུགས་པ་ལས་ཐོས་རྒྱ་ཇེ་ཆེ་དང་མིག་རྒྱང་ཇེ་རིང་དུ་འགྲོ་བའང་ཆོས་ཉིད་ཡིན་པས། རྒྱ་ཆེ་བའི་སྤྱི་ཚོགས་ཁོར་ཡུག་དེས་སློབ་མར་ཕུན་སུམ་ཚོགས་པའི་འཚོ་བའི་ཤེས་བྱ་སྦྱིན་ནུས་པར་མ་ཟད། སློབ་མའི་རང་གཤིས་ཀྱང་དགེ་བའི་ཕྱོགས་སུ་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་པ་ཡིན། སློབ་གྲྭ་ནི་སློབ་མ་འཕེལ་རྒྱས་ཀྱི་གཞི་གཙོ་བོ་ཡིན་པ་བསྙོན་དུ་མེད་མོད། འོན་ཀྱང་སློབ་མའི་སྤྱི་ཚོགས་རང་བཞིན་དེར་ཡང་སློབ་གྲྭ་དང་དགེ་རྒན་དག་གིས་གང་ནུས་ཅི་ལྕོགས་སུ་དོ་སྣང་མཛད་དགོས་པ་ཡིན། དེང་གིས་སློབ་གྲྭ་གང་རུང་དང་ལྷག་པར་དུ་ང་ཚོའི་ས་ཁུལ་གྱི་སློབ་གྲྭ་མང་ཆེ་ཤོས་ཀྱིས་སྒྲིག་ལམ་སྣ་ཚོགས་བཙུགས་ཏེ་ནམ་རྒྱུན“བཀག་སྡོམ”རང་བཞིན་གྱི་བྱེད་ཐབས་བཀོལ་ཏེ་སློབ་མའི་རང་གཤིས་འགོག་པ་དེའང་ཤིན་རུ་མི་ལེགས་པར་སྙམ། སྤྱི་ཚོགས་ནི་སྣེ་འཛིང་ཅན་དང་དགེ་མི་དགེ་གང་རུང་གི་ཆ་ལྡན་ཡང་། དགེ་སྡིག་གི་ངོ་བོ་དེ་དག་རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བ་ལས་མངོན་ཕྱིར་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མར་རྩ་འཛུགས་སམ་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་སུ་ཟབ་ཞུགས་བྱེད་དུ་བཅུག་ན། རིམ་པ་བཞིན་དེ་དག་གི་དགེ་སྐྱོན་གྱི་དབྱེ་བ་འབྱེད་ཤེས་པ་དང་བསྟུན་ནས་ཕ་མ་གཉེན་ཉེ་སོགས་ཀྱི་སྐྱིད་སྡུག་དང་རང་གི་འོས་འགན་སོགས་ཀྱང་བློར་ངེས་ཕྱིར་ཀུན་སྤྱོད་སློབ་གསོ་དེའང་དམར་ཁྲིད་དུ་ཐོན་ཞིང་། ང་ཚོས་རྒྱུན་དུ་བཤད་པའི“ཉམས་མྱོང”ཞེས་པའང་དེ་ལས་ཐོན་ཐུབ་པར་མ་ཟད་རང་རང་གི་སློབ་སྦྱོང་གི་འཆར་གཞི་གཏན་ཁེལ་དང་ཕུགས་བསམ་ཇི་ལྟར་མངོན་གྱུར་བྱེད་པ་ལའང་བློ་སྦྱོང་ཐོབ་ཐུབ་པ་ཡིན། སློབ་མར་རང་མོས་ཀྱི་ཁོར་ཡུག་བསྐྲུན་ཏེ་ཆུང་དུས་ནས་འཚོ་བའི་སྐྱིད་སྡུག་དང་དངོས་དོན་གྱི་ཆ་རྣམས་ངོས་ཟིན་པར་བྱེད་དུ་བཅུག་ན་སློབ་གྲྭ་ལས་གཞན་པའི་ཁོར་ཡུག་དེ་དག་ལས་རང་ནུས་འདོན་སྤེལ་དང་ཤེས་བྱ་སྡུད་ལེན་ལ་ཆ་རྐྱེན་གསར་སྐྲུན་བྱ་ཐུབ་ངེས།
སློབ་གསོར་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་མི་གཤིས་ལ་བརྩི་བཀུར་དང་ཁྱད་ནུས་སྔོག་འདོན་སོགས་ཀྱི་ཆོས་ཉིད་དང་འགལ་མི་རུང་ཞིང་། གཞུང་ལུགས་གང་མང་ཞིག་དང་མིག་སྔར་གྱི་སྔོན་ཐོན་རྒྱལ་ཁབ་དག་གི་སློབ་གསོ་ལམ་ལུགས་ལས་ཀྱང་ང་ཚོར་བདེན་དཔང་བྱས་པ་ནི་འཛམ་གླིང་གི་འགྲོས་དང་བསྟུན་ནས་སྤུས་ཚད་སློབ་གསོ་ལག་བསྟར་བྱས་ན་ད་གཟོད་དེང་གི་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཐུབ་པ་དང་། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ལ་མཚོན་ནའང་འབྱུང་འགྱུར་གྱི་དར་རྒུད་དང་ལས་དབང་ལ་ཁ་ལོ་བསྒྱུར་བའི་འབྱུང་ཁུངས་ནི་སློབ་གསོའི་ལམ་ལུགས་ཡིན། དེར་བརྟེན་མཐར་གཏུགས་ན་ནུས་ཤུགས་ཡོད་རྒུ་བཀོལ་ནས་མིག་སྔར་གྱི་སློབ་གསོའི་ལམ་ལུགས་འདི་བཅོས་བསྒྱུར་བྱས་ཏེ་སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་ནས་ལག་བསྟར་བྱེད་དགོས་པ་ནི་ང་ཚོ་སློབ་གསོ་སྒྲུབ་མཁན་དག་ལ་མཚོན་ན་དུས་རབས་ཀྱིས་གནང་བའི་འོས་འགན་ཡིན་ནོ།
  • ལེ་ཚན་སྔོན་མ།:མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།
  • ལེ་ཚན་རྗེས་མ།:མཛེས་རྩལ་སློབ་ཁྲིད་ཁྲོད་སློབ་མའི་མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།