མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།(2)

        2010-12-23


སློབ་གསོའི་མ་ལག་ཁྲོད་མི་ནུས་ལ་ངོས་ཟིན་ཡང་དག་པ་ཞིག་བྱས་རྗེས།ད་གཟོད་མི་ནུས་སྔོག་འདོན་བྱེད་པའི་ཐབས་ལམ་ལག་ཏུ་བསྟར་དགོས།མིའི་རིགས་ཀྱི་ནུས་ཤུགས་ནི་རྒྱ་ཆེ་ཞིང་འཛད་མཐའ་མེད་པ་ཞིག་ཡིན་པས།དེ་ཉིད་སྔོག་འདོན་བཟང་བོ་བྱེད་རྒྱུ་ནི་གཙོ་བོ་སློབ་གསོ་ལ་བརྟེན་དགོས།སློབ་གསོ་ཡང་དག་པའི་སྒོ་ནས་མི་ནུས་སྔོག་འདོན་བྱེད་རྒྱུ་ནི་རྒྱལ་ཁབ་དང་མི་རིགས།ས་གནས་གང་འདྲ་ཞིག་ཡིན་རུང་རང་ཉིད་བདེ་བླག་ངང་ཡར་རྒྱས་སུ་འགྲོ་ཐུབ་མིན་གྱི་རྩ་བར་ཆགས་ཡོད།
 མིའི་རིགས་ཀྱི་ཞུམ་མེད་ཀྱི་སྙིང་སྟོབས་དང་བླ་མེད་ཀྱི་མཛད་སྤྱོད།འགྲན་མེད་ཀྱི་བློ་གྲོས་ལ་བརྟེན་ནས་འཛམ་གླིང་སྟེང་གི་ཚན་རྩལ་རིག་གནས་དང་སྲིད་འབྱོར་རིག་གསུམ།ཐོན་ལས་གསར་སྤེལ།ཁེ་ལས་བདག་གཉེར།འགྲིམ་འགྲུལ་སྐྱེལ་འདྲེན།སྐྱེས་ཁམས་སྲུང་སྐྱོབ།རྩོམ་རིག་ལོ་རྒྱུས་སོགས་ཀྱིས་མཚོན་པའི་ཁྱབ་ཁོངས་མི་འདྲ་བར་འཛད་མཐའ་མེད་པའི་ནུས་པ་བླ་ལྷག་ཏུ་ཐོན་པ་ནི་སློབ་གསོ་ལ་བརྟེན་ནས་མི་ནུས་སྔོག་འདོན་དང་བེད་སྤྱོད་བྱས་པའི་གྲུབ་འབྲས་བླ་ན་མ་མཆིས་པ་དེ་རེད།ཁ་སང་དེ་རིང་གི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རྣམ་པ་ངོ་མཚར་བ་འདི་དག་ཀྱང་ཉིན་མོའི་སྐར་མ་ལྟར་འགྱུར་ངེས་རེད།
དོན་དངོས་སུ་སློབ་གྲྭ་ནི་སློབ་གསོ་བྱ་བའི་མ་ལག་གཙོ་བོ་ཞིག་དང་མི་ནུས་སྔོག་འདོན་བྱེད་པའི་བཟོ་གྲྭ་ལྟ་བུར་ཆགས་ཡོད།སློབ་གསོ་དོ་དམ་པ་དང་སློབ་གསོ་གཏོང་མཁན་གྱིས་ཤེས་རིག་དང་ཐབས་ལམ།བརྩོན་ཞིབ།སློབ་གསོའི་སྒྲིག་ཆས་བཅས་ཀྱི་སྤུས་ཀ་ལ་བརྟེན་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་ལ་འཚམས་པའི་མི་འཇོན་ཐང་ཅན་གྱི་ནུས་ཤུགས་སྔོག་འདོན་བཟང་བོ་བྱེད་ཐུབ་མིན་ནི་སློབ་གྲྭ་དེ་ཉིད་ཀྱི་རྒྱལ་ཕམ་འབྱེད་བྱེད་ཀྱི་སྲང་མདའ་ལྟ་བུར་གྱུར་ཡོད།
སློབ་གསོ་དོ་དམ་པ་ཞིག་གི་ངོས་ནས་བརྗོད་ན།
ཤེས་རིག་གི་བྱང་ཚད་མཐོ་ཞིང་ཉམས་མྱོང་ལྡན་པ།སློབ་མར་སྙིང་ནས་གཅེས་པའི་སློབ་གསོ་གཏོང་མཁན་དགེ་རྒན་གྱི་ནུས་ཤུགས་དེ་ཐབས་ལམ་སྣ་ཚོགས་སྤྱད་དེ་སྔོག་འདོན་བཟང་བོ་ཞིག་བྱེད་ཐུབ་མིན་ནི།ང་ཚོ་མི་རིགས་ཀྱི་ཚད་ལྡན་གྱི་རྗེས་རབས་པ་ཇི་སྙེད་ཅིག་གི་མི་ནུས་སྲིད་ན་དཀོན་པ་དེ་སྔོག་འདོན་བྱེད་ཐུབ་མིན་ལ་ཐད་ཀར་དུ་འབྲེལ་ཡོད།
ང་ཚོ་ནང་བསྟན་གྱི་གཞུང་ནས་ཀྱང་སྣོད་ལྡན་གྱི་སློབ་མས་མཚན་ཉིད་དང་ལྡན་པའི་བླ་མ་བཟང་བོ་ཞིག་བསྟེན་རྒྱུ་ནི་ཐར་བའི་ལམ་སྣ་ཟིན་ཐུབ་མིན་གྱི་རྩ་བར་གསུངས་ལ།བླ་མའི་མཚན་ཉིད་ཀྱི་ཟུར་མི་འདྲ་བ་མང་པོ་སྤྲས་པ་མཛད་པའི་དགོངས་བྱ་ཉག་གཅིག་པོའང་དེ་ཀར་ཐུག་ཡོད།རྒྱུད་བརྟགས་གཉིས་ལས་ཀྱང་སེམས་ཅན་རྣམས་ནི་སངས་རྒྱས་དངོས།།འོན་ཀྱང་གློ་བུར་དྲི་མས་སྦགས།དྲི་མ་དེ་བསལ་སངས་རྒྱས་དངོས།ཞེས་དཔལ་འབྱོར་གྱི་ལུས་རྟེན་ཚང་བའི་འགྲོ་བ་མིའི་རིགས་ཀྱི་རྒྱུད་དུ་འཛད་མཐའ་མེད་པའི་ནུས་པ་ཞིག་ཡོད་པ་དངོས་སུ་བསྟན་ལ།བཀའ་གདམས་པའི་ལྕེ་སྒོམ་གྱི་བསྟན་པ་ལ་འཇུག་པའི་ལག་ལེན་སྤུངས་པ་ལས།སློབ་དཔོན་མཚན་ཉིད་འཕྲད་གྱུར་ན།ཐར་བའི་རྒྱུ་རྐྱེན་ཚང་བ་ཡིན།སློབ་དཔོན་མཚན་ཉིད་མི་ལྡན་ན།སྡིག་པའི་གྲོགས་དང་བདུད་ལས་ཡིན།ཞེས་གསུངས་པ་བཞིན་མཚན་ཉིད་ལྡན་པའི་དགེ་རྒན་ཞིག་གི་མཛུབ་སྟོན་འོག ད་གཟོད་མི་ནུས་སྔོག་འདོན་བྱ་བར་ཚགས་ཆེན་པོ་མེད་མོད།དེ་ལའང་ལས་སྨོན་གྱི་མཐུ་བཙན་པོ་ཞིག་མེད་ན།བླ་མས་གདམས་ངག་ཟབ་ཟབ་ཏུ་གནང་ཡང་སློབ་མར་ཡར་བསྐྱེད་མེད་པར་ཆོས་དང་གང་ཟག་ཡ་བྲལ་དུ་འགྲོ་བ་དཔེར་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོང་འཕང་རིན་པོ་ཆེ་ལ་མངའ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པས་བླ་མ་རོང་སྟོན་ལྷ་དགའ་བསྟེན་པ་ལྟ་བུ་རེད།དེ་ཉིད་ཀྱང་དང་བོ་བླ་མ་བརྟགས་ལ་མཁས་པ་དང་།བར་དུ་བླ་མ་བསྟེན་ལ་མཁས་པ་ཡི།ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི།སྐྱེས་བུ་དེ་ནི་ཡང་དག་ལམ་དུ་འགྲོ།།ཞེས་དང་།ཨོ་རྒྱན་རིན་པོ་ཆེས་ཀྱང་བླ་མ་མ་བརྟགས་དུག་འཐུང་འདྲ།།སློབ་མ་མ་བརྟགས་གཡང་མཆོངས་འདྲ།།ཞེས་པ་ལྟ་བུའི་ལུང་ཚིག་དྲི་མ་བྲལ་བ་དག་གིས་ཀྱང་མི་ནུས་སྔོག་འདོན་དེ་གཙོ་བོ་བླ་སློབ་གཉེར་ཀར་འབྲེལ་བར་ཁ་ཚ་དགོས་གཏུགས་སུ་ཡོད་པར་བདེན་དཔང་བསྙོན་མེད་ཅིག་བྱས་པ་མ་ཟད།མི་ནུས་ནི་འཛད་ཐབས་མེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་པ་གསལ་བཤད་ཁུངས་ཐུབ་ཅིག་བྱས་འདུག

གསུམ།སློབ་གསོ་ཡང་དག་པར་མི་ནུས་ལེགས་བཅོས་བྱེད་དགོས། སློབ་གསོས་དུས་རྒྱུན་མི་ནུས་ལེགས་བཅོས་ཀྱི་ཐད་ནུས་པ་བླ་ལྷག་ཏུ་འདོན་བཞིན་ཡོད།དོན་དངོས་སུ་ང་ཚོ་མི་རྣམས་ནི་སློབ་གསོའི་ཐོན་དངོས་ཡིན་པ་མ་ཟད།མི་ནི་སློབ་གསོ་དང་ཁ་འབྲལ་ཐབས་ཡེ་ནས་མེད། ང་ཚོ་མིའི་རིགས་འཚོ་སྡོད་བྱེད་སའི་ཡུལ་དུས་དང་ཁོར་ཡུག མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།

ཡུལ་སྲོལ།རིག་གནས།ཆོས་ལུགས་སོགས་སྣང་ཚུལ་མི་འདྲ་བས་མིའི་རིགས་ཀྱི་བསམ་བློ་དང་ལྟ་སྤྱོད།ནུས་པའང་ཐད་ཀར་དུ་གོ་འབྱེད་བཞིན་པ་རེད།ལྷག་པར་དུ་མི་ཞིག་ཡིན་ཕྱིར་རྣམ་པ་དང་བྱེད་ནུས་མི་འདྲ་བའི་སློབ་གསོའི་རྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས།དཔེར་ན་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ།སྤྱི་ཚོགས་ཀྱི་སློབ་གསོ།ཁྲིམས་ལུགས་ཀྱི་སློབ་གསོ།ཆབ་སྲིད་ཀྱི་སློབ་གསོ།ཆོས་ལུགས་ཀྱི་སློབ་གསོ་སོགས་སློབ་གསོའི་ཁོར་ཡུག་མི་འདྲ་བའི་ཁྲོད་ནས་ང་ཚོ་འཚར་ལོངས་འབྱུང་བཞིན་མཆིས། སློབ་གསོས་ཅི་ཡང་མི་ནུས་པའི་བྱིས་པ་བཙས་མ་ཞིག་ནས་མི་རྣམས་ཀྱི་ནུས་པ་གསོ་སྐྱོང་དང་ལེགས་བཅོས་བྱས་ཏེ་རང་ལ་གཅེས་པ།ཐུན་མོང་ལ་དགའ་བ།ཕ་མ་ལ་སྲི་ཞུ་ཆེ་བ།ཆེ་ལ་བརྩི་བཀུར་ལྡན་པ།ཆུང་བར་བྱམས་སྐྱོང་ཡོད་པ།ཀུན་ལ་འགྲོགས་བདེ་བ།ཁྲེལ་དང་ངོ་ཚ་ཤེས་པ།ཕུགས་བསམ་ལྡན་པའི་མི་ནུས་གསོ་སྐྱོང་དང་ལེགས་བཅོས་ཐད་ལ་ནུས་པ་བླ་ལྷག་ཏུ་འདོན་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ལགས། སློབ་གསོའི་རྣམ་པ་དང་བྱེད་ནུས་མི་འདྲ་བའི་ཁྲོད།མིའི་ནུས་པ་ལེགས་བཅོས་བྱེད་པའི་གནས་བབས་ཀྱང་གཏན་ནས་མི་འདྲ་སྟེ།དཔེར་ན་ཆབ་སྲིད་སློབ་གསོ་ཁོ་ན་མྱོང་བཞིན་པའི་སྲིད་འཛིན་པ་དང་དམག་དོན་སློབ་གསོ་གཅིག་པུ་མྱོང་བཞིན་པའི་བདེ་སྲུང་པ།མཐར་ཐུག་གི་ཞི་བདེ་ལ་མཐའ་གཅིག་ཏུ་བརྩོན་པའི་ཆོས་ལུགས་པ་བཅས་ཀྱི་བསམ་སྤྱོད་དང་ནུས་པ།ཕུགས་བསམ་བཅས་གང་ཅིའི་ཐད་ནས་སློབ་གསོའི་རྣམ་པ་མི་འདྲ་བ་བརྒྱུད་པས་མི་ནུས་ལེགས་བཅོས་ཀྱི་མཇུག་འབྲས་ཀྱང་རྟ་མོག་གི་རྒྱབ་ཀྱི་སྤུ་བཞིན་གྱུར་ཡོད་པ་རེད། མི་ནུས་ལེགས་བཅོས་ཀྱི་ཐད་ནས་སློབ་གསོའི་བརྗོད་དོན་དང་སྒྲིག་གཞི།རྣམ་པ།དམིགས་ཡུལ་མི་འདྲ་བས་ང་ཚོ་མིའི་རིགས་ཀྱི་བསམ་སྤྱོད་ལེགས་བཅོས་ལའང་ཐད་ཀར་དུ་འགྱུར་བ་གཏོང་བཞིན་ཡོད།ངེས་པར་དུ་སློབ་གསོས་མི་ནུས་ལེགས་བཅོས་དེ་དུས་རབས་དང་སྤྱི་ཚོགས་ཀྱི་ལས་གནས་སོ་སོའི་འཕེལ་རྒྱས་ཁོ་ན་ལ་མི་དམིགས་པར་མི་གཤིས་བཟང་བོ་ཞིག་ལེགས་བཅོས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད། གལ་ཏེ་སྤྱི་ཚོགས་ལས་གནས་སོ་སོའི་ཤེས་རིག་གི་འཇོན་ཐང་ལྡན་པའི་མི་སུ་ཡིན་རུང་མི་གཤིས་བཟང་བོ་ཞིག་མེད་ན་ནི་འཕེལ་རྒྱས་ཟེར་བ་གླེང་ཐབས་ཡེ་ནས་མེད།དོན་དངོས་སུ་མི་གཤིས་བཟང་བོ་ནི་རང་དོན་ཁོ་ན་ཙམ་དོན་དུ་མི་གཉེར་བར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གཞི་བཅོལ་ནས་ཅི་ནུས་ཀྱིས་གཞན་ཕན་སྒོམ་རྒྱུ་དེ་རེད།འཛམ་གླིང་གི་ཚན་རྩལ་རིག་གནས་དང་སྤྱི་ཚོགས་དཔལ་འབྱོར།བརྡ་འཕྲིན་ལག་རྩལ།འགྲིམ་འགྲུལ་སྐྱེལ་འདྲེན།ལྗོངས་རྒྱུ་ལྟ་སྐོར་སོགས་ཀྱིས་མཚོན་པའི་སྲིད་འབྱོར་རིག་གསུམ་དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་དང་།འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འགྲོ་འོང་སྔར་ལས་ལྡབ་འགྱུར་གྱིས་ཇེ་བདེར་གྱུར་པས་སའི་གོ་ལ་ཡུལ་སྡེ་གཅིག་ཅན་དུ་ཆགས་བཞིན་པ་ནི་དངོས་གནས་དགའ་འོས་པ་ཞིག་ཡིན་མོད།མིའི་རིགས་ཀྱི་ཆེས་རིན་ཐང་ལྡན་པའི་བསམ་སྤྱོད་བཟང་བོ་དེ་སྔོག་འདོན་བྱེད་པར་དོ་སྣང་དང་བརྩོན་ཤུགས་མ་བསྐྱེད་པས།སྤྱིར་བཏང་དུ་མི་རྣམས་ཆེ་ལ་བརྩི་བཀུར་དང་ཆུང་ལ་བྱམས་སྐྱོང་།ཕ་མ་ལ་སྲི་ཞུ་མེད་པར་འདོད་པ་དང་ཧམ་སེམས་ཇེ་ཆེར་ཕྱིན་ཏེ་གཡོ་དང་སྒྱུ་ལ་དགའ་ཞིང་ཕྲག་དོག་ཆེ་བ།ངོ་ཚ་མེད་པ།རང་དོན་ཕྲན་ཙམ་གྱི་ཆེད་དུ་སེམས་ཅན་གྱི་བདེ་སྐྱིད་དང་སྲོག་འཕྲོག་པར་ཐེ་ཚོམ་མེད་པ།ཐ་ན་རང་གི་ཤ་རུས་གཅིག་པའི་སྤུན་ཟླ་དང་དྲིན་ཆེན་གྱི་ཕ་མ་ཡིན་ཡང་འཆི་ལམ་དུ་འདེད་པའི་བྱ་སྤྱོད་ངན་པའི་རིགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་དང་འབྱུང་བཞིན་པ་འདི་ནི་ཤིན་ཏུ་མི་ཟད་པའི་ཡིད་སྐྱོ་བ་རེད།
 གལ་ཏེ་ང་ཚོས་འཚེ་མེད་ཞི་བདེའི་རང་ཚུགས་མ་འཆོར་བའི་མི་ནུས་བཟང་བོ་དེ་བརྟན་བརླིང་སྒོས་མུ་མཐུད་དུ་ལེགས་བཅོས་མ་བྱས་ན།མིའི་རིགས་ནི་སྲོག་ལ་རྔམ་ཆེ་ཞིང་གདུག་རྩུབ་ཆེ་བ།སྐྱི་གཡའ་བ།རང་ཁོ་ན་ལས་གཞན་དོན་སྤུ་ཙམ་ཡང་མི་སེམས་པའི་འཇིགས་རུང་གཅན་གཟན་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད། མིག་སྔར་ཞང་ཀང་གི་དངོས་འབྲིའི་མུ་འབྲེལ་བརྙན་འཕྲིན་འགའ་ལས་གསལ་བརྗོད་བྱས་པ་ལྟར་ན།མིའི་རིགས་ཀྱི་སྨྱོ་ཧམ་ཆེན་པོས་རང་གི་ཁ་ཟས་ཀྱི་ཆེད་དུ་ཆུ་ནང་གི་སྲོག་ཆགས།ནམ་མཁའ་ཡི་འདབ་ཆགས།ས་ཐོག་གི་རྨིག་ཐོགས་དང་སྡེར་ཐོགས་ཐམས་ཅད་ཀྱི་གཅེས་པའི་སྲོག་འཕྲོག་ནས་ཟད་སུ་གསོལ་བས་ཧ་ལམ་སའི་གོ་ལའི་སྲོག་ཆགས་ཇི་སྙེད་ཅིག་རྩ་བརླག་ཏུ་བཏང་ཚར།ཆོས་ཐམས་ཅད་ནི་རྟེན་འབྱུང་གི་རང་བཞིན་དུ་ཚུགས་ཐུབ་ཏུ་གྲུབ་པས།ཅིག་ཤོས་བསད་ན་ཅིག་ཤོས་གསོན་ཐུབ་པའི་ངེས་པ་གཏན་ནས་མེད་པས།ད་ལྟ་མངོན་སུམ་འཛེམས་མེད་དུ་མིའི་རིགས་ཀྱི་འཚོ་གནས་ལ་དངོས་སམ་བརྒྱུད་ནས་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་པའི་རྩ་བའི་ཆ་ནས་གཞིགས་ནའང་།སློབ་གསོའི་མ་ལག་ཏུ་མི་ནུས་ལེགས་བཅོས་ཀྱི་ཐད་ནས་གཞན་ཕན་དང་སྙིང་རྗེའི་ལྟག་ཆུ་རྩ་བ་ནས་ཆད་པའི་རྟགས་མཚན་མ་ནོར་བ་དེ་ལགས།ཉེ་ཆར་འཛམ་གླིང་གི་ས་ཁུལ་ཁ་ཤས་སུ་མི་ཤ་ནི་འཚོ་བཅུད་འཛོམས་པའི་ཟས་རིགས་ཤིག་ཏུ་ངེས་བཟུང་བ་དང་།དེ་ཟ་མཁན་ནི་མི་འཇོན་ཐང་ཅན་དུ་བགྲང་བཞིན་ཡོད་པ་ནི་དཔེ་མཚོན་འཕེར་བའི་གནས་ཤིག་རེད། གལ་ཏེ་ང་ཚོས་རྡོག་རྩ་གཅིག་སྒྲིམ་གྱིས་བྱམས་སྙིང་རྗེ་གཞི་མར་བཅོལ་ནས་མི་ནུས་ལེགས་བཅོས་བྱེད་པར་མཐའ་གཅིག་ཏུ་མ་བརྩོན་ན།དཔེར་ན་མི་ཤ་ཟ་བའི་སྣང་ཚུལ་འདི་ཡང་ཁ་སང་དེ་རིང་ལ་གྲོང་ཁྱེར་དང་གྲོང་བརྡལ་དག་ཏུ་རྒྱ་མཚོའི་ནང་གི་སྡིག་སྲིན་དང་སྦལ་བ།ཞྰ་སོགས་ཟ་མི་ཤེས་པའི་མི་ནི་ཐོས་རྒྱ་དང་མཐོང་རྒྱ་མེད་པའི་མི་ཐ་ཆད་དུ་བརྩི་བ་ལྟ་བུའི་གོམས་གཤིས་ཤིག་མི་འགྱངས་པར་ང་ཚོའི་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་འགྱུར་ངེས་ཡིན་པས།སློབ་གསོས་མི་ནུས་ལེགས་བཅོས་ཐད་ལ་ཐོན་པའི་ནུས་པར་དོ་སྣང་དང་གདེང་འཇོག་ཆེས་ཆེར་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས།མི་སྒེར་སོགས་མདོར་ན་མིའི་རིགས་འཕེལ་རྒྱས་སུ་འགྲོ་ཐུབ་མིན་གྱི་རྩ་བར་ཆགས་ཡོད་པས།ང་ཚོས་དཔེ་ཁྲིད་མི་སྐྱོང་གི་རླབས་ཆེན་བྱ་གཞག་ཁྲོད་འདི་ཉིད་ལ་དོ་འཁུར་དང་ཡིད་འཇོག་བྱ་རྒྱུ་ནི་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཕེལ་འགྱུར་ལ་མེད་དུ་མི་རུང་བའི་རྒྱུ་མ་ནོར་བ་ཞིག་ཡིན་པར་སྒོ་ཀུན་ནས་སྙམ་མོ།།
 
  • ལེ་ཚན་སྔོན་མ།:འཛམ་གླིང་ན་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ།
  • ལེ་ཚན་རྗེས་མ།:སློབ་མར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བའི་དགོས་པ་ཡིན།
  • དོ་སྣང་ཆེ་བའི་རྩོམ།