སློབ་གསོའི་སྐོར་གྱི་གསུང་བཤད།

སློབ་དཔོན་ཆེན་པོ་དོར་ཞི་ཚང་།        2010-12-16

དེང་སྐབས་ཚན་རིག་ལག་རྩལ་སོགས་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་འགྱུར་ལྡོག་བྱུང་བ་ཉིན་རེ་ལས་ཉིན་རེ་མི་འདྲ།དེ་ཡིན་ན་ང་ཚོའི་སློབ་གསོ་བྱེད་སྟངས་ཡང་བཅོས་བསྒྱུར་བྱ་དགོས།ང་ཚོའི་ཚབ་མཚོན་རིག་གནས་ལ་བཅོས་བསྒྱུར་བྱ་རྒྱུ་མེད་མོད།འོན་ཀྱང་དེང་རབས་ལ་བསྟུན་རྒྱུ་ཡོད།དཔེར་ན་སུམ་རྟགས་སྙན་ངག་གི་ནང་དོན་སོགས་ལ་འགྱུར་རྒྱུ་མེད་མོད།དེར་དཔྱད་པ་བཏང་སྟེ་ཇེ་ཟབ་དང་གོང་འཕེལ་དུ་གཏོང་རྒྱུ་ཡོད།ང་ཚོའི་སངས་རྒྱས་ཆོས་ལུགས་ཀྱི་སྔོན་གྱི་རིག་པའི་གཞུང་ལུགས་ལ་འགྱུར་རྒྱུ་མེད་ཀྱང་།དུས་རབས་དང་བསྟུན་ནས་དར་རྒྱས་སུ་གཏོང་རྒྱུ་དང་ཞིབ་འཇུག་བྱ་རྒྱུ་ཡོད།ཕྱི་རྒྱལ་ལ་མཚོན་ན་དང་མའི་རིག་གཞུང་དེ་གཅིག་པུ་བཟུང་ནས་འདུག་རྒྱུ་དེ་མ་རེད།ད་བྱས་ན་དུས་རབས་དང་མི་མཐུན་པའི་རྙིང་ཉེན་དུ་གྱུར་སོང་བ་རེད།རྟ་ཞོན་སྐབས་རྟ་དང་སྦག་སྦག་ཞོན་སྐབས་སྦག་སྦག་ཞོན་དགོས་པ་རེད།ཡང་དགེ་རྒན་གྱི་ཕྱོགས་ནས་བཤད་ན།དགེ་རྒན་ཞེས་པ་ནི་ཁྱོད་ཚོས་རང་གིས་མཐོང་ཆུང་མ་བྱེད།དགེ་རྒན་ལས་ལྷག་པའི་བྱ་བ་མེད།ང་ཚོའི་ཁོར་ཡུག་འདིར་དགེ་རྒན་ལ་མཐོང་ཆུང་བྱེད་པ་སྤྱི་ཚོགས་ཀྱི་ལྟ་ཕྱོགས་མ་འགྲིག་པ་རེད།སྔོན་ཐོན་རྒྱལ་ཁབ་ཚོའི་དགེ་རྒན་གྱི་གོ་གནས་ཧ་ཅང་མཐོ།རྒྱལ་ཁབ་ཀྱི་ཙུང་ཐུང་ཡིན་ན་ཡང་སློབ་གྲྭ་ལས་མཐར་ཕྱིན་དགོས།སློབ་གྲྭར་འགྲོ་དགོས་ན་དགེ་རྒན་ཞིག་ཡོད་དགོས་པ་རེད།ང་ཚོའི་སངས་རྒྱས་ཆོས་ལུགས་ཀྱིས་བཤད་ན།སྟོན་པ་ཐུགས་རྗེ་ཅན་ཡང་དགེ་རྒན་ཡིན།སློབ་མ་བསྐྱངས་ཏེ་དཔེ་ཁྲིད་གནང་བ་རེད།ཁུང་ཙི་ཡང་དགེ་རྒན་རེད།ཡེའུ་སོའུ་ཡང་དགེ་རྒན་ཡིན།དེ་ཡིན་པར་མ་ཟད།ཨེ་དབྱིན་སི་ཐན་གྱིས་བྲིས་པའི་ཧྲིན་ཅིན་ལས།མི་ཡི་སྤྱི་ཚོགས་འདི་བྱུང་ནས་རིག་གནས་ཀྱི་ཕྱོགས་ལ་ཕན་ཆེན་པོ་བཏགས་ཡོད་པའི་མི་གཉིས་བྱོན་སོང་།གཅིག་ནི་སྟོན་པ་ཤྰཀྱ་ཐུབ་པ་དང་གཉིས་ནི་ཡེའུ་སོའུ་རེད།དེ་གཉིས་ལ་བརྟེན་སན་མིའི་རིགས་ཀྱི་བསམ་པའི་བློ་སྒོ་ཕྱེས་པའི་ལག་རྗེས་བླ་ན་མེད་པ་རེད་ཅེས་གདེང་འཇོག་བྱས་ཡོད།དེ་ཡིན་པས་དགེ་རྒན་གྱི་འགན་ཁུར་འདི་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་ངོས་ཟིན་དགོས།སྤྱི་ཚོགས་གོང་འཕེལ་དུ་འགྲོ་མི་འགྲོ།ང་ཚོའི་མི་རིགས་ཡུན་རིང་དུ་གནས་མི་གནས་ནི་སློབ་གསོ་ལ་རག་ལས་ཡོད།དེ་སློབ་གྲྭ་ལ་རག་ལས་ཡོད།དེའི་རྩ་བ་ཡང་དགེ་རྒན་ཡིན་པས་དུས་རབས་ཀྱི་འགན་ཁུར་ནི་དགེ་རྒན་གྱི་སྟེང་ན་ཡོད་པ་ངོས་ཟིན་དགོས།ཕྱིའི་ལོངས་སྤྱོད་ཀྱི་དབུལ་ཕོངས་དེ་བཟོ་གྲྭ་སོགས་ཀྱིས་སེལ་ཐུབ།ནང་བསམ་པའི་ལོངས་སྤྱོད་དེ་སློབ་གྲྭས་བསྐྲུན་དགོས།མི་དང་དུད་འགྲོ་གཉིས་ཀྱི་ཁྱད་པར་འབྱེད་བྱེད་བསམ་བློ་དང་རིག་གནས་རེད།དེ་སློབ་གྲྭར་བསྟེན་དགོས་ལ་དགེ་རྒན་ལའང་བསྟེན་དགོས་པ་རེད།དེའི་སྟབས་ཀྱིས་དགེ་རྒན་གྱི་འགན་ཁུར་དེ་གཟི་བརྗིད་ཅན་ཞིག་ཡིན་པས་རང་གིས་བརྩི་མཐོང་བྱ་དགོས།དགེ་རྒན་གྱི་མཚན་ཉིད་ཡིན་ན་ཡང་སྤྱིར་མང་མོད།གཙོ་བོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་དགོས།དེ་ཡང་ཤེས་རྒྱུད་ཡོན་ཏན་ལ་མཁས་པ་དང་བསམ་པ་ཀུན་སྤྱོད་བཟང་བོའི་ཡོན་ཏན་ཚང་དགོས་པ་དེ་རེད།དགེ་རྒན་ཞིག་ཡིན་ན་རང་ཉིད་གཅིག་པུར་འདང་རྒྱག་མི་ཉན།སློབ་མ་ཚོས་རང་ལ་བལྟས་ཡོད་པས་སྐད་ཆ་ཞིག་བཤད་པའམ་ཡང་ན་བྱ་བ་ཞིག་ལས་ནའང་མིག་དཔེ་བཟང་བོ་ཞིག་སྟོན་དགོས་པས་ཅི་དྲན་གང་དྲན་བྱས་ཏེ་ཟླ་ཕོག་ལེན་ཐབས་དང་ཉི་མ་གཏོང་ཐབས་ཙམ་གྱིས་མི་ཡོང་ངོ་།།
  • ལེ་ཚན་སྔོན་མ།:སྤྱིར་བཏང་གི་དགེ་རྒན་དང་ཕུལ་བྱུང་གི་དགེ་རྒན།
  • ལེ་ཚན་རྗེས་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།