བོད་ཀྱི་གླུ་གར་ལས་བྱུང་བའི་སློབ་གསོའི་སྐོར་རགས་ཙམ་གླེང་བ།

བསོད་ནམས་སྒྲོལ་མ། ༼ རྨ་ལྷོ ༽    ༢༠༡༣ལོའི་མང་ཚོགས་སྒྱུ་རྩལ་དེབ་གཉིས་པ་ལས་བདམས།    2013-09-26

བོད་ཀྱི་གླུ་གར་ལས་བྱུང་བའི་སློབ་གསོའི་སྐོར་རགས་ཙམ་གླེང་བ།

སྔོན་འགྲོ།
སྤྱིར་བཏང་འགྲོ་བ་མིའི་རིགས་ལ་མཚོན་ན་གླུ་གར་ནི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ཉིད་ལ་དུངས་ཞེན་གྱི་ཟབ་ཚད་དང་རིག་གནས་རིན་ཐང་གི་མཛིན་སྟངས་མཐོ་དམན་ཙམ་ལས། མི་རིགས་སུ་ལ་མཚོན་ན་ཡང་རང་རང་གི་གླུ་གར་གྱི་རྣམ་བཞག་མེད་པ་ཞིག་ཕལ་ཆེར་མི་སྲིད་པའི་གནས་སུ་གྱུར་ཡོད། གླུ་གར་ནི་དགའ་སྤྲོ་དང་དུངས་སེམས་ལས་ཐོན་པའི་ཤེས་རིག་གི་ཉིང་ཁུ་ཡིན་ལ། སྒྱུ་རྩལ་གྱི་བློ་བཀོད་དང་ཕྱི་ལུས་ངག་གི་ཉམས་འགྱུར་ལ་བརྟེན་ནས་སྙན་འཇེབས་དང་མཛེས་སྡུག་གི་ལང་ཚོ་རིམ་བཞིན་རྒྱས་ཏེ་ལུས་སེམས་ལ་དགའ་བདེ་སྟེར་བྱེད་ཀྱི་རིག་གནས་རྨད་དུ་བྱུང་བ་ཞིག་ཀྱང་ཡིན། ཁྱད་པར་དུ་ང་ཚོ་སྟེ་གངས་ཅན་བོད་ཀྱི་ཡུལ་འདི་ནི་མི་ཡུལ་གྱི་ཞིང་ཁམས་དང་གླུ་གར་གྱི་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པས་ན། དེ་བས་ཀྱང་གླུ་གར་གྱི་རིག་གནས་དང་སློབ་གསོ་གླེང་བའི་འོས་བབས་ཅིས་ཀྱང་ཡོད་པར་སེམས་སོ། །
     དེ་ཡང་རིག་པའི་གནས་བཅུའི་ཡ་གྱལ་ཟློས་གར་གྱི་ཁོངས་སུ་གཏོགས་པའི་གླུ་གར་ཞེས་པ་ནི་ལུས་ངག་གི་སྒྱུ་རྩལ་མང་པོ་ཞིག་གི་སྤྱི་མིང་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། དེ་ལ་དབྱེ་ན་ངག་གི་གླུ་དང་ལུས་ཀྱི་གར་ཞེས་བརྗོད་ཆོག་ལ། གླུ་གར་ལའང་ནང་གསེས་སུ་དབྱེ་ན་རྣམ་བཞག་ཧ་ཅང་རྒྱ་ཆེན་པོ་ཞིག་ཡོད་མོད་ཤིན་ཏུ་ཞིབ་པར་དཔྱད་ན་རྔོ་ཐོགས་པ་དཀའ་ཞིག་ཡོད་མོད་ཤིན་ཏུ་ཞིབ་པར་དཔྱད་ན་རྔོ་ཐོགས་པ་དཀའ་ཞིང་སྐབས་སུའང་མ་བབས་ལ། རིགས་མཐུན་ཚོགས་པར་བྱས་ཏེ་དབྱེ་ན། གླུ་ལ་རི་ནས་ལེན་པའི་རི་གླུ་དང་ལ་གཞས། དྲི་བ་དྲིས་ལན་གྱི་ཚུལ་ལམ་ཤགས་འགྱེད་པའི་རྣམ་པ་དང་འདྲེས་པའི་གླུ་ཤགས། རྣལ་འབྱོར་བ་རྣམས་ཀྱིས་ཆོས་ཀྱི་དགོངས་པ་ཟབ་མོའམ་རང་རང་གི་ལྟ་བའི་ཉམས་ལས་བྱུང་བའི་ཉམས་མགུར་རམ་ལྟ་མགུར། བྲོ་འཁྲབ་པ་དང་ལྷན་དུ་ལེན་པའི་བྲོ་གཞས། ཆང་བཏུང་བའི་སྐབས་ཆང་གཞས། ཐ་ན་ཞིང་འབྲེག་པའི་གླུ། གྱང་རྡུང་བའི་གླུ། འོ་མ་བཞོ་བའི་གླུ་སོགས་མང་དུ་ཡོད་ལ། གཞན་ཡང་གནའ་བོའི་དུས་ཀྱི་ཤོན་དང་། ད་ལྟའི་སྒྲ་སྙན་རྡུང་ལེན་དང་གླུ་དབྱངས་སོགས་ཀྱི་དབྱེ་བའང་མང་དུ་སྣང་། གར་ཞེས་པའང་ལག་པའི་གར་དུ་རྐང་པའི་བྲོ་ཞེས་སོ་སོར་འབྱེད་པའི་ཚུལ་ཀྱང་སྣང་མོད། གང་ལྟར་ཡང་ཞབས་བྲོའམ་རྡོག་བྲོ། རྩེ་རིགས་སམ་གར། སྒོར་བྲོ། ཆོས་ལུགས་ཀྱི་གར་དང་རྟ་བྲོ་སོགས་ལུས་ཀྱི་ཉམས་འགྱུར་དང་སྟངས་སྟབས་བསྒྱུར་བ་ལས་མ་འདས་པས་འདིར་གར་གྱི་ཁོངས་སུ་འདུ་བ་ཡིན་ནོ། །
གཅིག   གླུ་གར་སློབ་གསོའི་གོ་དོན།
     གླུ་གར་གྱི་སློབ་གསོ་ཞེས་པ་ནི་ཆུང་བྱིས་པ་ནས་ཆེ་རྒན་པའི་བར་གྱི་མི་སོ་སོ་རང་རང་ལ་འཚམ་པའི་ལུས་ཀྱི་སྟངས་སྟབས་དང་གླུ་དང་དབྱངས་ཀྱི་སྦྱོར་བ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལུས་ཕུང་གི་བདེ་ཐང་དང་སེམས་ཁམས་ཀྱི་སྤྲོ་སྣང་ལ་རམ་འདེགས་བྱེད་པའི་སློབ་གསོའི་རྣམ་པ་ཞིག་སྟེ། དེ་ཉིད་རིམ་བཞིན་ལུས་དང་ངག་དང་། ཡིད་ཀྱི་གཞི་སྤུས་མཐོར་འདེགས་ཀྱི་གྲོགས་སུ་གྱུར་ནས་མི་ཚེ་གཅིག་གི་མཛེས་སྡུག་དང་ཀུན་སྤྱོད། ཤེས་རིག་འཕེལ་བའི་སློབ་གསོའི་ཆ་ལག་ངེས་ཅན་ཞིག་ཏུ་གྱུར་ཡོད། སྤྱིར་འཛམ་བུ་གླིང་གི་ཡུལ་ཀུན་ཏུ་གླུ་གར་གྱི་སློབ་གསོའི་རྣམ་པ་མང་དུ་མཆིས་ཀྱང་། འུ་ཅག་ཁ་བ་ཅན་གྱི་ཡུལ་དུ། གོམ་པ་སྤོ་ཤེས་པ་ནས་རྩེ་ཤེས་ལ། སྐད་ཆ་བཤད་ཤེས་པ་ནས་གླུ་དབྱངས་ལེན་ཤེས་ཞེས་གྲགས་པ་ལྟར་གླུ་གར་གྱི་སློབ་གསོ་འདི་ནི་ཉ་དང་ཆུ་བཞིན་དུ་ང་ཚོའི་འཚོ་བ་དང་འབྲལ་མི་ཐུབ་པའི་ཆ་ཤས་ཤིག་ཏུ་འགྱུར་ཡོད།
 ༡  བློ་རིག་གི་ནུས་པ་གོང་འཕེལ་དུ་འགྲོ་བ།
གླུ་གར་གྱི་སློབ་དཔོན་ནི་སྤྱིར་བཏང་གི་སློབ་གསོའི་ཐབས་ལམ་གཞན་དང་བསྡུར་ན་སྤྲོ་སྣང་དང་གུ་ཡངས་ཀྱི་ངང་ནས་བགྲོད་དུ་རུང་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་ལུས་ཀྱི་ཉམས་འགྱུར་སྟངས་སྟབས་དང་། ངག་གི་འགྱུར་ཁུག་འདེགས་འཇོག་གིས་སེམས་ཁམས་དྭངས་གསལ་དང་བདེ་ཐང་དུ་འགྲོ་བ་དང་། རྩོམ་རིག་སེམས་ཁམས་ལ་འཆར་ཡན་གྱི་བློ་སྒོ་གསར་པ་འབྱེད་པ། དཔྱད་ཞིབ་ཀྱི་སེམས་ཁམས་ལ་བདེ་ཐང་གི་ངལ་གསོ་གསར་པ་ཐོབ་པ་བཅས་ཀྱི་གྲོགས་བྱེད་དོ། །
བྲོ་གར་ནི་ཡན་ལག་གི་སྟངས་སྟབས་སྒྱུ་རྩལ་ལ་བརྟེན་ནས་ནང་སེམས་ཁམས་ཀྱི་འགྱུར་བ་མཚོན་པར་བྱེད་པའི་སྒྲ་གདངས་མེད་པའི་སྐད་ཆ་ཞིག་སྟེ། ལྷག་པར་དུ་བྱིས་པ་རྣམས་ལ་མཚོན་ན། ཉམས་སྤྲོ་བའི་རྐང་ལག་གི་འགུལ་སྐྱོད་ལས་དེ་དག་གི་ལུས་དང་སེམས་ཀྱི་འགྱུར་བ་བདེ་ཐང་དུ་གྱུར་ནས་ཤེས་རིག་གི་རྟོག་འགོད་བློ་སྟོབས་འཚར་ལོངས་འབྱུང་བར་ཕན་ལ། སྲོལ་བཟང་བ་དང་། གུ་ཡངས་པ། སྣང་བ་དྭངས་ཤིང་སྤྲོ་དགའ་འཕེལ་བའི་གཤིས་ཀ་ཆགས་པར་ཕན་ནུས་ཆེན་པོ་ཐོན་ཐུབ། ལོ་རྒྱུས་དང་འཚོ་བའི་ཉམས་མྱོང་གི་ཁྲོད་ནས་བལྟས་ན། བོད་གངས་ཅན་འདིར་ཡང་ཆེད་ལས་མཁས་པ་དང་གྲགས་ཅན་མི་སྣ་མང་པོ་ཞིག་གིས་རང་གི་ཆེད་ལས་མ་ཡིན་པའི་རོལ་ཆས་ལ་མཁས་པ་དང་གླུ་གར་ལ་དགའ་བ་མང་དུ་ཡོད་པར་མ་ཟད། དེ་དག་གི་བརྩམས་པའི་དབྱངས་རྟ་སོགས་ཀྱང་མང་དུ་སྣང་ལ། སྤྱིར་བཏང་གི་འཚོ་བའི་ཁྲོད་དུའང་མི་རིགས་གཞན་དང་མི་འདྲ་བར་གླུ་བྲོ་ཟློས་གར་གྱི་རྣམ་པ་དེ་དག་ལས་ངེད་ཅག་བོད་ཀྱི་མི་རྣམས་གླུ་གར་གྱི་གུ་ཡངས་དང་ཤེས་རིག་འཕེལ་རྒྱས་གཉིས་ལ་ནང་གི་འབྲེལ་བ་གལ་ཆེན་ཞིག་ཡོད་པར་རྟོགས་ནུས་སོ། །
༢  ལུས་པོའི་གཞི་སྤུས་མཐོར་འདེགས་འོང་བ།
   གླུ་གར་གྱི་སློབ་གསོ་ནི་འགྲོས་སྡེབ་ཡང་དག་དང་ལྡན་པའི་ལུས་ཀྱི་འགུལ་བསྐྱོད་ཅིག་སྟེ། དེ་ཉིད་ཡུན་དུ་བསྟེན་ན་ལུས་ཕུང་གི་སྤུས་གཞི་ཡོངས་སུ་མཐོར་འདེགས་བྱེད་ཐུབ། བྲོ་གར་གྱི་ནང་དུ་ལག་པའི་ཕྱག་རྒྱ་དང་སོར་མོས་སྒྱུར་སྟངས། གོམ་པའི་བགྲོད་སྟངས་སོགས་རོལ་མོའི་འགྲོས་སྡེབ་དང་བསྟུན་ནས་ལུས་སེམས་ལྷན་ཅིག་པའི་ལུས་རྩལ་སྦྱོང་བརྡར་གྱིས་དབུགས་འབྱིན་རྔུབ་མ་ལག་ཏུ་འཚོ་རླུང་གི་རྒྱུ་བ་ཇེ་ལེགས་སུ་གཏོང་བ་དང་སྙིང་དང་གློ་བའི་ནུས་ཤུགས་སོགས་ལུས་ཕུང་གི་སྤུས་གཞི་ནུས་པ་གལ་ཆེན་འདོན་པ་ནི་མི་རིགས་སུ་ཞིག་གི་བྲོ་གར་ཡིན་ཡང་དེ་ལ་རང་ཆོས་སུ་ཡོད་པའི་ཁྱད་ཆོས་ཡིན་ཏེ།  རྒྱུན་དུ་འོས་འཚམ་གྱི་ལུས་རྩལ་བྲོ་གར་སྦྱོར་བརྡར་བྱས་ན། སྙིང་གི་ལྗིད་ཚད་དང་བོངས་ཚད་ཇེ་ཆེ་དང་། འཕར་རྩའི་ནང་སྐྱི་ཇེ་མཐུག  མཉེན་ཤུགས་ཅན་གྱི་རྒྱུས་དང་མཉམ་འདྲེད་གྲིམས་ཤ་ཇེ་མཐུག   ཁྲག་རྩའི་ངོས་ཀྱི་མཉེན་ཤུགས་ཇེ་དྲག་ཏུ་འགྲོ་བ་དང་། རྩ་འཕར་བར་ནུས་ཤུགས་ཡོད་ལ། ཁྲག་གི་འཁོར་བསྐྱོད་ལ་ཕན་པ་ཆེན་པོ་ཡོད་ཅེས་བཤད་ཡོད་ལ། གཞན་ཡང་བྱིས་པ་དག་གི་རྒྱུན་གྱི་གོམས་གཤིས་ངན་པ་ལས་བྱུང་བའི་ལུས་ཀྱི་ཞན་ཆ་དག་བྲོ་གར་གྱི་ལུས་རྩལ་སྦྱོང་བརྡར་ལ་བརྟེན་ནས་སླར་བདེ་ཐང་དུ་སོར་ཆུད་པའི་ནུས་པ་ལ་སོགས་མདོར་ན་གླུ་གར་གྱིས་མིའི་ལུས་པོའི་གཞི་སྤུས་མཐོར་འདེགས་ལ་ཕན་ནུས་འབྱིན་པའི་ཚན་རིག་གི་རྒྱུ་མཚན་ཡང་མང་དུ་མཆིས་པར་གྲགས་སོ། །

བོད་ཀྱི་གླུ་གར་ལས་བྱུང་བའི་སློབ་གསོའི་སྐོར་རགས་ཙམ་གླེང་བ།

༣  མཛེས་དཔྱོད་ཚོར་སྣང་གསོ་སྐྱོང་བྱེད་པ།
གླུ་བྲོ་ཟློས་གར་ནི་ཕྱི་ལུས་ཀྱི་སྟངས་སྟབས་དང་རྣམ་འགྱུར། ནང་ཡིད་ཀྱི་བརྩེ་དུངས་དང་ཉམས་འགྱུར་ལས་ཕྱི་རུ་མངོན་པའི་སྒྱུ་རྩལ་གྱི་མཛེས་པའི་ཚུལ་ཞིག་སྟེ། གླུ་གར་གྱི་སྒྱུ་རྩལ་དང་དེའི་སྐོར་གྱི་ལུས་རྩལ་ལ་ཆུང་ནས་གོམས་པར་བྱས་པའི་མི་དག་ལ། བྲོ་གར་གྱི་ཁྲོད་ནས་རང་གི་དགའ་བ་འཚོལ་བ་དང་། ཕྱི་ཡི་དངོས་པ་དག་གི་རང་གཤིས་ལ་དགའ་བ་དང་། དེ་དག་ཉམས་སུ་རོལ་བའི་ནུས་ཤུགས་གཞན་དང་མི་འདྲ་བའི་ཚོར་སྣང་རྙེད་པར་འགྱུར་ལ། རང་ལུས་མཛེས་དཔྱོད་ཀྱི་གཤིས་ཀ་དང་ཕྱི་རོལ་མཛེས་དཔྱོད་ཀྱི་ལྟ་བ་རིམ་བཞིན་འཐུས་ཇེ་ཚང་དང་རིམ་པ་ཇེ་མཐོར་ཆགས་ནས་མཛེས་དཔྱོད་ཀྱི་རོལ་མྱོང་དང་མཛེས་དཔྱོད་ཀྱི་གོ་མཚམས་གསར་གཏོད་ནི་ནུས་པ་གསོ་སྐྱོང་བྱ་བའི་གྲོགས་བྱེད་ཀྱིན་ཡོད། དེར་བརྟེན་བོད་མི་རིགས་འདི་ལ་རང་གི་ཁྱད་ཆོས་མཛེས་དཔྱོད་དང་བརྩེ་དུངས་རྣམ་པ་ཞིག་ཆགས་ཡོད་པ་འདིའང་ཕྱོགས་གཅིག་ནས་ང་ཚོའི་གླུ་བྲོ་སྒྱུ་རྩལ་གྱི་རིག་གནས་དང་འབྲེལ་བ་དམ་པོ་ཞིག་ཡོད་སྙམ། །
གཉིས།  གླུ་གར་གྱི་སློབ་གསོའི་ཁྱད་ཆོས།
 གླུ་གར་གྱི་སློབ་གསོའི་ཁྱད་ཆོས་ནི་སློབ་གསོའི་ཐབས་ལམ་གཞན་དང་མི་འདྲ་བར་འཚོ་བ་དང་བར་ཐག་ཤིན་ཏུ་ཉེ་ཞིང་སོ་སོ་རང་རང་གི་སེམས་ཁམས་ན་ཚོད། དགའ་ཕྱོགས་དང་གོམས་གཤིས་གང་རུང་གི་རྨང་གཞིའི་སྟེང་སྒྱུ་རྩལ་གྱི་མཛེས་པ་མི་ཉམས་པར་མི་རྣམས་ཀྱི་གཤིས་ཀ་དང་འདྲེས་པར་འགྱུར་བས། རང་རྟོགས་རང་འགུལ་དང་ཐུན་མོང་མཉམ་སྤྲོ། བག་ཡངས་ཡིད་དགའ་དང་བཅས་ཏེ་ཀུན་གྱི་དང་དུ་ལེན་སླ་བ་སོགས་ཀྱི་ཁྱད་ཆོས་ཀྱང་ཡོད་དོ། །
༡  སྤྲོ་སྣང་གིས་ཕྱུག་པའི་སེམས་ཁམས།
བྱིས་པའི་དུས་ནས་བཟུང་སྟེ་མི་རྣམས་ཀྱི་སེམས་ཁམས་སུ་བག་ལ་ཉལ་བའི་སྤྲོ་སྣང་གི་ས་བོན་རྣམས་གླུ་བྲོ་ཟློས་གར་གྱི་ཕྱི་རྐྱེན་ལ་བརྟེན་ནས་རིམ་བཞིན་རྣམ་འགྱུར་དུ་སྨིན་པར་འགྱུར་ཏེ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བྲོ་གར་གྱི་སྟངས་སྟབས་ལ་དགའ་བ་བསྐྱེད་ཅིང་། གླུ་ཞིག་ལེན་ནའང་། གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན་ཞེས་དང་ང་གླུ་བ་ཡོང་ཡོང་དགུང་ནས་ཡོང་སོགས་དགའ་སྣང་དང་འཆར་ཡན་གྱིས་གླུ་གཞས་གང་མང་ལེན་བཞིན་ཡོད། དེས་ནང་སེམས་ཀྱི་བག་སྤྲོ་བ་དང་སྣང་བ་རང་བཞིན་གྱིས་དྭངས་ནས་ཚེ་རིང་དང་ནད་མེད་པའི་རྐྱེན་དུ་བྱེད་ལ། གླུ་གར་ལ་མོས་པའི་བོད་ཀྱི་མི་རིགས་འདི་ནི་འཇིག་རྟེན་ན་སྤྲོ་སྣང་གི་ལོངས་སྤྱོད་ཀྱི་ཕྱུག་པོ་ཡིན་ནོ། །
༢   གླུ་གར་སྐད་ཆའི་སྒྱུ་རྩལ།
  གླུ་གར་དང་སྐད་ཆའི་སྒྱུ་རྩལ་ལ་དགར་དུ་མི་རུང་བའི་འབྲེལ་བ་དམ་པོ་ཡོད་ཅིང་། གང་གླུ་གར་ལ་བསླབ་པར་འདོད་པ་དེས་དང་པོ་བརྡ་སྤྲོད་ཚིག་གི་ཉམས། གཉིས་པ་སྡེབ་སྦྱོར་འགྲོས་ཀྱི་ཉམས། གསུམ་པ་སྙན་ངག་རྒྱན་གྱི་ཉམས་ཏེ་ཉམས་གསུམ་གྱི་ཐེམ་སྐས་དག་རིམ་བཞིན་དུ་སློབ་སྦྱོང་གི་ལམ་ནས་བསླབས་ཀྱང་ཆོག་ལ། རང་ཅག་གི་འཚོ་བའི་ཁྲོད་དུ་འདྲེས་པའི་ཚིག  སྡེབ་སྦྱོར།  སྙན་ངག་གི་ཆ་དག་སྤྲོ་སྣང་གི་ངང་ནས་རང་གི་རྒྱུད་དུ་གོམས་པ་གཤིས་སུ་ཆགས་པ་ལས་རང་བཞིན་གྱིས་བསླབས་ཀྱང་ཆོག་སྟེ།  བོད་མི་རེའི་ཁ་ན་གླུ་རེ། ཟེར་བ་བཞིན་སྨྲ་ལྕེ་བདེ་ཞིང་ངག་སྒོ་ཡངས་པའི་མི་རིགས་ཤིག་ཡིན་པས་སྲིད་པའི་གླུ་ཤགས་ལས་ཀྱང་། སྲིད་པའི་བ་ཆུང་བཤའ་བའི་དུས། བ་ལྕེ་དུམ་ཞིག་བོད་ལ་ཐེམ། བོད་ཁ་ལྕེ་བདེ་དོན་དེ་ནས་བྱུང་། ། ཞེས་ཟེར་སྲོལ་ཡང་བྱུང་ཡོད། མདོར་ན་མཛེས་ཤིང་སྡུག་པའི་སྟངས་སྟབས་དང་། སྙན་ཞིང་འཇེབས་པའི་ངག་ཚིག་དེ་དག་ཀྱང་ངེད་ཅག་གི་འཚོ་བའི་ངོ་བོར་གྱུར་ཟིན་པའི་གླུ་གར་སློབ་གསོའི་ཁོངས་སུ་ཆུ་དང་འོ་མ་བཞིན་གནས་སོ། །
༣  རང་ཤུགས་སུ་བྱུང་བའི་དགའ་སྤྲོ།
   གླུ་གར་ནི་མི་གཞན་ལ་སྤྲོ་སྣང་སྦྱིན་པའི་ཞོར་ལ་རང་ཉིད་ཀྱང་དགའ་སྤྲོའི་ངང་དུ་འགྲོ་བས་ན་མི་སུ་ལའང་ལས་སླ་མོས་འགོ་བར་རུང་བའི་སླ་བའི་ཡོན་ཏན་གྱི་རིགས་ཤིག་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད། ཐོག་མ་སྦྱང་བའི་དུས་སུ་ཤེས་བྱ་གང་ལའང་བརྩོན་འགྲུས་ཀྱི་སྐུལ་འདེད་དགོས་མོད།  གཞུང་ལུགས་གཞན་དང་བསྡུར་ཏེ་བཤད་ན་སྡུག་འབད་ལ་མི་ལྟོས་པའི་སྒྱུ་རྩལ་རིག་པའི་གནས་ཤིག་ཡིན་ལ། དེས་ནམ་ཡང་མི་རྣམས་ལ་རང་ཤུགས་སུ་སྤྲོ་དགའ་གཞལ་དུ་མེད་པ་སྦྱིན་ཡོད་པས་ན།  འཇིག་རྟེན་གྱི་ཁ་དཔེར་ཡང་། སྐྱིད་པོ་རང་གིས་མ་བྱས་ན། སྤྲོ་མོ་གཞན་ནས་མི་འོང་ཞེས་གྲགས་པ་ཇི་བཞིན་བྲོ་གར་ལ་བརྟེན་ནས་རང་གི་སེམས་ཁམས་སྐྱིད་པོ་བྱེད་ཤེས་པ་དག་ལ་སྒྱུ་རྩལ་ལས་བྱུང་བའི་སྤྲོ་མོ་རང་ཤུགས་སུ་འབྱུང་བར་འགྱུར་ཞེས་སྨྲ་རུང་རུང་ཡིན་ནོ། །
མཇུག་བསྡུ་བ།
  སྤྱིར་སློབ་གསོ་ནི་སྤྱི་ཚོགས་ཀྱི་ཁྲོད་འདིར་མེད་དུ་མི་རུང་བའི་ཆ་རྐྱེན་ངེས་ཅན་ཞིག་ཡིན་ལ། སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་གང་དུ་སླེབས་ན་དེས་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་གང་ལའང་ཤེས་རིག་གི་འོད་ངེས་ཅན་ཞིག་འདྲེན་བཞིན་ཡོད། ལྷག་པར་དུ་གླུ་གར་གྱི་སློབ་གསོ་ནི་གཞན་དང་བསྡུར་ན་ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་རང་ཆས་སུ་ཡོད་པའི་རང་བྱུང་གི་ལོངས་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཏུ་མཆིས་པས་མི་རྣམས་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ལྕི་བ་དང་འཚོ་བའི་འགྲོས་སྡེབ་མགྱོགས་པའི་འཚོ་སྟངས་འདི་ལྟ་བུ་ཞིག་གི་སྐབས་སུ་སླེབས་ཙ་ན་གླུ་གར་སློབ་གསོ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གཞི་སྤུས་མཐོར་འདེགས་བྱེད་པ་འདི་ཡང་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཏུ་སྣང་ངོ་།  །
  • ལེ་ཚན་སྔོན་མ།:སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:བྱིས་སྙོར་ཁང་གི་བདེ་འཇགས་སློབ་གསོ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།