བོད་ཀྱི་བརྙན་འཕྲིན་ཟློས་གར་སྐོར་གླེང་བ།(2)

གསེར་རྟ།དཔལ་ཤུལ་རང་བྱུང་གིས།    ཁམས་པའི་བོད་ཡིག་ཚགས་པར།    2010-05-17


སོགས་ཀྱིས་མཚོན་པའི་བོད་ཀྱི་འཁྲབ་གཞུང་རེ་འགའ་ནི་བོད་ཀྱི་བརྙན་འཕྲིན་ཟློས་གར་ཞིག་ཨེ་རེད་ཟེར་ན་རེད་དེ་དངོས་གནས་བཤད་ན་བོད་ཀྱི་འཁྲབ་གཞུང་ཡང་དག་པ་ཞིག་ཏུ་ཁས་ལེན་ཐུབ་མཁན་དཀོན་པར་སྣང་།འཁྲབ་གཞུང་དེ་གཉིས་ལ་ཐུན་མོང་གི་སྐྱོན་ཆ་ཞིག་ཡོད་པ་ནི་ལོ་རྒྱུས་དང་ཆེས་མི་མཐུན་པ།གཞན་ས་ཁུལ་དེ་དག་གིས་གོམས་གཤིས་སྤྱི་ལ་འགལ་བ་ཞིག་ཡིན།དར་མདོའི་མཛའ་གཞས་ལ་མཚོན་ན་ཆེས་སྐྱོན་ཆ་ཆེ་བ་ནི་བོད་ཀྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཟེར་བ་ཙམ་གྱིས་དོན་དུ་ཐ་ན་དར་མདོ་གནའ་གྲོང་གི་སྲང་ལམ་དུ་ཕན་ཚུན་འགྲོ་འོང་བྱེད་པའི་འཁྲབ་གཞུང་ནང་གི་མི་རྣམས་ལ་མཚོན་ན་ལ་ལའི་ལུས་ལ་དབྱར་ཆས་གྱོན་ཡོད་པ་དང་རེ་འགའི་ལུས་ལ་དགུན་ཆས་གྱོན་ཡོད་པས་བརྙན་འཕྲིན་དེར་བལྟས་པ་ཙམ་གྱིས་དོ་དམ་དུ་སྐབས་དེ་ནི་དགུན་དུས་ཤིག་ཡིན་ནམ་དབྱར་དུས་ཤིག་ཡིན་ང་ཚོར་རང་ཤུགས་ཀྱི་དྲི་བ་ཞིག་ཐོན་ཡོང་ལ།དེ་ལྟར་མིན་ཞེས་བརྗོད་ན་འོ་ན་བོད་སྤྱི་ལ་དབྱར་གོས་དང་དགུན་གོས་ཞེས་ཁ་ཁར་ཡོད་ཀྱང་ནང་གསེས་ཁམས་པའི་མི་ལ་གོས་ཀྱི་སྟེང་ནས་དབྱར་དགུན་ལ་ཁྱད་པར་མེད་པ་ཨེ་ཡིན།དེ་ཡང་མ་ཡིན།འོ་ན་ཅི་ཡིན།དེ་ནི་བརྙན་འཕྲིན་ཟློས་གར་འདིའི་འགན་ཁུར་ལས་སྒྲུབ་པ་ཚོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཆུང་ལྟ་བྱས་པའམ་ཡང་ན་ཆ་རྒྱུས་གཏན་ནས་མེད་པར་མཚོན་ལ།དེ་ནི་བརྙན་འཕྲིན་ཟློས་གར་འདིའི་འགན་ཁུར་ལས་སྒྲུབ་པ་ཚོས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཆུང་ལྟ་བྱས་པའམ་ཡང་ན་ཆ་རྒྱུས་གཏན་ནས་མེད་པ་མཚོན་ལ།དེ་ནི་དར་མདོའི་མཛའ་གཞས་ཀྱི་ཆུང་ས་ཞིག་ནས་མ་འདང་བའི་སྐྱོན་ཆེན་པོ་ཞིག་ཡིན།ཁམས་པ་ཞེས་པ་ནི་བོད་མདོ་དབུས་ཁམས་གསུམ་ལས་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ།ལོ་རྒྱུས་ཀྱི་རྒྱུན་རིང་ལ།རིག་གནས་ཀྱི་གཏིང་ཟབ་པ།བོད་ཀྱི་ལོ་རྒྱུས་དང་རིག་གནས།གོམས་སྲོལ་གང་གི་ཐད་ནས་ཀྱང་གཙོ་བོ་ཞིག་ཡིན་པས་དབྱར་གོས་དགུན་གོས་ཙམ་ནི་དོན་དག་ཆུང་ཆུང་ཞིག་ཡིན་ཡང་འཛམ་གླིང་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་བྱེད་སྐབས་གནས་ཚུལ་འདི་གནད་དོན་ཆུང་ཆུང་ཞིག་ཡིན་ཡང་འཛམ་གླིང་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་བྱེད་སྐབས་གནས་ཚུལ་འདི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་ཡིན་ཏེ།མི་རིགས་ཤིག་གི་ལོ་རྒྱུས་ཀྱི་རང་བཞིན་དང་མི་རིགས་རིག་གནས་སམ་འཚོ་བའི་གོམས་སྲོལ་ཞིག་མཚོན་དགོས་པས་ཕྱིས་སུ་འདི་འདྲའི་བྱ་བ་བསྒྲུབ་མཁན་ཚོས་དོ་སྣང་ཆེན་པོ་བྱེད་དགོས་པར་འཚལ།
དེ་ལས་ལྡོག་སྟེ་གསེར་རྟ་གེ་སར་ཟློས་གར་ཚོགས་པས་འཁྲབ་པའི་གླིང་གེ་སར་གྱི་རྣམ་ཐར《རྟ་རྒྱུག་རྒྱལ་འཇོག》ཞེས་པ་ནི་དེང་སང་མདོ་དབུས་ཁམས་གསུམ་དང་མ་ཚད་རྒྱལ་ཁབ་གཞན་ནའང་ལྟ་མཁན་ཚོས་ཆེས་དགའ་བསུ་ཐོབ་ཡོད།དེ་ནི་འཁྲབ་མཁན་ཚང་མ་བོད་རིགས་ཤ་སྟག་ཡིན་པའི་ཆ་ནས་ཁོ་ཚོས་ཐོག་མར་ལྟད་མོ་བར་ཕུལ་བའི་བརྙན་འཕྲིན་ཟློས་གར་ལ་ཀུན་གྱིས་དེ་འདྲའི་དགའ་བསུ་ཆེན་པོ་ཐོབ་པ་ནི་ཁོ་ཚོར་བརྙན་འཕྲིན་ཟློས་གར་ཞེས་པར་ཆ་རྒྱུས་ཟབ་མོ་གཏན་ནས་མེད་པའི་གནས་བབས་ཤིག་གི་འོག་ནས་འབྲས་བུ་དེ་འདྲའི་ཆེན་པོ་ཐོབ་པ་ཞིག་སྟེ་གཅིག་ནས་ལོ་རྒྱུས་དངོས་དང་མཐུན་པ།གཉིས་ནས་གནའ་དེང་སྒྱུ་རྩལ་གྱི་ཉམས་འགྱུར་ཟུང་དུ་ཐོན་པ།གསུམ་ནས་གཞན་གྱིས་ལྷད་སྐྱོན་ཅི་ཡང་ཞུགས་མེད་པར་བོད་རང་གི་རིག་གནས་སྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པ།བཞི་ནི་འཁྲབ་མཁན་ཐམས་ཅད་བོད་པ་ཤ་སྟག་ཡིན་པས་ཁོ་ཚོར་འཁྲབ་གཞུང་དེར་ཐོག་མ་ནས་ཆ་རྒྱུས་ཟབ་མོ་ཡོད་པ།ལྔ་ནི་འཁྲབ་གཞུང་འདི་བརྙན་འཕྲིན་དུ་ཕབ་སྐབས་ལས་བསྒྲུབ་མི་སྣ་གཙོ་བོ་ཐམས་ཅད་བོད་ཀྱི་མི་ཁོ་ན་ཡིན་ཕྱིན་འདི་འདྲའི་ཀུན་གྱིས་དགའ་བསུ་ཐོབ་པའི་བརྙན་འཕྲིན་ཟློས་གར་ལེགས་ཤོས་ཤིག་ཏུ་དཔྱོད་ལྡན་ཚོས་ཁས་ལེན་བཞིན་ཡོད།བརྙན་འཕྲིན་འཁྲབ་གཞུང་འདི་ཡང་གོང་གི་དེ་གཉིས་དང་བསྡུར་ན་ཡང་མི་འདང་ས་གང་མང་ཞིག་ཡོད་ངེས་ཏེ།དེ་ནི་གཅིག་ནས་ཆ་རྐྱེན་དང་གཉིས་ནས་ཉམས་མྱོང་སོགས་ཀྱིས་ཡིན་པ་ལས་གཞན་ཞིག་མ་ཡིན།གང་ལྟར་ཉམས་མྱོང་ནི་ག་ལེར་རྒྱུད་ལ་འཇུག་རྒྱུ་ཞིག་ཡིན་པས་གཞན་དང་ཉམས་མྱོང་བརྗེ་རེས་བྱེད་ཀྱང་ཆོག འོན་ཏེ་དབང་ཆ་ཅན་ལ་ངོ་འཚོ་ཕྱིར་དང་ཡང་ན་སྟོབས་ཤུགས་ཅན་ཞིག་གི་སེམས་སུ་འགྲོ་ཕྱིར་ལོ་རྒྱུས་ལ་བསྒྱུར་བ་བཏང་ན་དེ་ནི་དུས་རབས་ཤིག་གི་ཉེས་ཅན་དུ་གྱུར་བ་ལས་ཅི་ཡང་མེད་ཕྱིར་རྩམ་པའི་ནང་དུ་ས་བསྲེས་མི་རུང་ལ་ཆང་གི་ནང་དུ་ཆུ་ལྷད་མི་རུང་།ལྷག་པར་དུ་སྒྲོ་སྐུར་དང་སྐྱག་རྫུན་ཁོ་ནས་བྱ་བ་ལེགས་པོ་ཞིག་གཏན་ནས་མི་འགྲུབ།བརྙན་འཕྲིན་ཟློས་གར་ལ་མཚོན་ན་རེ་འགའ་ཞིག་ནི་རྩོམ་པ་པོ་ཞིག་གི་རིག་པའི་རྩལ་སྒོ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་དོ་ཤལ་ཡིན་ལ།དེ་ནིས་གསར་རྩོམ་གྱི་གྲས་ཡིན་ཡང་ལོ་རྒྱུས་དང་རྣམ་ཐར་ནི་དུས་རབས་མང་པོ་བརྒྱུད་པའི་མི་རིགས་ཤིག་གི་རིག་གནས་ཀྱི་སྙིང་བཅུད་ཡིན་པས་གང་བྱུང་གིས་བསྒྱུར་བ་བྱེད་མི་རུང་ཀུན་གྱིས་ཤེས་པར་འཚལ།དེ་ཡང་དེང་རབས་གསར་རྩོམ་དང་གནའ་བོའི་ལོ་རྒྱུས་རྣམ་ཐར་གང་ཡིན་ཡང་བརྙན་འཕྲིན་ཟློས་གར་དུ་ཕབ་ཚེ་དེ་ནི་དྲིལ་བསྒྲགས་ཀྱི་ནུས་པ་ཆེས་ཆེ་བ་ཞིག་པས་དེ་ལུགས་ཀྱིས་མི་རིགས་རང་གི་རིག་གནས་སྒྱུ་རྩལ་དང་ཡུལ་སྲོལ་གོམས་གཤིས་ལ་བསྟུན་ཅི་ཐུབ་བྱ་རྒྱུ་དེ་ཚང་མས་ངེས་པར་དོ་སྣང་དགོས་པའི་གནས་ཤིག་ཡིན།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལྷ་མོ།