སྡེ་རོང་གི་གྱང་གླུ།(2)

སྡེ་རོང་།(བཀྲ་ཤིས་ཕུན་ཚོགས་ཀྱིས།)        2011-08-25


ཡང་བརྩེགས་གཞི་ཨེ་སྔ་གྱང་གཞོང་སྔ།ཡང་གྱང་གཞོང་མི་སྔ་བརྩིགས་གཞི་སྔ།ཡང་གྱང་གཞོང་ཨེ་སྔ་གྱང་ཀ་སྔ།ཡང་གྱང་ཀ་མི་སྔ་གྱང་གཞོང་སྔ།ཡང་གྱང་ཀ་ཨེ་སྔ་གྱང་རགས་སྔ།ཡང་གྱང་རགས་མི་སྔ་གྱང་ཀ་སྔ། ཡང་གྱང་གཞོང་མི་འདྲ་གྱང་གཞོང་འདྲ།ངའི་གྱང་གཞོང་གསེར་གཞོང་དངུལ་གཞོང་ཡིན།ཡང་གྱང་ཀ་མི་འདྲ་གྱང་ཀ་འདྲ།ངའི་གྱང་ཀ་གསེར་ཀ་དངུལ་ཀ་ཡིན།ཡང་གྱང་ཐོ་མི་འདྲ་གྱང་ཐོ་འདྲ།ངའི་གྱང་ཐོ་གསེར་ཐོ་དངུལ་ཐོ་ཡིན།གྱང་མར་མར་བརྡུངས་ཤིང་ཡར་ཡར་འོང་།གྱང་ཕྱི་ལ་བལྟས་ཤིང་ནང་ལ་མཛེས།གྱང་ནང་ལ་གཡང་དྲུང་རི་མོ་བཀྲ།གྱང་ནང་ལ་བལྟས་ཤིང་ཕྱི་ལ་མཛེས།གྱང་ཕྱི་ལ་བཀྲ་ཤིས་ཁ་བཏགས་འཕྱར། རྡུང་བ་རྡུང་བ་མི་འདྲ་བ་ཡིད་བཞིན་ནོར་བུ།ས་བ་ས་བ་མི་འདྲ་ས་བ་བུང་ཆུང་ལྡིང་འདྲ།ས་རྐོ་ས་རྐོ་མི་འདྲ་ས་རྐོ་རི་རྒྱལ་ལྷུན་པོ།བཟོ་བོ་བཟོ་བོ་མི་འདྲ་བཟོ་རྒན་པདྨ་འབྱུང་གནས།
གྱང་ལྟག་མགོ་རྡུང་བ་ལས་སླ་མིན།གྱང་ལྟག་མགོ་རྡུང་མིར་རྟ་གཅིག་དགོས།གྱང་ས་སྣ་རྡུང་མི་ལས་སླ་མིན།གྱང་ས་སྣ་རྡུང་མིར་མཛོ་གཅིག་དགོས།གྱང་རྟ་ཆེན་རྡུང་བ་ལས་སླ་མིན།གྱང་རྟ་ཆེན་རྡུང་མིར་ལུག་གཅིག་དགོས། གྱང་བདག་གྱང་བདག་མི་འདྲ་གྱང་བདག་རྣམ་སྲས་བང་མཛོད།རྒྱང་ཉེ་གཉེན་ཡོད་ན་གྱང་ཁར་ཤོག གྲོང་ཁྱིམ་མཚེས་ཡོད་ན་གྱང་ཁར་ཤོག ཤག་ཕོ་ཤེས་ཡོད་ན་གྱང་ཁར་ཤོག  ཞེས་པ་དེ་ནི་གྱང་གླུའི་གཙོ་བོ་ལྟ་བུ་ཡིན་པ་རེད།གྱང་རྡུང་དུས་གླུ་སྒྲ་སྙན་མོ་ལེན་ན་ངལ་བ་རང་བཞིན་གྱིས་སེལ་བའི་ནུས་པས་གྱང་རྡུང་བའི་སྐབས་སུ་དེ་ལྟ་བུའི་གླུ་ལེན་སྲོལ་ཡོད་པ་ཞིག་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:དམངས་གླུ་ཆུ་མིག་དགུ་སྒྲིལ།
  • ལེ་ཚན་རྗེས་མ།:དམངས་གླུ་ཁག་གཉིས།