རྟ་ནག་སྒྲོག་འགྲོས། སྨད་ཆ།

ལྷུན་འགྲུབ།        2011-03-03

དེར་ཨ་མས་ལན་ཅི་ཡང་མ་བཏབ། དེ་ནས་ཡང་བཀྲ་ཤིས་མཚོས་སྨྲས་པ།
    “ངས་སྔོན་ཆད་རྟ་མགྲིན་རྡོ་རྗེར་ཁ་ཏ་བྱས་མྱོང༌། དེ་ནི་ཕྱུག་པོ་སྟོབས་ཅན་གྱི་བུ་ཡིན་པས་ང་ཚོས་དེའི་དོ་ཟླར་མི་ཡོང༌། ང་ཚོར་དཔའ་ཡོད་ཀྱང་རྒྱུ་མེད། རྒྱུ་མེད་ན་རྟ་ཕོ་ཤ་མེད་གོང་ཆུང༌།? རྒྱུ་མེད་བུ་བྱིས་ངོ་ཆུང་ཞེས་པའི་དཔེ་ལྟར་ཡིན། དེ་ལས་ང་ཚོ་ས་ཆ་གཞན་ཞིག་ཏུ་སོང་ན་ཨེ་མི་དགའ་ཞེས་དྲིས་ཀྱང༌། ཁོས་ས་ཆ་གཞན་པ་གང་ལ་སོང་ནའང་འདི་དང་འདྲ་མཚུངས་རེད། བྲོས་ནས་ཐར་ས་ མེད། འབྲོ་དགོས་པའི་རྒྱུ་མཚན་ཡང་མེད། ང་ཚོར་རྒྱུ་མེད་ན་དཔའ་ཡང་མེད་དགོས་པ་ཅི་ཡོད། ང་ཚོའང་མི་ཡིན་པས་གཞན་གྱིས་གང་བསམ་ཅི་འདོད་ལྟར་ཐུབ་ཚོད་བྱེད་པ་འཁུར་དགོས་དོན་མེད། གཉེན་ཟས་ནོར་གྱིས་སྐྱོང་བ་དང་དགྲ་དཔའ་རྩལ་གྱིས་འདུལ་བ་ནི་ང་ཚོ་བོད་ཀྱི་ལུགས་རེད་ཟེར་ནས་དཔའ་སྐད་འདོན་པ་ལས་ངས་བཤད་པའི་སྐད་ཆར་མ་ཉན།”
    དེར་རྒན་མོས་སྨྲས་པ། 
   “ཁྱོད་ཁ་མ་མང་བར་བསྡད་ན། ད་སྐབས་ང་ཚོའི་མགོར་སྡུག་འདི་ཡོང་དགོས་དོན་མེད། རྟ་མགྲིན་རྡོ་རྗེའི་མཛད་པ་ཤེས་བཞིན་དུ་དགོས་མི་དགོས་བཤད་མི་ཉན་པ་ལོས་ཤེས།”
   དེ་ནས་བཀྲ་ཤིས་མཚོའི་སེམས་ལ། སྔོན་ཆད་གནས་ཚུལ་ཚང་མ་གསལ་བོར་མ་བཤད་པ་ནི་དེ་ཙམ་མ་ལེགས། ད་ནི་སྐབས་འདི་དང་བསྟུན་ནས་གལ་ཆེ་བ་རྣམས་ཞིབ་ཏུ་བཤད་ན། མོའི་སེམས་ལའང་འབབ་རྒྱུ་ཞིག་ཡོད་ལ། ལས་ཕྱི་འདེད་ཀྱང་མེད་སྙམ་ནས་སྨྲས་པ། 
   “ང་ཁ་མང་བ་མིན། བཀྲ་མ་ཤིས་པ་དེས་ཐེངས་གཅིག་མིན་གཉིས་མིན། གར་སོང་གར་ཐུགས་ནས་འགྲོ་དབང་འདུག་དབང་མི་སྟེར། དང་བོར་ཁ་ཡག་ངོ་བསྟོད་ཀྱི་གཡོ་ཟོལ་གྱིས་བློ་ཁ་བསྒྱུར་ཐབས་ཅི་ནུས་བྱས་མོད། དེ་ཐམས་ཅད་ངལ་བ་འབྲས་མེད་དུ་གྱུར་རྗེས།? ཉ་བ་གཡོ་སྒྱུ་ཅན་གྱིས་ཐོག་མར་ཉ་ལ་ཟས་ཅི་དང་ཅི་འདོད་པ་བྱིན་ནས་ཁ་བྲིད་པ་བཞིན་རྒྱུ་འབྱོར་བ་དང་གཡུ་བྱུ་རུ་སོགས་ཀྱིས་བསླུ་བྲིད་གང་ཐུབ་ཐུབ་བྱས།
དེའང་འབྲས་མེད་དུ་གྱུར་རྗེས།མཐར། ཁྱོད་ཀྱིས་གལ་ཏེ་ངའི་རེ་བ་མི་སྐོང་ན། ངས་དྲག་པོའི་ལས་ལ་བརྟེན་ནས་ཁྲ་ཤུལ་རྟ་མགྲིན་རྡོ་རྗེ་ཚང་ཟེར་བའི་ཐབ་ཤུལ་ཙམ་ཡང་མི་བསྐྱུར་བར་མིང་མེད་དུ་གཏོང་ ངེས་ཡིན། དེ་དུས་འགྱོད་ཀྱང་བྱ་ཐབས་མེད་ཟེར་ནས་འཇིགས་སྣང་ཡང་བསྐུལ། དེའི་ཕྱིར་ཁ་རོག་པར་འདུག་ཐབས་བྲལ་ནས་གོང་གི་གནས་ལུགས་ཚང་མ་དྲང་བོར་བཤད་པ་ཡིན།”
   འདིར་བཀྲ་ཤིས་མཚོའི་སེམས་ལ། མིའི་རྒྱུད་ཀྱི་བག་ཡོད་དང་ངོ་ཚ་བའི་འདུ་ཤེས་སོགས་དོར་ནས་འདོད་གཏམ་རྣ་བས་ཐོས་ན་ཤ་ཡང་འདར་བ་མང་བོ་བཤད་པའི་སྐོར་དང༌།  རི་མགོ་དང་ཆུ་འགྲམ་སོགས་ནས་ཉི་མ་དཀར་ལ་ཁྱི་ཕག་བཞིན་འབྱར་ཚུལ་གྱི་ལོ་རྒྱུས་སོགས་ཞིབ་ཏུ་བཤད་ན་ལེགས་བསམས་མོད་ཀྱང༌། མ་སྨད་གཉིས་ཀྱི་བར་ཡིན་རུང་ངོ་ཚ་བའི་དབང་གིས་ཚང་མ་ཁ་ནས་མ་ཐོན། 
   དེར་རྒན་མོས”དེ་ཡིན་རུང་སེམས་རྒྱ་བསྐྱེད་ནས་བཟོད་པ་བསྒོམ་དགོས། ང་ཚོས་བཟོད་པ་བསྒོམ་པ་ལས་འགྲོ་ལམ་གཞན་གང་དུའང་མེད།གང་ནས་ཀྱང་མི་རྙེད”ཟེར། 
   རྒན་མོས་དེ་ལྟར་བཤད་པས་བཀྲ་ཤིས་མཚོའི་སེམས་ལ། ཐུབ་ཚོད་བྱས་ན་གཉོམ་ཁུར། བརྙས་བཅོས་བྱས་ནས་བཟོད་པ་བསྒོམས། དེ་འདྲ་བྱས་ནས་ཉི་མ་མི་འཁྱོལ་བ་མིག་ཐོག་ཏུ་ཤར་འདུག་པ་འདི་རེད་སྙམ་ནས་སྨྲས་པ། 
   “ཨ་མ་ལགས། ཁྱོད་ཀྱིས་ནམ་ཡིན་རུང་བཟོད་པ་སྒོམས། བཟོད་པ་སྒོམས་ཟེར་མོད། འོན་ཀྱང་མཟོད་པ་བསྒོམས་ནས་ཡོང་རྒྱུ་ཅི་ཡོད། ལྷག་པར་ཅི་བྱེད་ལ་གནས་ལུགས་མེད་པའི་མི་ཐ་ཤལ་བར་བཟོད་པ་མསྒོམས་ན་འཕར་སྤྱང་ལ་སྙིང་རྗེ་བསྒོམས་པ་ལྟར་ཇེ་ཐུ་ཇེ་སྡུག་ལས་མེད། མཐར་ཁྱོད་ཀྱིས་མ་བསད་ཁྱོད་ཉིད་གསོད་ངེས་པས། བྱོལ་སོང་བཞིན་གཞན་གྱིས་སྲོག་ལེན་ས་ལ་ལག་ཡ་ཙམ་ཡང་མི་བྱེད་པ་སུ་ཡོད། གལ་ཏེ་མི་ངན་དེ་ཚར་མ་བཅད་ན་ང་ཚོ་ནམ་ཡིན་རུང་བདེ་བར་ འདུག་པའི་གོ་སྐབས་ཡོད་མི་སྲིད། འདི་བྱས་པས་དེང་ཕྱིན་ཆད་གཞན་གྱིས་ཀྱང་ ཐུབ་ཚོད་བྱེད་མི་ཕོད། བུ་རང་སྐྱེས་ཀྱིས་རང་མདོག་སྟོན་མ་ཐུབ་ན་སྐྱིད་གཞན་ན་རེ་ས་མེད།”
  རོང་ཚ་བཀྲ་ཤིས་མཚོས་དེ་ལྟར་བཤད་སྐབས་འཕང་མི་མཐོ་མོད་ཀྱང༌། མོའི་མིག་གི་ནང་ན་འོད་ཁྱད་པར་ཅན་ཏེ་ནམ་རྒྱུན་མཐོང་དཀའ་བ་ཞིག་འཕྲོ་བཞིན་འདུག 
   རྒན་མོས་དེ་ལྟར་བཤད་པ་ཐོས་པས་དབུགས་སྟོད་དུ་འཚང་བཞིན་སྨྲས་པ།”ངས་ཁྱོད་གཉིས་ལ་རྒྱུན་པར་འགྲོ་ཤེས་ཀྱི་ཝ་མོ་ལྟ་བུ། འདུག་ཤེས་ཀྱི་རི་བོང་ལྟ་བུ་བྱེད་དགོས་ཞེས་ཡང་ཡང་བཤད་ཀྱང་ངའི་ཁ་ནི་མི་ལེན། ནམ་ཡིན་རུང་དཔའ་སྐད་མཐོ།? ལུགས་སྲོལ་བཤད་རྒྱུར་དགའ། ད་ཁྱོད་ཀྱང་ཁྲིམས་སྒོར་ཤོག་ཟེར་ན་སོང༌།? རྒྱུ་མཚན་མཐའ་དག་པོ་མགོ་མཇུག་བར་གསུམ་དང་བཅས་ཏེ་བཤད་ཡག་གྱིས། ངའི་ཕྱོགས་ལ་སེམས་མ་འཁོར། ང་མཚེར་དུ་ལུས་ན་ལུས། སྤྱང་ཁུས་ཟོས་ན་ཟོས། ཅི་བྱས་རུང་ལ་རྩེའི་ཉི་མ་ལྟ་བུ་རེད། ཚེ་ཕྱི་མའི་ཡུལ་ལ་སྐེ་སོ་བྱས་ཡོད་པ་འདི་རེད། ཤུལ་དུ་འདུག་མཁན་ཁྱོད་གཉིས་ཡིན་པས། བདེན་གང་ཐོབ་ཐོབ། རྒྱལ་ཁ་ཅི་ལོན་ལོན་ལ་ལྟོས།” 
   “ཨ་མ་ལགས། ཁྱོད་ཀྱི་ཁ་མ་བླངས་པ་ག་ལ་ཡིན། ཁ་བླངས་ཀྱང་མ་ཕན་པ་རེད།ཝ་མོ་འདུག་ཤེས་རུང་རིག་རིག་ཚང་མས་ཨེ་སོད་སོད་བལྟ་བ་མ་ཡིན་ནམ།” 
   དེར་ཨ་མས་ལན་མ་བཏབ་པས་ན་ཡང་སྨྲས་པ།
   “དེའི་སྐོར་ཞིབ་པར་བཤད་ན། རྟ་མགྲིན་རྡོ་རྗེ་ཕར་ཞོག ཁྱེད་ཀྱིས་ཀྱང་བཟོད་དཀའ། ད་ལོ་དྲུག་པའི་ལབ་རྩེ་བསྟོད་སྐབས། མི་མང་བརྒྱ་ཚོགས་སྟོང་འདུས་དེའི་ནང་ནས་ཕྱུག་པོའི་རྟ་ཤེད་དང་ཡོད་པོའི་ནོམ་ཤེད་ཀྱིས་བརྙས་བཅོས་གང་མང་བྱས་པར་མ་ཟད། དེ་རིང་རང་སྡེ་མཚོ་མོ་འཚོགས་པའི་ཁྲོམ་ཆེན་འདིའི་མདུན་ནས་ངེད་གཉིས་ཀྱིས་ཀྱང་འགག་བཟའི་ཇོ་རུ་ལྟར་རྟ་འདོ་བའི་བང་ཁ་འགྲན་ནས། རྒྱལ་ཁ་སུ་ཐོབ་ལ་རོང་ཚ་བཀྲ་ཤིས་མཚོ་དབང་བའི་རྟ་རྒྱུག་རྒྱལ་འཇོག་ཅིག་བྱེད་རྒྱུ་བྱས་ན། ཁྱོད་ལ་དེའི་སྤོབས་པ་ཨེ་ཡོད། ཡོད་ན་ཤོག་དང་ད་ལྟ་རྟིང་ཐག་གཅོད།གལ་ཏེ་མེད་ན་ཁྱོད་ཀྱི་སྙིང་སྡུག་དེ་ཞག་གསུམ་ལ་ངའི་ཉལ་རོགས་བྱེད་པར་མངག་དགོས་ཟེར་ནས་མི་མང་དེའི་ནང་ནས་ཁྱད་གསོད་ཀྱི་སྐད་ཆ་མང་བོ་གྱ་ཚོམ་དུ་སྨྲས་རབས་མང༌། དེར་རྟ་མགྲིན་རྡོ་རྗེ་ཚིག་པ་ཟོས་ཏེ། རྟའི་བཟང་ངན་ལ་ཁྱད་པར་ཅི་འདྲ་ཡོད་མི་ཤེས། བང་རྩལ་ཧ་ལམ་འདྲ་ཡང༌། དེ་ལྟ་བུའི་ལེགས་ཉེས་བསྡུར་དགོས་པའི་རྒྱུ་མཚན་ཅིའང་མ་མཆིས་བསམས་ནས། རྟའི་བང་ཁ་འགྲན་ནས་ཅི་བྱ། དེ་ནི་དོན་མེད་འཆོལ་བོ་དང་སྙིང་མེད་སྡར་མ་རྣམས་ཀྱི་ལས་ཀ་ཡིན་པས་ཡ་མཚར་བ་ཅི་ཡང་མེད། ཁྱོད་ཀྱི་རྟ་བཟང་ན་དེ་ནི་ཕྱུག་པོའི་ནོམ་སྟོབས་ལས་བྱུང་བ་ཡིན་པ་ལས་ཁྱོད་རང་ལ་མཐུ་དང་ནུས་པའམ་དཔའ་རྩལ་གཞན་དང་མི་མཐུན་པ་ཞིག་ཡོད་པ་ག་ལ་ཡིན་ཞེས་པ་ལ། ཨོ—ཁྱོད་དེ་འདྲའི་དཔའ་བོ་སྙིང་སྟོབས་ཅན་ཞིག་ཡིན་ན། ངེད་གཉིས་དཔའ་བོའི་དཔུང་ཁ་དང་རྣོན་པོའི་མཚོན་ཁ་འགྲན་ནས་སུ་དཔའ་གང་ངར་ལ་བལྟས་ནའང་ཆོག་ཟེར་ནས་རལ་གྲི་བཏོན་ནས་མཆོངས་བྱུང་བ་ཉེར་འཁོད་པ་རྣམས་ཀྱིས་བཟུང་ནས་བར་བཤོལ། དེ་ནས་ལོ་ལོན་དང་བསམ་ཤེས་ཚང་མས་ཀྱང་དེ་རིང་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱས་ནས་རྟེན་འབྲེལ་གྱི་འགོ་སྒྲིག་སྐབས་འདིར་གྱོད་སྣ་ཁ་མཆུ་ལ་གཏུགས་ན་ཁྱོད་གཉིས་ཕར་ཞོག སྲིད་སྡེ་ཡོངས་ཀྱི་བྱ་བ་ལམ་དུ་མི་འགྲོ་བའི་ཉེན་ཁ་ཡོད་ཟེར་ནས་ཁ་ཏ་སློབ་གསོ་ཡང་ཡང་བྱས་ཀྱང༌། དེ་བཟུང་ནས་མ་ཐུབ་པར་དཀའ་རབས་མང་བོ་བཤད་རྒྱུ་ཡོད།” 
   དེར་རྒན་མོས་མནའ་མ་ལ་ལས་ཕྱི་འདེད་སོགས་བྱེད་རྒྱུ་ཕར་བཞག་ནས་ “བཙན་པོར་བཙན་ཚོད་མེད་ན་མི་གསོན་པོའི་སྟེང་ནས་དུང་བརྐོ་ཟེར་བ་འདི་ལྟ་ བུ་ལ་ཟེར། ལས་བཅོལ་སའི་ལྷ་མེད། བདེན་བཤད་སའི་དཔོན་ཡང་མེད་པ་འདི་འཇིག་རྟེན་གང་གི་ལུགས་རེད”ཟེར། 
  བཀྲ་ཤིས་མཚོས་ཨ་ནེའི་བློ་ཁ་ཅུང་ཙམ་འགྱུར་བ་ཤེས་ཏེ་སྨྲས་པ།
  “ཨ་མ་ལགས། བཟོད་པ་བསྒོམས་ནས་བསྒོམ་ཚོད་མེད། ད་ལོ་བལ་འབྲེག་སྐབས། རྐང་བསོད(རྐང་ཚ་བསོད་ནམས་གྲགས་པ)ཚང་ལ་བལ་འབྲེག་རོགས་བྱེད་དུ་སོང་ཉིན་དེར་ཡང༌། ཨ—ཁྲ་ཤུལ་རྟ་རྡོར་ཞེས་པའི་དཔའ་བོ་འདི་ལ་ལྟོས་དང༌། རང་ཁ་ཙམ་ཡང་མི་སོས་པར་གཞན་ལ་གཡོག་བྱེད་པ་འདི་ཡ་མཚར། གཡོག་ཟས་གཡོག་ཆུ་ལ་བརྟེན་ནས་ཆུང་མ་གསོ་བ་འདི་དཔའ་བོའི་དཔའ་རྟགས་ཡིན་ནམ། ཟེར་ནས་ངོ་མཚང་འབྲུ་བའི་སྐད་ཆ་མང་བོ་བཤད་རབས་ཟེར། དེར་རྟ་མགྲིན་རྡོ་རྗེས་ངས་ལས་ཅི་བྱེད་ཁྱོད་ལ་སྐབས་སུ་མ་བབ། འཕྲོག་བཅོམ་གྱི་ལས་ལ་བརྟེན་ནས་རང་ཁ་གསོ་མཁན་རྣམས་ངོ་མི་ཚ་ན། ངས་གཡོག་ཟས་གཡོག་ཆུ་ལ་བརྟེན་ནས་ཆུང་མ་གསོས་པར་མི་བཟང་བ་ཅི་ཡོད། ཅེས་ཏེ་ཕན་ཚུན་གཉིས་ཀས་འབྲས་བུ་མེད་པའི་ཁ་འཐབ་མང་བོ་བྱས་སྐད། དེར་སྟག་ལུང་ཆོས་སྐྱབས་ཀྱིས་དཔའ་ཡོད་ན་ཁེར་གཏུག་བྱེད་ཆོག དེ་རིང་མི་མང་ས་འདིར་ངོ་མཚང་བྲུས་པ་དཔའ་རྟགས་ག་ལ་ཡིན།བྱ་བྱེད་མང་ན་རང་ཉིད་འཕུང་བའི་རྒྱུ་རུ་འགྱུར་སྲིད། ངེད་ཅག་ཚང་མ་ཡོད་ས་ནས་དེ་འདྲ་མ་བྱེད། ཅེས་བར་བཤོལ་ཡང༌། དེས་ཁ་ཏ་ལ་མི་ཉན་པར་མ་ཟད། ཆ་ཆོ་མེདཔའི་སྟོང་བཤད་ཀྱིས་ཅི་ཕན། བང་ཁ་འགྲན་བྱེད་ཀྱི་རྟ་ནི་སྤྲང་བ་ཕྲུག་ཁྱོད་ལ་མེད། དེས་ན་ངེད་གཉིས་གྲི་ཁ་འགྲན་ན་ཁྱོད་ལ་གྲི་ཆག་ཅིག་ཨེ་ཡོད། ང་སོད་ན་གཟུ་སྒོ་ཁྲིམས་སྒོ་ཕར་ཞོག སྐར་གང་གི་སྟོང་ཡང་མི་དགོས་པ་ངས་ཁས་ལེན་དམ་བཅའ་བྱེད། གལ་ཏེ་ངས་སོད་ན་སྟོང་གཉིས་ལོག་འཇལ་བྱེད་རྒྱུའང་ངས་ཁས་ལེན་དམ་བཅའ་བྱེད།ཟེར་ནས་རལ་གྲིའི་ཡུ་བ་ནས་བཟུང་སྟེ་རྫིག་རྫིག་བྱས་རབས་ཟེར། དེར་ཨ་མེས་བསྟན་པ་ཡར་འཕེལ་གྱིས་ཁ་ཏ་ནན་ཏུ་བྱས་པས། མཐར་འབྲས་མེད་དུ་ལུས། ད་ཅི་བཤད་ཀྱང་བཟོད་པ་བསྒོམས་ནས་བསྒོམ་ཚོད་མེད།” 
  འདིར་བཀྲ་ཤིས་མཚོའི་སེམས་ལ། ཚོགས་མཆོད་སེར་ཕྲེང་གི་ཉིན་དང་དྲུག་པའི་ཤིང་སློང་གི་སྐབས་སོགས་སུ་བརྙས་བཅོས་བྱས་ཚུལ་དང་ངོ་མཚང་བྲུས་ཚུལ་སོགས་རེ་རེ་བཞིན་བཤད་དགོས་བསམས་ཀྱང༌། མང་ཆེ་ན་ཨ་ནེའི་ནད་ལ་གནོད་པར་དོགས་ཏེ་མདོར་བསྡུས་ནས་བཤད།
“ངས་དེ་སོགས་ཐོས་ནས། མ་རབས་ཀྱི་སྲོལ་ལ་དེ་ཡིན་འདི་མིན་གྱི་གནས་ལུགས་མེད་པས་ཡང་བློ་མ་བདེ་བར། དེང་རབས་ཀྱི་དུས་འདིར། རྒྱུ་ཡོད་ན་སྟོབས་ཡོད། སྟོབས་ཆེ་ན་འཕོང་བཙན། རྒྱུ་འབྲས། དགེ་སྡིག དཀར་ནག བདེན་རྫུན་ སོགས་དེ་ཚོས་ཁ་ནས་བཤད་པ་ཙམ་དུ་མ་གཏོགས་མེད། དེ་བས་ཡག་ཐོག་བཟང་ཐོག་འདི་ནས་ས་གཞན་ཞིག་ཏུ་སོང་ན་གྱོད་སྣ་ཁ་མཆུ་མི་འབྱུང་བ་དེ་ཡིན། ཞེས་བཤད་ཀྱང་ངལ་བ་འབྲས་མེད་དུ་གྱུར་ཏེ་མ་ཕན།”
    དེར་རྒན་མོ་ཅུང་ཟད་འགྱོད་སེམས་ཀྱི་ཚུལ་གྱིས་སྨྲས་པ། 
   “འོ་ན་ངའི་རྣ་ལམ་དུ་དེ་འདྲའི་ཚིག་ཟུར་ཙམ་ཡང་མི་འཇོག་པ་ཅི་ཡིན།?? དེའི་སྐབས་ཁྱོད་ཀྱི་བསམ་ཚུལ་ལྟར་བྱས་ཡོད་ན། དོན་དག་འདི་བྱུང་མེད་ཤས་ཆེ།”
   “བཤད་རྒྱུ་མང་ན་ཁྱེད་ཀྱི་སེམས་ཁ་དཀྲུག་པར་དོགས་ནས་མ་བཤད། དོན་དག་འདི་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་ངའི་སེམས་ཀྱི་དགུ་ཡུལ་དུའང་མ་ཤར།”
    དེ་སྐད་ཟེར་བཞིན་ཡར་ལངས་ནས་འོ་ཇ་ཚ་མོ་གང་བླུགས་ནས་ཨ་ནེའི་ལག་ཏུ་བཞག་སྟེ་ཡང་སྨྲས་པ། 
   “གལ་ཏེ་ངའི་ཆེད་དུ་དོན་དག་ཅིག་བྱུང་ན། གྱོད་འདྲེ་དང་འཕུང་གཞིའི་བུད་མེད་སྣ་ནག་མའི་གྲས་སུ་འཇོག་སྲིད། དེས་ན་ཁ་མི་དྲོ། བཀྲ་ཡང་མི་ཤིས། རླུང་རྟ་རྒུད་ནས་རྟིང་སོར་ཅི་བྱས་ལམ་དུ་མི་འགྲོ་བ་ཁྱོད་ཀྱིས་མི་ཤེས་པ་ག་ལ་སྲིད། དེས་ན་ཤེས་བཞིན་དུ་ང་ཚོ་ཕྱེ་ལེབ་ལྕེབ་འདྲེ་མ་ལྟར་གྱོད་སྣ་ཁ་མཆུའི་མེ་འོབས་སུ་ཇི་མི་སྙམ་པར་ལྕེབ་དོན་ཅི་ཡོད་ཅེས་ཡང་ཡང་ཞུ་བ་བྱས་ཀྱང༌། ངས་ཕ་ཡུལ་དོར་ནས་འགྲོ་དགོས་དོན་མེད།མི་སྲོག་ལེན་པའི་གཤེད་མ་ང་མིན། གཞན་ནོར་འཕྲོག་པའི་ཆོམ་རྐུན་ཡང་ང་མིན། ནག་ཉེས་བ་སྤུ་ཙམ་ཡང་མེད་ས་ན། རང་གི་སྐྱེ་ས་སྐྱེ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཁྱི་ལྡོམ་བཞིན་དུ་མི་ཡུལ་འཁྱམ་དོན་གཏན་ནས་མེད་ཟེར་ནས། ཉན་རྒྱུ་ཕར་ཞོག རྣ་བ་ཙམ་ཡང་མི་གཡོར།” 
    དེ་རྣམས་ཐོས་པས་རྒན་མོའི་སེམས་ལའང་དཔའ་ངར་ཅུང་ཟད་སྐྱེས་ནས་སྨྲས་པ། 
   “འོ་ལེ། སྤྱིར་ན་ང་ཚོས་ཕ་ཡུལ་སྤངས་ནས་མི་ཡུལ་འགྲིམ་དགོས་དོན་མེད། ཕ་ཡུལ་ལ་ཞེ་མི་ཆགས་པ་སུ་ཡོད། ཕ་ཡུལ་གྲོག་མོའི་འགྲམ་ཡིན་རུང་སྐྱིད་ཟེར་བའི་ཁ་དཔེའང་ཡོད། འོན་ཀྱང་གཉོམ་ཆུང་གིས་བཙན་པོའི་དོ་ཡ་མི་ཡོང་བར་ཐབས་ཟད་པའི་ཉིན་མོར་ས་མཐའ་སྡེ་མཐའ་ཡིན་རུང་མི་འགྲིམ་ཀ་མེད་རེད།” 
    བཀྲ་ཤིས་མཚོས་ཨ་ནེར་དཔའ་སེམས་ཅུང་སྐྱེས་ཡོད་པ་ཤེས་ཏེ། ད་དུང་སྙིང་ཕུར་རེ་གདབ་ཐུབ་ན་མོའི་སེམས་ཀྱི་སྡུག་བསྔལ་ཇེ་ཉུང་དུ་འགྲོ། དེས་ན་ནད་ལའང་ཕན། ད་ཅི་བཤད་ཀྱང་དོན་དག་བྱུང་ཚར་བས་ཕྱི་འགྱོད་ནི་ལུས་སེམས་འཇོམས་བྱེད་ཀྱི་རྒྱུ་རུ་འགྱུར་བ་ལས་དོན་དག་ལ་མི་ཕན་སྙམ་ནས་ཡང་སྨྲས་པ། 
   “ཕོ་ལས་ངན་ལ་ཁ་མཆུ་རང་འཁོར་ཡིན་ནའང་འདྲ། མོ་ལས་ངན་ལ་མུ་གེ་རང་འགྲུབ་ཡིན་ནའང་འདྲ། དོན་དག་འདི་ང་ཚོའི་མགོར་བཙན་གྱིས་བཞག་པ་ཡིན་པ་ནི་རྒན་སྐྲ་དཀར་མན་ཆད།།གཞོན་སོ་དཀར་ཡན་ཆད་ན་མི་ཤེས་མཁན་གཅིག་ཀྱང་མེད། ཁོས་རྒྱུ་ཡོད་ན་དཔའ་ཡང་རང་ཤུགས་སུ་ལོས་ཡོད་སྙམ་པས། ཅི་བྱས་ཀྱང་གཡོལ་ཐབས་ཟད་ནས། མཐར་ཁོའི་བསམ་སྲོལ་ལྟར་གྲི་ཁ་འགྲན་ཏེ་རྟིང་ཐག་གཅོད་དགོས་བྱུང༌། དེ་ཡང་ཁོས་བཤད་པ་བཞིན་ཏེ་ཡུལ་གྱི་དཔེ་ལུགས་ལྟར་སུས་སུ་བསད་ཀྱང་ཁྲིམས་སྒོར་གྱོད་མི་རྒྱག་རྒྱུའི་འབའ་ཡིག་བྲིས། ཁྲ་ཤུལ་བསོད་བཀྲ་དང་རྟ་རྫོང་ཐར་འབུམ་གཉིས་དཔང་པོར་བཞག་ནས་གྲི་ཁ་འགྲན་པས་སྣ་འདི་ལ་གཏུགས། སྤྱིར་ན་རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བའི་ཁ་དཔེ་ཡོད་མོད། འོན་ཀྱང་ད་སྐབས་དེ་ཚང་ཚིག་ཐོག་ནས་མ་བསྡད་པར་གཉེར་ཚང་ལ་གཏུགས་པ་འདི་ལྟར་རེད། ཨ་མ་ལགས། ཁྱོད་ཀྱིས་དེ་འདྲའི་སེམས་ཁྲལ་བྱེད་མི་དགོས། ཧ་ལས་ན་སྟོང་རྒྱག་དགོས་པ་ལས་གཞན་ཅི་བྱེད།”
    དེར་རྒན་མོས”སྲོག་སྐྱིན་ལ་སྲོག་མ་ཤོར་ན། སྟོང་ནི་ལོས་རྒྱག”ཟེར། 
    དེ་མིན་ད་དུང་ཚིག་འགའ་རེ་བཤད་བྱུང་བའི་ཚུགས་ཀ་ཡོད་ཀྱང༌། འབྲོག་དགོན་ཐང་གི་རླུང་དམར་གྱིས་ཁྱེར་བས་ཅི་བཤད་སུས་ཀྱང་མ་ཐོས། མོའི་རིད་ཅིང་གཉེར་མས་གང་བའི་གདོང་དུ་མཆི་མ་ཉིལ་ལེ་བ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་རྒྱུན་དལ་གྱིས་བབས་པ་ན་སྦྲའི་རེ་ལྟའི་སྲུབས་ནས་ཐིགས་ཆུ་ཁྲ་ལམ་ལམ་འཛུམ་བྱུང་བ་དང་འདྲ། 
   རོང་ཚ་བཀྲ་ཤིས་མཚོ་སྒོར་བུད་ནས་ལག་པ་ཐོད་པར་བཞག་སྟེ་བར་སྣང་ལ་བལྟས་པས། ཉི་མ་ནི་ཐག་པས་ཐུང་བརྟོད་བྱས་པ་ལྟར་འགུལ་མེད་དུ་དམར་ཀོར་རེར་འདུག དེ་ནས་ཕ་ཡུལ་གྱི་ཕྱོགས་སུ་བལྟས་པས། བྲ་ཐང་རིང་མོའི་ཐང་དཀྱིལ་དུ་བསེར་འཚུབ་ཆེན་པོ་ཞིག་གིས་ས་རྡུལ་བར་སྣང་དུ་དྲངས་ཏེ་གནམ་ལ་ཀ་བ་བཙུགས་པ་བཞིན་ནག་ཡོར་ཡོར་ལྷོ་ཕྱོགས་སུ་འགྲོ་བཞིན་པ་དང༌། བྱིའུ་དམག་དཔུང་ཆེན་པོ་ཞིག་ནབ་སོག་སོག་ཡར་འཕུར། ནག་སོག་སོག་མར་བབས་ནས་དལ་མེད་དུ་ལས་ལ་བརྩོན་བཞིན་པའམ་ཁྱིམ་མཚེས་གཡས་གཡོན་གྱི་མཚེར་ཤུལ་ན་ཕོ་རོག་ལྟོགས་པ་ཁ་ཤས་ཀྱིས་རུས་པ་སོགས་ལྟོ་འཚོལ་ཕྱིར་གཤོག་ལྷབ་ཀྱིས་ཕར་འགྲོ་ཚུརལྡིང་བྱེད་བཞིན་པ་ལས་གཞན་སུ་དང་གང་ཡང་མ་མཐོང༌།  །
 
  • ལེ་ཚན་སྔོན་མ།:རྟ་ནག་སྒྲོག་འགྲོས། སྟོད་ཆ།
  • ལེ་ཚན་རྗེས་མ།: ཤིག་དང་དགེ་སློང་འཕྲད་པའི་བདེན་གཏམ།