སྔ་ལན་དེང་འཇལ།

        2016-04-14

གནའ་སྔ་མོ་གྲོང་ཚོ་ཞིག་ན་རྒྱལ་མཚན་དང་དབང་རྒྱལ་ཟེར་བའི་མི་གཉིས་ཁྱིམ་མཚེས་ཡིན་ཞིང་།ཉིན་ཞིག་རྒྱལ་མཚན་གྱིས་དབང་རྒྱལ་གྱི་བོང་བུ་ཤིང་འདྲེན་པར་གཡར་བ་དང་ཁོས་ངན་སེམས་ཀྱི་སྒོ་ནས་བོང་བུས་མི་ལྕོགས་པའི་ཤིང་ཞིག་བཀལ་སོང་བས་ལམ་བར་བོང་བུ་ཆད་དེ་ཤི་སོང་ཞིང་། ཁོ་དབང་རྒྱལ་རྩར་ཕྱིན་ནས་ཁྱེད་ཀྱི་བོང་བུའི་རྐང་པ་ལ་སྐྱོན་ཡོད་པས་དེ་རིང་ལམ་བདེ་པོའི་སྟེང་འདྲེད་ནས་ཤི་སོང་།ད་ནི་རང་གིས་གྱོང་གུན་རག་པ་རེད་ཅེས་བཤད།
དབང་རྒྱལ་ལ་སེམས་ཁྲལ་ཆེན་པོ་བྱུང་སྟེ།ད་བོང་བུ་ཤི་སོང་ན་ཐབས་ཤེས་གཞན་ཅི་མེད་པས་ངས་ཁྱེད་ལ་རིན་ཕྲན་བུ་ཞིག་གནང་རོགས་མི་ཞུ་ཀ་མེད་བྱུང་སོང་ཟེར་བས།དེ་མུར་རྒྱལ་མཚན་གྱིས་རིན་པ་སྤྲོད་སྲོལ་ག་ལ་ཡོད།དེ་རིང་ངས་ཉོས་པ་ཡིན་ན་རིན་པ་ལོས་སྤྲོད།དེ་མིན་རང་ལ་གྱོང་ཕོགས་པ་རེད་མ་གཏོགས་སྲོག་ཆགས་མི་ཤི་བ་ག་ལ་སྲིད།ཁ་སང་གཡར་དུས་ཤི་ན་རིན་སྤྲད་ཆོག་ཟེར་མྱོང་ངམ།གཡར་དུས་གླ་ཆ་སྒོར་གཉིས་སྤྲད་ཚར་པས་ཉིན་གཅིག་ནང་ཤི་གསོན་དབང་ཆ་ང་ལ་ཡོད་པ་རེད་ཅེས་ཟེར་ནས་ཕྱིར་ལོགདབང་རྒྱལ་གྱིས་ཁོ་ལ་ཡ་ལན་སྤྲད་དགོས་བསམ་ཡང་སྤྲོད་རྒྱུ་མ་རྙེད་པར་ལོ་མང་ཕྱིན།
ཉིན་ཞིག་དབང་རྒྱལ་གྱིས་ས་ཞིང་འདེབས་གྲབས་བྱས་ཏེ་གྲོང་ནང་རྨོ་ཕྱུགས་གཡར་བར་འགྲོ་སྐབས་ལམ་བར་རྒྱལ་མཚན་ལ་ཐུགཁོས་སྔོན་མའི་དོན་རྣམས་བརྗེད་ནས་ད་སྐབས་གླ་ཆ་མང་ཙམ་ལེན་དགོས་བསམས་ཏེབརྗོད་དོན།རྨོ་གླང་གཅིག་ངས་གཡར་ཆོག་གླ་ཆ་ག་ཚོད་སྤྲད་དགོས་ཟེར་བར་དབང་རྒྱལ་གྱིས་ཁྱེད་ཀྱིས་གཡར་རོགས་གནང་ན་གླ་ཆ་གང་དགོས་སྤྲད་ཆོག་ཟེར་དུས་རྒྱལ་མཚན་གྱིས་སྒོར་ལྔ་སྤྲད་རྒྱུ་ཨེ་ཡིན།དབང་རྒྱལ་གྱིས་སྒོར་ལྔ་ལོས་སྤྲོད་ཟེར་ནས་ཨམ་ཁྲག་ནང་ནས་སྒོར་ལྔ་བླངས་ཏེ་སྤྲད་པ་རེད།ཕྱི་ཉིན་དབང་རྒྱལ་གྱིས་ཞིང་རྨོད་བཞིན་དེ་སྔོན་རྒྱལ་མཚན་གྱི་ཟེར་ལུགས་རྣམས་དྲན་རྗེས་ཁོ་རང་གི་རྨོ་གླང་བཏང་སྟེ།རྒྱལ་མཚན་གྱི་གླང་གཅིག་པུ་དེས་ཞིང་རྨོས།འདེད་གིན་འདེད་གིན་ལྕག་ཚན་གྱིས་རྡུང་སྟབས་གླང་དབུགས་ཆད་ནས་ཤི་སོང་བ་རེད།ཕྱི་ཉིན་ཁོ་རྒྱལ་མཚན་རྩར་ཕྱིན་ནས་དེ་རིང་སྟབས་མ་ལེགས་པའི་རྐྱེན་གྱིས་ཁྱེད་ཀྱི་གླང་ཤི་སོང་།དགོངས་པ་མ་འཚོམས་ཟེར་བས་རྒྱལ་མཚན་དེ་མ་ཐག་ཁོང་ཁྲོ་ལངས་ཏེ་གཞན་ནས་གཡར་བའི་ཅ་ལག་དེར་རང་སྲོག་ལས་ཀྱང་གཅེས་དགོས།གལ་ཏེ་བོར་བརླགས་བྱུང་ཚེ་གཅིག་ལ་གསུམ་ཚབ་སྤྲོད་དགོས་ཟེར་སྲོལ་ཡོད་པ་རེད།ད་ཁྱེད་རང་སྔོན་ལ་དངུལ་དང་ཅ་ལག་གང་ཡོད་གླང་རིན་འཇལ་རྒྱུ་དང་མ་འདང་བ་བྱུང་ཚེ་རྗེས་སུ་སྤྲད་ན་འགྲིག་ཅེས་བཤད་པ་རེད།དེ་ལ་དབང་རྒྱལ་གྱིས་འདི་འདྲ་ཡིན་ན་ཁྱེད་རང་གིས་ཀྱང་ཁ་བཤད་ལག་བསྟར་བྱེད་དགོས་ཟེར་བས་རྒྱལ་མཚན་གྱིས་དེ་ལོས་བྱེད།དེ་སྔོན་བཤད་པ་ཚང་མ་བདེན་པ་ཡིན་ཟེར་དུས་དབང་རྒྱལ་གྱིས་བདེན་པ་ཡིན་ན།ལོ་ཤས་སྔོན་ལ་ངའི་བོང་བུ་ཤི་དུས་ཁྱེད་ཀྱིས་བརྗོད་པ་ཚང་མ་བདེན་པ་ཡིན་ཤས་ཆེ།བོང་བུའི་རྐང་པར་སྐྱོན་ཡོད་པས་ལམ་བདེ་མོའི་སྟེང་ཤི་སོང་ཟེར་བ་མ་ཡིན་ནམ།ཁྱེད་རང་གི་གླང་གི་ཁོག་ལའང་ལྷད་སྐྱོན་ཡོད་ཤས་ཆེ་བས་དེ་རིང་ཞིང་བདེ་མོའི་ནང་ཤི་སོང་།ངས་ཁྱེད་ལ་རིན་པ་ཕྲན་བུ་སྤྲད་རོགས་ཟེར་སྐབས་ཁྱེད་ཀྱིས་སྤྲོད་སྲོལ་ག་ལ་ཡོད།ཉོས་པ་ཡིན་ན་རིན་པ་ལོས་སྤྲོད་ཟེར་བ་མ་ཡིན་ནམ།ངས་ཀྱང་གླང་ཉོས་པ་མ་ཡིན་པས་རིན་པ་སྤྲོད་སྲོལ་ག་ལ་ཡོད།ད་དུང་ཁྱེད་ཀྱིས་ང་ལ་རང་གིས་གྱོང་རག་པ་རེད་མ་གཏོགས་སྲོག་ཆགས་མི་ཤི་བ་ག་ལ་སྲིད་ཟེར་བ་མ་ཡིན་ནམ།གླང་ཡང་སྲོག་ཆགས་མ་རེད་དམ།ཁྱེད་ཀྱིས་བོང་བུར་གླ་ཆ་སྒོར་གཉིས་སྤྲད་ཚར་ན་ཉིན་གཅིག་ནང་ཤི་གསོན་གྱི་དབང་ཆ་ཁྱོད་ལ་ཡོད་ཅེས་ཟེར་བ་མ་ཡིན་ནམ།གླང་དེ་ཡང་དེ་རིང་ཉིན་གཅིག་ནང་ཤི་བ་མ་རེད་དམ།ཁྱོད་ཀྱིས་བོང་བུ་གཡར་དུས་ཤི་ན་རིན་སྤྲད་ཆོག་ཅེས་བརྗོད་རྒྱུ་མ་བྱུང་ཟེར་བ་བཞིན་ངས་ཀྱང་གླང་གཡར་དུས་ཤི་ན་རིན་སྤྲད་ཆོག་ཅེས་བརྗོད་རྒྱུ་མ་བྱུང་།དེས་མ་ཚད་ཁྱེད་ཀྱིས་གཡར་གླ་སྤྲད་ཚར་ན་ཉིན་གཅིག་ནང་ཤི་གསོན་གྱི་དབང་ཆ་ཡོད་ཟེར་བ་བཞིན་ངས་ཁ་སང་གླ་ཆ་སྒོར་ལྔ་སྤྲད་པ་ཡིན་པས་གླང་དེ་དེ་རིང་ཉིན་གཅིག་ནང་ཤི་བས་རིན་པ་སྤྲད་རྒྱུ་ལྟར་ཞོག་གླང་ཤའང་ང་ལ་དབང་བ་རེད་ཟེར་བས་རྒྱལ་མཚན་ཅི་བྱེད་འདི་བྱེད་མེད་པར་གྱུར་རོ།།
  • ལེ་ཚན་སྔོན་མ།:ལྷམ་བཟོ་དང་ཕྱུག་པོ།
  • ལེ་ཚན་རྗེས་མ།:གསེར་ཐང་ཁུག་གང་།