སློབ་རའི་འཚོ་བ།

ལྷ་མཛེས་སྐྱིད།(རྔ་བ)        2017-09-06

“ཉལ་རྒྱུ། གཉིད་རྒྱུ། ཟ་རྒྱུ། རྙང་རྒྱུ། བརྙན་འཕྲིན་ལ་བལྟ་རྒྱུ།  ཚོགས་ཐུན་འཚོགས་རྒྱུ། ད་དུང དགའ་རོགས་བསྒྲིག་རྒྱུ།  ཧ་ཧ་་་་་་ ངའི་སློབ་ཆེན་གྱི་འཚོ་བ་ཡ། ངོ་མ་དགོད་བྲོ་བ་ཞིག་ཀྱང་རེད།”ཉིན་གུང་གི་ཆུ་ཚོད་བཅུ་གཉིས་པ་ཡོལ་འདུག་ཀྱང་གསེར་བཟང་མཚོས་ད་དུང་མལ་སའི་ནང་གན་རྐྱལ་དུ་ལོག་ནས་བརྙན་འཕྲིན་ལ་བལྟས་འདུག

“ཨེ། གསེར་བཟང་མཚོ། ཁྱོད་ཀྱིས་གུང་ཇ་བཏུང་ཡོད་དམ།” བདེ་མཚོས་གོང་ནས་ཁ་ལག་འཁྲུད་ཀྱིན་འདུག ཕོ་བ་ལྟོགས་བྱུང་བ་མིན་ན་མོ་ཡང་གསེར་བཟང་མཚོའི་མཚེ་ཡ་ཡིན་ཐག་ཆོད་ཡིན།

ངས་ནི་ད་སོ་མར་ཉོས་འོངས་བའི་མདུན་ཅོག་ཐོག་གི་ཕྱེ་ཐུག་རླངས་པ་ཁོལ་ལེ་བོ་དེ་འཐུང་མགོ་བརྩམས། 

“གང་ནས་འཐུང་རྒྱུ། ལངས་ནས་ཁ་ལག་ཀྱང་བཀྲུས་མེད།  ད་དུང་ནངས་ཇ་ཡང་འཐུང་མེད་པ་འདི། ཨ་ཨ། དུས་ཚོད་འདི་ངོ་མ་མགྱོགས་པོ་འདུག་ཨང་།” གསེར་བཟང་མཚོས་འགྲེ་ལྡོག་ཅིག་བརྒྱབ་སྟེ་ཁ་ཕར་འཁོར་ནས་ཉལ་བས་མལ་ཐུལ་གྱི་གཞོགས་གཅིག་ནས་མོའི་སྒལ་བ་ཕྱིར་མངོན་བྱུང་། སྐབས་དེར་དབྱེ་དཀའ་བའི་“སྐྱུར་དྲི་དང་རླན་དྲི་་་་་་”སོགས་དྲི་ངན་སྣ་ཚོགས་ཤིག་ངའི་སྣའི་བུ་ག་རུ་བཙན་གྱིས་འཚངས་འོངས་བས་ཕོ་བ་འགྲང་མེད་ནའང་བྲོ་བཅུད་ལྡན་པའི་བོད་ཟས་ཐུག་པ་དེ་ཅིས་ཀྱང་མགྲིན་པའི་ཡན་དུ་འགྲོ་མ་ཐུབ། ང་སོང་ནས་གློག་སྒོ་ཞིག་མནན་པ་ན་གནམ་གཅལ་དུ་དཔྱང་ཡོད་པའི་རླུང་འཁོར་དེ་“སྦིར”སྒྲ་དང་བཅས་ཡུན་གྱིས་ཡུན་གྱིས་ཇེ་མགྱོགས་སུ་འཁོར། དུས་མཚུངས་སུ་ད་ཅིའི་དྲི་ངན་དེ་དག་ཀྱང་ཕྱོགས་གང་ཞིག་ཏུ་དེད་ནས་བུད་སོང་།

“ཨ་ཤུ་ཤུ ―ཇི་འདྲ་འཁྱགས་པ་ལ།”གསེར་བཟང་མཚོས་མལ་ཐུལ་གྱི་འདབས་ཀས་རྒྱབ་འགེབས་ཀྱིན་སླར་ཡང་གན་རྐྱལ་དུ་ལོག ངས་ཀྱང་སླར་ཡང་ཐུག་པ་དེ་འཐུང་མགོ་བརྩམས།

“ཝེ། ཕག་མོ། ད་ཡར་ལངས་ན་འགྲིག་རྒྱུ་རེད། ཉལ་རྒྱུ་མང་ན་ཉིན་ཉལ་ཁོག་པ་ནད་ཀྱིས་གང་ཟེར་བ་མ་ཐོས་སམ། ཨ། ང་ཟ་མ་ཉོ་རུ་འགྲོ་རྒྱུ་ཡིན། ཁྱོད་ལ་ཅི་ཉོ་དགོས་སམ། ཕོ་བ་མི་ལྟོགས་སམ།”བདེ་མཚོས་དེ་ལྟར་དྲིས། “ད་ལོབས་འདུག རྒྱུན་དུ་སྔ་དྲོ་ཚོགས་ཐུན་མེད་སྐབས་འདི་འདྲ་མ་ཡིན་ནམ། ངོ་མ་ཕག་གི་སྐྱེ་བ་ལེན་རྒྱུ་རེད། ཨེ། ཁྱོད་རང་ཉིད་ཀྱང་ང་དང་འདྲ་འདྲ་ཡིན་མ་ཡིན་ནམ། ཁྱོད་འདི། ཧ་ཧ་་་་་་”གསེར་བཟང་མཚོས་སྔས་འགོའི་འོག་བསློགས་བསློགས་ནས་སྒོར་ཉི་ཤུ་བླངས་ཏེ་བདེ་མཚོར་སྤྲད།

“ཅི་ཞིག་དགོས་སམ།”

“ཨིན།  ཁྱོད་ཀྱིས་ཅི་ཞིག་ཉོས་ན་ང་ལའང་དེ་ཉོ་ཆོག”

“ཡ་ཡ།”

དེ་རིང་གི་གནམ་གཤིས་འདི་ངོ་མ་རྒྱུན་ལྡན་ཞིག་མ་རེད།  “འགྱུར་ལྡོག་ཆེ་བས་དཔྱིད་ཀའི་གནམ་གཤིས་དང་འདྲ”ཞེས་པ་དེ་འཕྱུགས་ག་ལ་སྲིད། ཁ་སང་ཉི་མ་དྲོ་ནས་བསྲེག་ལ་ཁད་ཅིག་བྱས་པས་ནམ་རྒྱུན་སློབ་གྲྭའི་ལུས་རྩལ་ཐང་ན་ཤིག་རྙིད་ལྟར་འཁྱམ་པའི་སློབ་མ་དག་ཀྱང་བ་གླང་དག་ཙད་པར་གཡོལ་བ་བཞིན་གྲིབ་བསིལ་རེ་ཉུལ་ནས་བསྡད་འདུག མདང་དགོང་ནམ་མཁའ་ན་སྤྲིན་བྱིའུ་མགོ་ཙམ་ཡང་མཐོང་རྒྱུ་མེད་པས། ས་འདི་ནས་རྒྱུན་དུ་མཐོང་དཀའ་བའི་ཟླ་འོད་དང་སྐར་ཚོགས་ལམ་ལམ་འཚེར་བ་མཐོང་ཐུབ། དེ་རིང་ནམ་མཁའ་སྤྲིན་རིམ་སྟུག་པོས་གཡོགས་ཤིང་རི་མགོ་ཚང་མ་སྨིག་པས་བཟུང་འདུག་ལ། ཞོགས་པ་ནས་བཟུང་བབས་པའི་ཆར་བ་ཟམ་ཟིམ་དེའི་ཁར་རུས་རྐང་ན་ཟུག་འོང་བའི་རླུང་འཁྱགས་པོ་ཞིག་ཀྱང་ལྡང་གིན་འདུག་པས་ཕྱི་རུ་འགྲོ་འདོད་པ་ཞིག་གཏན་ནས་མ་རེད། 

མདང་དགོང་ངས་ཟླ་བ་དང་སྐར་ཚོགས་ལ་བལྟས་བལྟས་ནས་གཉིད་དུ་ཡུར།

་་་་་་སློབ་མ་མང་པོ་འཚོགས་པའི་གོང་ནས་མིང་ལ་རིག་གྲོལ་ཟེར་བའི་དགེ་རྒན་ཞིག་གིས་གཟབ་ནན་གྱི་སྒོ་ནས་«བོད་ཀྱི་རིག་གནས་སྤྱི་བཤད»ཅེས་པའི་དཔེ་ཆ་ཞིག་སློབ་ཁྲིད་གནང་གིན་འདུག  དགེ་རྒན་དང་སློབ་མ་ཚང་མའི་ངོ་གདོང་མག་མོག་ཅིག་ལས་གསལ་བོ་མི་མཐོང་། ཡིན་ནའང་ཤག་གྲོགས་གསེར་བཟང་མཚོའི་ངོ་གདོང་ཧ་ཅང་གསལ་བོ་མཐོང་ཐུབ། མོས་ཕར་ཆེར་རྣམ་རིག་བསྒྲིམས་མེད་པ་འདྲ། དགེ་རྒན་གྱིས་མཚམས་མཚམས་སུ་དྲི་བ་རེ་འདོན་སྐབས་སློབ་མ་ཚང་མས་འུར་ལྡིར་བྱས་ནས་ལན་འདེབས་པ་དང་། དེའི་ནང་ན་ལན་ཡང་དག་པ་གང་དང་གང་ཡོད་པ་མི་ཤེས་མོད། ཐེངས་ཤིག་དགེ་རྒན་གྱིས་“ཁྱོད་ཚོའི་གྲས་སུ་རྩོམ་རིག་ལ་སྤྲོ་བ་ཡོད་མཁན་སུ་ཡོད་”ཅེས་འདྲི་སྐབས། གསེར་བཟང་མཚོས་“ང་སྙན་ངག་ལ་དགའ་བོ་ཡོད།”ཅེས་པ་དེ་གསལ་བོ་ཐོས། སྐབས་དེར་ངའི་དད་པའི་སྤུ་ལོང་དབང་མེད་དུ་གསེར་བཟང་མཚོའི་ཕྱོགས་སུ་གཡོས་པ་དང་། ཅིས་ཀྱང་ཁོ་མོ་གྲོགས་སུ་སྦྲན་ནས་དགའ་ཕྱོགས་གཅིག་པ་དེ་ལག་ལེན་དུ་འདེབས་དགོས་སྙམ་ཞིང་དགའ་བས་བཏེགས་པའི་ལག་ཡས་ཕར་བསྲིངས་ནས་མོའི་སྐེར་འཁྱུད་ཙམ་བྱེད་སྐབས། སྔས་འགྲམ་གྱི་ཆུ་ཚོད་འཁོར་ལོ་ཐང་དུ་གཡུག་སྟེ་“ཆོག”སྒྲ་དེས་ང་རང་གློ་བུར་གཉིད་ལས་དཀྲོགས།

ད་སོ་མའི་རྨི་ལམ་དེ་ལ་ཞིབ་འདང་ཞིག་བརྒྱབ་པ་ན།  སྔོན་ཆད་དགེ་རྒན་གྱིས་སྤུར་རྒྱལ་བཙན་པོའི་སྐོར་གྱི་ལོ་རྒྱུས་ཁྲིད་སྐབས་གསེར་བཟང་མཚོས་“གཉའ་ཁྲི་བཙན་པོ་ཟེར་བ་སུ་རེད་”ཅེས་པ་དང་། ཡང་ཐེངས་ཤིག་ངས་མོ་ལ་“ཁྱོད་ཀྱིས་སྙན་ངག་འབྲི་བཞིན་ཡོད་དམ་”ཞེས་དྲིས་པར་“སྙན་ངག་ཅེས་པ་ཅི་ཞིག་རེད”ཅེས་པ་གཉིས་དང་། མོས་དེ་ལྟར་“གཉའ་ཁྲི་བཙན་པོ་ཟེར་བ་སུ་རེད”ཅེས་འདྲི་སྐབས་སློབ་གྲོགས་ཚང་མས་དགེ་རྒན་གྱིས་མོ་ལ་དྲིས་ལན་ཅི་ཞིག་སྟེར་བར་རྣ་བ་ཀྲོག་ཀྲོག་དང་མིག་ཟུང་ཅེར་ཅེར་བྱས་ནས་བསྡད་པའི་རྣམ་པ་དག་དྲན་པས། ངས་ཆུ་ཚོད་འཁོར་ལོ་ལེན་ཞོར་དུ་དྲ་མའི་ཁར་སོང་ནས་སླར་ཡང་ཟླ་བ་དང་སྐར་ཚོགས་ལ་བལྟས་ནས་རེ་ཞིག་ལུས།

ཁྲ་ཆེམ་ཆེམ་གྱི་སྐར་ཚོགས་དབུས་ན་ཟླ་བ་ནི་སྒོར་ཞིང་གསལ། ངའི་སེམས་ནས་ཟླ་བ་ནི་རྨི་ལམ་ཁྲོད་ཀྱི་དགེ་རྒན་རིག་གྲོལ་གྱི་དཔེ་རུ་བཀོད་ཅིང་། སྐར་ཚོགས་ནི་སློབ་ཚོགས་ཀྱི་དཔེ་རུ་བཀོད། སྐར་ཚོགས་ཀྱི་ངོས་ནས་ཤུགས་དྲགས་པའི་འོད་ཟེར་ལམ་ལམ་འཕྲོ་བས། ངའི་འཚོ་བ་དངོས་ཀྱི་སློབ་གྲོགས་ཚང་མ་ཡང་ཤེས་ཡོན་གྱིས་ཕྱུག་ཅིང་སྦྱང་བརྩོན་གྱི་འདུན་པ་ཤུགས་དྲགས་ལྡན་པ་ཏག་ཏག་ཡིན་ན་ཅི་མ་རུང་སྙམ།

ཉེ་སྔོན་རྒྱུགས་མ་འཕྲོད་པར་མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་བརྗེད་པའི་མཐར་ཕྱིན་སློབ་མ་མང་པོ་ཞིག་གིས་ངོ་ལ་སྡུག་འདོམ་པ་གང་རེ་དྲུད་ནས་བདག་པོས་ལྟོ་སྟེར་བར་སྒུག་པའི་སྒོ་ཁྱི་བཞིན་སློབ་གྲྭའི་སྡེ་ཁག་སོ་སོའི་གཞུང་ལས་ཁང་གི་སྒོ་ཁར་བསྡད་ཡོད་པའི་ངང་ཚུལ་དག་རྒྱུན་དུ་ཡིད་ལ་འཁོར་མོད།  ང་རང་སེམས་ཁུར་ཆེ་བ་ནི་དེ་མ་ཡིན་པར་“གཉའ་ཁྲི་བཙན་པོ་ཟེར་བ་སུ་རེད”ཅེས་པ་དང་“སྙན་ངག་ཅེས་པ་ཅི་ཞིག་རེད”ཅེས་པའི་གསེར་བཟང་མཚོའི་ལྷད་མ་འདྲེས་པའི་དྲི་བ་དེ་གཉིས་རེད།

ཐེངས་སྔོན་མའི་སློབ་མཇུག་ཡིག་རྒྱུགས་གཏོང་སྐབས་གསེར་བཟང་མཚོ་ནི་འཛིན་གྲྭ་ཡོངས་ལས་ཨང་དང་པོ་ཡིན་པ་དང་དགེ་རྒན་དང་སློབ་གྲོགས་ཚང་མས་མོ་ལ་བསྟོད་བསྔགས་ཡང་ཡང་བྱས། ད་དུང་སློབ་གྲྭས་ཀྱང་མོ་ལ་གཟེངས་བསྟོད་བྱ་དགར་སྒོར་མོ་མི་ཉུང་བ་ཞིག་སྟེར་སོང་། སློབ་གྲོགས་ལ་ལས་མོ་ལ་ཡིད་སྨོན་བྱེད་ཅིང་ལ་ལས་ཕྲག་དོག་གི་ཚིག་ཟུར་འཕེན།  ད་དུང་ལ་ལས་“སྐབས་དེར་རྒྱུགས་རྟོག་དགེ་རྒན་ངའི་གམ་དུ་བསྡད་མེད་ཚེ་ངས་ཀྱང་ད་ཐེངས་གཟེངས་བསྟོད་བྱ་དགའ་ཞིག་བླངས་ཡོད་པ་ཁོ་ཐག་ཡིན་་་་་་”ཟེར།

ཐེངས་དེ་ནི་ང་རང་སློབ་ཆེན་དུ་ཞུགས་ནས་ཡིག་རྒྱུགས་གཏོང་ཐེངས་དང་བོ་ཡིན། ཏག་ཏག་སྐབས་དེར་རྒྱུགས་ར་གང་གི་ནང་དུ་སོང་ན་ཡང་མདུན་ཅོག་ཚང་མའི་ངོས་སུ་རྒྱུགས་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་དག་བཤུས་འདུག་པས་མདུན་ཅོག་མདོག་དཀར་སྐྱ་ཅན་དེ་དག་ནག་པོར་བསྒྱུར་འདུག ད་དུང་གྱང་ངོས་སུའང་བྲིས་ནས་ནག་ལོབ་ལོབ་བྱེད། ནམ་རྒྱུན་ཡིན་ན་དགེ་རྒན་ཚང་མས་སློབ་ཁང་སོགས་ཁོར་ཡུག་“གཙང་སྦྲ་བྱོས་”དང་“བདག་བྱོས་”ཞེས་རྣར་གཟན་རག་བར་དུ་ཟེར་སྲིད་མོད། ཐེངས་དེར་དགེ་རྒན་ཚང་མར་དེའི་སྐོར་ལ་གྲགས་འགུལ་ཅི་ཡང་མེད་ཅིང་སློབ་མ་ཚོ་ནི་དེ་བས་ཀྱང་བག་ལྷོད་པོར་གནས།

གོ་ཐོས་ལྟར་ན་སློབ་ཆེན་སློབ་མས་ཡིག་རྒྱུགས་གཏོང་སྟངས་དེ་འདྲ་ཡིན་ངེས་ཟེར་ལ། བཤུ་མ་ཐུབ་པ་དང་མི་བཤུ་བ་ནི་གླེན་རྟགས་སུ་བགྲང་ངེས་ཟེར། གང་ལྟར་སློབ་ཆེན་སློབ་མ་ཚང་མ་དེ་ལྟ་བུ་ཡིན་པར་ཁ་ཚོན་གཅོད་མི་སྤོབས་མོད། ཐེངས་དེའི་རྒྱུགས་རའི་རྣམ་པ་དང་སློབ་མ་ཚོའི་རྣམ་འགྱུར་དང་སྤྱོད་སྟངས་ལས་གོང་གི་བརྗོད་གཞི་དེ་ཕལ་ཆེ་བ་ཡང་དག་ཡིན་པ་རིགས་པས་བསྒྲུབ་ཆོག་ཆོག་རེད།

དྲང་མོར་བཤད་ན་ཐེངས་དེར་ངས་ནི་གཡོ་སྒྱུའི་ལས་གང་ཡང་བརྩམས་མེད། དེའི་དཔང་རྟགས་སུ་ངའི་རྒྱུགས་འབྲས་ནི་འཛིན་གྲྭ་ལས་གཞུག་ནས་ཡར་བརྩིས་པའི་ཨང་རིམ་དང་པོ་རེད། རྒྱ་ཡིག་དགེ་རྒན་གྱིས་ང་ལ་“ཁྱོད་ཀྱིས་ཁ་སྐོང་དེ་དག་སྟོང་བར་བསྐྱུར་ནས་ཅི་བྱུང་སོང་”ཟེར། ངས་“འབྲི་མ་ཤེས་པ་རེད་”ཅེས་པར་དགེ་རྒན་གྱིས་“ལན་ཡང་དག་པ་མིན་ཡང་ཁ་བསྐང་སོང་ན་སྐར་མ་སྟེར་ནི་རེད་”ཟེར། ངས་སེམས་ནས་“ང་ལ་དགོས་པ་ལན་ཡང་དག་པ་ཡིན་”སྙམ་པ་ལས་འགྱོད་པ་གང་ཡང་སྐྱེས་མ་སོང་། སློབ་གྲོགས་ལ་ལས་ང་ལ་མཐོང་ཆུང་གི་ཟུར་མིག་འཕེན་ཞིང་། གཟེངས་བསྟོད་བྱ་དགའ་ཐོབ་མཁན་གྱི་གསེར་བཟང་མཚོའི་མགོ་འཕང་སྔར་ལས་ལྡབ་ཀྱིས་མཐོ། 

དེང་ཐོག་འདི་རུ་ཡོང་མ་ཐག་ངས་རང་དང་དགའ་ཕྱོགས་གཅིག་མཁན་རེ་དང་། མི་རིགས་རང་གི་རིག་གནས་ལ་དུངས་མཁན་རེ་ཨེ་ཡོད་ལ་རེ་ནས་སློབ་གྲོགས་མི་ཉུང་བ་ཞིག་ལ་ཁྱོད་ཀྱི་ཕུགས་བསམ་ཅི་དང་གང་ཞེས་འདྲི་སྐབས། ཚང་མའི་དྲིས་ལན་ཕལ་ཆེར་གཅིག་འདྲ་ཡིན་ཏེ། “ཕུགས་བསམ་ཟེར་ནས་ཆེན་པོ་མེད། གང་ལྟར་རྒྱལ་ཁབ་ཀྱི་ཕོགས་ཐོབ་སོང་ན་དེ་ལས་གཞན་བསམ་རྒྱུ་ཅི་ཡང་མེད།”ཅེས་པ་དེ་རེད། དེ་ལས་མི་འདྲ་ས་ཞིག་ཡོད་པ་ནི་གསེར་བཟང་མཚོས་དེའི་ཁ་གསབ་ཏུ་“རྒྱལ་ཁབ་ཀྱི་ཕོགས་ཐོབ་རྗེས་གྲོང་ཁྱེར་དུ་ཁང་བ་གྲ་དག་ཅིག་ཉོས་ནས་སྐྱིད་རྒྱག་དགོས”ཞེས་པ་དེ་རེད། 

ང་ནམ་ཡང་རྒྱུགས་འབྲས་ཀྱི་ཆེད་དུ་ཁོ་ཚོའི་མཐོང་ཆུང་དང་འཕྱ་དགོད་ལ་སྐྲག་མ་མྱོང་ལ། ཁོ་ཚོར་ཡིད་སྨོན་ཡང་ཤོར་མ་མྱོང་། ང་སྐྲག་ས་ཞིག་ཡོད་པ་ནི་ཁོར་ཡུག་འདི་ལྟ་བུའི་འོག་ཏུ་ང་རང་གི་ཕུགས་བསམ་བོར་འགྲོ་བའམ་གནས་སྐབས་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་རང་ཚུགས་ཤོར་འགྲོ་བ་དེ་ཡིན།

“རྒྱུན་དུ་བོད་ཡིག་གཞུང་ལས་ཁང་དང་དཔེ་མཛོད་ཁང་གཉིས་སུ་རེས་མོས་ཀྱིས་འདུར་བཞིན་པའི་སློབ་མ་བུ་མོ་དེར་ང་རང་རྒྱུན་དུ་ཡིད་སྨོན་ཤོར། མོའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར་ཞིང་།

ངེད་གཉིས་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ནས་ཕན་ཚུན་ངོ་ཤེས་པ་ཡིན། སྐབས་དེར་ངེད་གཉིས་འདུག་སྟེགས་གཅིག་ཏུ་འཁེལ་བས་ཁ་བརྡ་ཅུང་ཙམ་བྱས། མོས་བཤད་རྒྱུར་སྤྱིར་ཡིན་ན་མོ་རང་བོད་ཀྱི་སློབ་ཆེན་ཞིག་ནས་བོད་ཀྱི་རྩོམ་རིག་གམ་ཡང་ན་བོད་སྐད་ཡིག་ཆེད་སྦྱོང་བྱེད་འདོད་མོད། རྒྱུགས་སྐར་གྱིས་མ་འདང་བས་ཐབས་མེད་སོང་། ངོ་མ་ང་ཚོའི་ལས་དབང་ངམ་མདུན་ལམ་རྒྱུགས་སྐར་ཁོ་ནས་ཐག་གཅོད་བྱེད་ཀྱིན་ཡོད་པས་ཅི་འདྲའི་ཕངས་བ་ལ་ཨང་། ཡིན་ཡང་འདི་རུ་བོད་རིགས་དགེ་རྒན་ལྷག་བསམ་ཅན་ཏག་ཏག་ཡོད་པ་དང་། བོད་རིགས་སློབ་མའི་མཐུན་ཚོགས་རེ་གཉིས་ཀྱིས་ནུས་པ་སྐྱེད་སྲིང་གི་ཁོར་ཡུག་ཅུང་འཚམ་པོ་བསྐྲུན་འདུག་ཟེར་བ་དང་། ད་དུང་མོས་ང་ལ་‘འུ་གཉིས་ཀའི་དགའ་ཕྱོགས་གཅིག་ཡིན་པ་དེར་ང་རང་དངོས་གནས་དགའ་བོ་བྱུང་། གཞུག་ཕྱོགས་འདིའི་སྐོར་ནས་རོགས་ཅི་ཞིག་མཁོ་ན་ཕན་ཚུན་ལ་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱེད་’ཅེས་པ་དེས་ང་ལ་རང་གི་མ་འོངས་པར་ཡིད་ཆེས་དང་སྤོབས་པ་ཞིག་བསྩལ་བྱུང་།  

“ཉིན་ཞིག་མོས་ང་ལ་‘ངས་སྒྲུང་གཏམ་ཞིག་བྲིས་ཡོད།   ཁྱོད་ལ་ཁོམ་པ་ཡོད་དུས་གཅིག་ལྟོས་’ཟེར་མོད། བྱ་བ་ག་གེ་མོའི་དབང་གིས་མོའི་གམ་དུ་འགྲོ་མ་ཐུབ། དེ་བས་ད་ཐེངས་ངེས་པར་དུ་འགྲོ་དགོས་སྙམ་ནས་ཡོད་སྐབས། ‘ཐག་ཐག་ཐག’ཅེས་གློ་བུར་དུ་སུ་ཞིག་གིས་སྒོ་བརྡ་བརྒྱབ་བྱུང་། ངས་དེ་ནི་ཤག་གྲོགས་ཤིག་ཡིན་རྒྱུ་རེད་འདོད་མོད། ཐག་སྒྲ་དེའི་ཞོར་ན་‘ཨེ་་་་་་སྒོ་ཕྱེས་དང་།

ཝེ་་་་་་ང་ཡིན་’སོགས་སྔོན་གྱི་‘ཨེ’དང་‘ཝེ’སོགས་སྐད་རིགས་གཞན་པར་ལད་མོ་བྱེད་འདྲ་དེ་རིགས་མེད་པས་ཁོ་མོ་ཚོ་མིན་པ་འདྲ་སྙམ་ཞོར་སོང་ནས་སྒོ་ཕྱེས་པ་ན་མ་གཞི་དེ་ནི་རྡོ་རྗེ་སྒྲོལ་མ་ཡིན་འདུག མོས་ང་མཐོང་བ་ན། ‘ཨོ། ལྷ་མོ། ཁྱོད་ཐོན་ཡོད་དམ། ད་ནངས་དཔེ་མཛོད་ཁང་ནས་ཁྱོད་མཐོང་མོད། ཁྱོད་ཀྱི་སློབ་སྦྱོང་ལ་འགོར་འགྱང་བཟོ་བར་དོགས་ནས་ཅི་ཡང་མ་བཤད་པ་ཡིན་’ཟེར་ནས་ནང་དུ་འོང་ཞོར་‘ཁྱོད་ཀྱི་ཤག་གྲོགས་ཚོ་མེད་དམ་’ཟེར། ‘ཨོ། ང་འདི་ན་ཡོད། ད་རུང་གཅིག་ཟ་མ་ཉོ་རུ་བུད་སོང་། གཞན་པ་གསུམ་ང་སད་དུས་ནས་མཐོང་རྒྱུ་མི་འདུག  ཉིན་འགའི་སྔོན་དུ་ཁོ་མོ་ཚོས་གཟའ་མཇུག་ཏུ་ལས་རྒྱུ་ཅི་ཡང་མེད་པས་ཁྲིན་ཏུའུ་ལ་འཁྱམ་དུ་འགྲོ་དགོས་ཟེར་གྱིན་ཡོད་ཐལ། དེར་བུད་སོང་བ་ཡིན་རྒྱུ་རེད།’ གསེར་བཟང་མཚོས་མལ་ཁྲི་ལས་སྐེ་རིང་དུ་བསྣར་ནས་དེ་ལྟར་སྨྲས། ངས་རྡོ་རྗེ་སྒྲོལ་མའི་སྐད་ཆ་དག་ལ་ལན་རེ་རེ་བཞིན་རྒྱག་འདོད་ནས་མགྲིན་པར་ཟ་འཕྲུག་ལངས་ཀྱང་ཅི་ཡིན་ཆ་མི་འཚལ་བའི་ཚོར་བ་ལྕི་མོ་ཞིག་གིས་ངའི་སྨྲ་སྒོ་ཕྱེ་རུ་མ་འཅུག

“རྡོ་རྗེ་སྒྲོལ་མས་‘ངས་སྒྲུང་གཏམ་ཞིག་བྲིས་ཡོད་ཟེར་བ་འདི་ཡིན་’ཞེས་འབྲི་དེབ་ཅིག་ངའི་ལག་ཏུ་གཏད་བྱུང་། ངས་ཁ་ཕྱེས་ཏེ་བལྟས་པ་ན་«སློབ་རའི་འཚོ་བ»ཞེས་པའི་ཁ་བྱང་དེས་ང་རང་ཧང་སངས་བར་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་ངས་འབྲི་བཞིན་པའི་སྒྲུང་གཏམ་གྱི་ཁ་བྱང་དང་གཅིག་པ་གཅིག་རྐྱང་རེད། ངས་‘ངེད་གཉིས་ཀྱི་ཁ་བྱང་གཅིག་པ་རེད་’ཅེས་སྨྲ་འདོད་ནས་མགོ་དགྱེས་ཏེ་མོའི་ཕྱོགས་སུ་ལྟ་སྐབས། རྡོ་རྗེ་སྒྲོལ་མ་གློ་བུར་མཐོང་ལམ་ནས་ཡལ་སོང་།”

མ་གཞི་རྡོ་རྗེ་སྒྲོལ་མ་ཟེར་བ་དེ་ངའི་རྨི་ལམ་ཡུལ་གྱི་གྲོགས་ཙམ་ཡིན་འདུག 

ངས་སྨྱུ་གུ་དེ་ད་དུང་ལག་ཏུ་དམ་པོར་བསྡམས་ཤིང་«སློབ་རའི་འཚོ་བའི་»མཇུག་མཐུད་མཚམས་དེར་འབུ་ནུར་ཤུལ་འདྲ་བ་ཞིག་བཟོས་འདུག

རེད་དེ། ངའི་རེ་བའི་སྐར་ཚོགས་དག་རྒྱུན་དུ་རྨི་ལམ་གྱི་མཚན་མོའི་མཁའ་དབྱིངས་སུ་འཕྲོས་ཡོད་པས། སྤྲིན་ནག་གིས་བསྒྲིབས་ཙམ་དང་སྐྱ་རེངས་གསལ་བ་ཙམ་ནས་ཡོད་ཚད་གར་སོང་ཆ་མེད་དུ་བུད་འགྲོ དེ་བས་ཕངས་སེམས་དེས་རྒྱུན་དུ་ང་ལ་རང་སེམས་གསོ་སྤྱད་ཀྱི་སྒྲུང་གཏམ་དང་སྙན་ངག་རེ་འབྲི་བའི་ཚོར་བ་སྟེར།།


  • ལེ་ཚན་སྔོན་མ།:དཔོན་ཕྲུག་ཉི་མ་རང་ཤར།
  • ལེ་ཚན་རྗེས་མ།:བློ་བཟང་གི་སང་ཉིན།