སྒྲོལ་མའི་ཐང་ཀ

ལྷ་དབང་རྡོ་རྗེ།        2017-08-16

སྒྲོལ་མའི་ཐང་ཀ

1

མུན་རུབ་སོང་།  

མུན་ཡོངས་སུ་རུབ་པ་ན། ཚེས་བཅོ་ལྔའི་དུང་ཟླ་ནི་འོད་ཟེར་སྟོང་གིས་ཕྱུག་ཀྱང་། སྐྱབས་ལོ་ཚང་གི་སྦྲ་ནག་དེ་ཟླ་འོད་ཀློང་ན་ནག་རོག་གེར་ཁེར་རྐྱང་དུ་ལུས་འདུག

སྐྱབས་ལོ་ནི་མར་སྒྱིད་དུ་ས་ལ་བསྡད་འདུག་པ་དང་། ཟླ་འོད་མག་མོག་ཅིག་སྦྲ་ནག་གི་ཁ་ཚུབ་བརྒྱུད་ནས་ཁོ་རང་གི་གནག་ཅིང་གཉེར་མས་ཁེབས་པའི་གདོང་ལ་འཕྲོས་འདུག ཟླ་འོད་འོག་ཏུ། སྐྱབས་ལོ་ཡར་སྒྱིད་ཀྱི་མཆོད་སྟེགས་ལ་ཅེར་ནས་ཅི་ཞིག་ལ་མནོ་བསམ་གཏོང་གིན་གདའ།

སྐྱབས་ལོ་ཚང་གི་མཆོད་མདུན་དུ་སྒྲོལ་མའི་ཐང་ཀ་ཞིག་ཡོད་ལ། ཐང་ཀའི་མདུན་དུ་མཆོད་མེ་རྐོང་བུ་ཞིག་བསྒྲོན་འདུག སྒྲོལ་མའི་ཐང་ཀ་དེ་ནི་ཁོ་ལ་མཚོན་ན་ཡ་ཆུང་གི་སྙིང་དང་ཡ་ཐོད་ཀྱི་མིག་དང་གཉིས་སུ་མེད།

སྐབས་ཤིག་ལ།  སྐྱབས་ལོས་སྒྲོལ་མའི་ཐང་ཀར་ཕྱག་གསུམ་བཙལ་རྗེས། གོམས་སྲོལ་ལྟར་དྲེག་པ་ཅན་གྱི་སླ་ང་དེ་ལས་དཀར་ཡོལ་འབྲུག་མའི་ནང་ལ་འོ་ཇ་ཐོམ་བུ་གང་བླུགས་པ་དང་། དེ་ནས་ཕྱི་རོལ་དུ་ལྟ་ཙམ་བྱེད་ཞོར་ཇ་ཧུབ་གང་བཏུང་།    སྐབས་དེར། དགུན་རླུང་གྲང་མོ་ཞིག་ལྷོ་ཕྱོགས་ཀྱི་རྫ་རྒན་གཏེར་ལུང་བརྒྱུད་ནས་སྐྱབས་ལོའི་སྦྲ་ནག་གི་འདབས་ཀར་དཔུང་འཇུག་བྱས་པས།  སྐྱབས་ལོས་རང་དབང་མེད་པར་ཁོག་འདར་ཞིག་བརྒྱབ་པར་མ་ཟད། དཀར་ཡོལ་འབྲུག་མ་དེའང་ཅི་བསམ་འདི་བསམ་མེད་པར་ས་ལ་འཇོག་དགོས་བྱུང་ལ།  ཁོས་ཁ་མེར་མེར་བྱེད་པའི་ངང་ཚུལ་ལ་གཞིགས་ན“དགུན་ཁ་འདི་ཇི་འདྲའི་འཁྱག་པ་ལ་ཨང”སྙམ་བཞིན་ཡོད་པ་དང་། མིག་ཀེམ་ཀེམ་གཡོ་བར་བརྟགས་ན“ད་ནི་ཅི་བྱའམ”འདོད་ནས་གང་ཞིག་ལ་སྐྱབས་བཅོལ་གྲབས་ཡོད་པ་དང་ཡང་མཚུངས།

རླུང་ཅུང་ཟད་འཇགས་པ་དང་བསྟུན་ནས། སྐྱབས་ལོས་སླར་ཡང་དྲོད་ཀྱིས་སྤངས་པའི་ཇ་དེ་ཧུབ་གང་འཐུང་བ་ན། ཞང་ཀྲང་བཀྲ་ལོས་བརྗོད་པའི་སྐད་ཆ་དེ་དག་སླར་ཡང་ཡིད་ལ་འཁོར་བྱུང་།

དོན་དག་དེ་ནི་དེ་རིང་ཞོགས་པར་བྱུང་བ་ཡིན་ལ། དེ་དུས་ཉི་ཟེར་ད་དུང་ས་ལ་འཕྲོས་མེད། སྐྱབས་ལོས་ཞོགས་པའི་ཁ་ཏོན་ཟློ་བཞིན་པའི་སྐབས་སུ།  རིག་ལྡན་ཞང་གི་ཞང་ཀྲང་བཀྲ་ལོ་དང་མིག་ཤེལ་ཅན་གཉིས་ཀས་འཇེམ་འཁོར་བསྐོར་ནས་སྐྱབས་ལོ་ཚང་གི་སྦྲ་ནག་གི་སྒོ་རྩར་བསླེབས་མོད། སྐྱབས་ལོ་སྒོ་ཁར་སླེབ་རྒྱུ་མ་བྱུང་བས།  ཤེལ་མིག་ཅན་གྱིས་རླངས་འཁོར་དུང་བརྡ་སིང་སིང་དུ་བཏང་བ་ན།  བསམ་གཞིག་གི་ཀློང་ན་གནས་པའི་སྐྱབས་ལོ་སྐྲག་སྟེ་ལྷབས་སེར་སོང་བ་དང་བསྟུན་ནས་ལག་གི་ཕྲེང་བ་ཡང་ས་རུ་ལྷུང་སོང་། སྐབས་དེར། སྐྱབས་ལོ་ཚིག་པ་ཟོས་ཏེ་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་པས། ཁ་མེར་མེར་བྱེད་བཞིན་སྦྲ་སྒོར་བུད་བྱུང་ལ། ཁོའི་དུང་མདོག་གི་སྨྲ་ར་རིང་པོ་དེ་ལྷབ་ལྷུབ་དུ་འདར་བར་གཞིགས་ན། ཁོང་ཁྲོ་ཡ་མེད་ཅིག་ལངས་ཡོད་པ་རྟོགས་ཐུབ། ཞང་ཀྲང་གིས་སྐྱབས་ལོའི་ཚུལ་དེ་མཐོང་རྗེས། མིག་ཤེལ་ཅན་དེར “ཁྱོད་རླངས་འཁོར་དུ་སྡོད”ཞེས་བཤད་དེ། འཛུམ་དམུལ་དམུལ་གྱིས་སྐྱབས་ལོར་ལྟ་བཞིན་རླངས་འཁོར་ལས་བབས།

“ཨ་ཁུ་སྐྱབས་ལོ། ཁྱོད་རང་བདེ་མོ་ཡིན་ནམ།”

“བདེ་མོ་ཡིན།  ཁྱོད་རང་སུ་ཡིན།  ངའི་མིག་གིས་ཅི་ཡང་མི་མཐོང་།”

“ང་ཞང་ཀྲང་བཀྲ་ལོ་ཡིན།”

“འོ།  དཔོན་པོ་ཕེབས་བྱུང་ངམ།”

བཀྲ་ལོ་གུས་གུས་ཞུམ་ཞུམ་གྱིས་སྐྱབས་ལོའི་མདུན་སར་བསླེབས་པ་ན། སྐྱབས་ལོས་ཞང་ཀྲང་བཀྲ་ལོ་ནི་ཉེ་སྔོན་གྱི་སྒོར་མོ་ཁྲི་གཉིས་ལེན་དུ་ཡོང་བ་ཡིན་པར་འདོད་པ་དང་། རང་གིས་སྒོར་མོ་གྲ་སྒྲིག་བྱས་མེད་པ་སེམས་ལ་འཁོར་སྟབས།  ཁོ་རང་གི་ཁོང་ཁྲོ་སྐད་ཅིག་ཉིད་ལ་ཞི་སོང་མོད། འོན་ཏེ་དེ་རིང་གི་བཀྲ་ལོ་ཉེ་སྔོན་གྱི་དཔོན་ཉམས་ཅན་དེ་དང་མི་འདྲ་བས། རྒད་པོས་དགའ་སྣང་དང་བཅས་མགྲོན་པོ་ཁྱིམ་ལ་བསུ་གྲབས་བྱས། ཚུལ་དེ་མཐོང་བ་ན། ཞང་ཀྲང་བཀྲ་ལོ་ཕྱིར་འཁོར་ཏེ་མིག་ཤེལ་ཅན་ལ་ལག་བརྡ་ཞིག་བསྟན་པ་དང་། དཔོན་པོའི་ལག་བརྡ་མཐོང་བ་ན་མིག་ཤེལ་ཅན་ནི་ཤིན་ཏུ་དགའ་བར་གྱུར་ཏེ།  འཛུམ་དམུལ་དམུལ་གྱིས་རླངས་འཁོར་ལས་བབས་རྗེས། མཆན་ལ་ཡིག་ཆ་འགའ་བཙུར་ནས་བཀྲ་ལོའི་རྗེས་སུ་བསྙེགས་སོང་།

དགུན་རླུང་གྲང་མོས་སྦྲ་ནག་གི་ཕྱོགས་བཞི་མཚམས་བརྒྱད་ནས་དཔུང་འཇུག་ཡང་ཡང་བྱས་ཡོང་ལ། བཀྲ་ལོ་དང་མིག་ཤེལ་ཅན་དེ་གཉིས་གྲང་ནས་སྒྱིད་པ་འདར་སིག་སིག་བྱེད་བཞིན་ཐབ་ཁུང་ལས་མེ་འདྲུ་ཞོར། མིག་རིག་རིག་གིས་སྒྲོལ་མའི་ཐང་ཀ་ལ་བལྟ་ཙམ་བྱས་རྗེས། ཡིད་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་པས།   ཕན་ཚུན་ལ་བལྟས་ནས་འཛུམ་མདངས་ལྐོག་ཏུ་གྱུར་པ་ཞིག་བསྟན་བྱུང་ལ། རྒད་པོ་སྐྱབས་ལོས་དཔོན་པོའི་འཛུམ་མདངས་དེ་མཐོང་བ་ན། ཁ་གྲག་པར་གཡག་སྐོམ་གྱིས་ཆུ་འདོད་པ་ལྟར་བསྒུགས་ནས་བསྡད།  རྒད་པོ་སྐྱབས་ལོས་སློག་པ་ཞིག་གཡང་ཤམ་བྱས་ནས་ཁ་ཏོན་འདོན་ཞོར་མར་མེ་རྐོང་བུ་གཅིག་མཆོད་སྟེགས་ཀྱི་མདུན་དུ་བཞག ལག་ཟུང་སྤྱི་གཙུག་ཏུ་བཀོལ་ནས་ཕྱག་གསུམ་བཙལ་རྗེས།   ཁ་ཕྱིར་འཁོར་ཏེ་གཞི་ནས་ཁ་གྲག་བྱུང་།

“ཁྱོད་གཉིས་ཡོང་དོན་ག་རེ་ཡིན།  ཡང་ཁང་པ་དབུབ་པའི་ཆེད་དུ་ཡིན་ནམ།”

“དོན་དག་གཉིས་ཡོད།   གཅིག་ནི་ཁང་པ་དང་། གཉིས་ནི་སྒྲོལ་མའི་ཐང་ཀ་དེའི་ཆེད་ཡིན།”ཞང་ཀྲང་བཀྲ་ལོས་གློ་ལུ་ཞིག་འཐེན་ཞོར་དེ་ལྟར་བརྗོད།

ཉིན་འགའི་སྔོན་དུ། ཞང་ཀྲང་བཀྲ་ལོ་དང་ལག་རོགས་པ་མིག་ཤེལ་ཅན་དེ་གཉིས་ཐོག་དང་པོར་སྐྱབས་ལོ་ཚང་ལ་ཡོང་དུས།  རྒྱལ་ཁབ་ཀྱི་ལས་གཞི་གསར་བ་ཞིག་རེག་སྟེ་ཆེད་དུ་ཁྱིམ་ཚང་དབུལ་དག་ལ་དམིགས་ནས།   ཁྱིམ་ཚང་དབུལ་བོས་སྒོར་ཁྲི་གཉིས་སྤྲད་ན་རྒྱལ་ཁབ་ཀྱིས་དེའི་ཁར་སྒོར་ཁྲི་གསུམ་བསྣན་ཏེ་སོ་ཕག་གི་ཁང་བ་ཞིག་གསར་དུ་བཟོ་རྒྱུ་ཡིན་པ་དང་། ཐེངས་འདིར། རྒད་པོ་སྐྱབས་ལོ་ནི་དམིགས་བསལ་གྱིས་ལས་གཞིའི་ནང་བཞག་པ་དང་། གཞན་དག་འདེམ་ཤོག་འཕངས་ཏེ་ཐག་གིས་བཅད་པ་ཡིན་པར་བརྗོད། ཉིན་དེར། ཞང་ཀྲང་བཀྲ་ལོ་དང་མིག་ཤེལ་ཅན་དེ་གཉིས་ཕྱིར་ལོག་པའི་ལམ་བར་དུ། མིག་ཤེལ་ཅན་དེས་ཁ་གྲག་བྱུང་།    ཚུལ་དེ་ཨ་ཁུ་སྐྱབས་ལོས་མཐོང་ན་ཁོང་ཁྲོའི་མེ་ལྕེ་མཆེད་ངེས་ཡིན།

“རྒན་པོ་སྐྱབས་ལོར་རིན་ཐང་བྲལ་བའི་དངོས་པོ་ཞིག་འདུག  གལ་ཏེ་ལག་སོན་བྱུང་ན་ཕྱུག་པོར་ཆགས་ངེས། ཁྱོད་ཀྱིས་ཁུལ་ཐོག་ནས་ཁང་པ་ཉོ་འདོད་པ་མ་ཡིན་ནམ།  ཁང་པ་ལྔ་ཉོ་དགོས་ཀྱང་ཉོ་ཐུབ།”

ཡིན་ཡང་བཀྲ་ལོས་རྒད་པོ་ཁེར་འདུག་ཅིག་ལ་རིན་ཐང་བྲལ་བའི་དངོས་པོ་ཞིག་གང་ན་ཡོད། ཡོད་ཀྱང་སྐྱབས་ལོར་ཡོད་མི་སྲིད་སྙམ་ནས་ཨ་ལན་ཅི་ཡང་མ་བྱིན། འོན་ཀྱང་།  མིག་ཤེལ་ཅན་དེ་ནི་ཁོའི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཡིན་པ་དང་། མཐར་མ་ཕྱིན་སྔོན་སློབ་གྲྭ་ལས་ཕྱིར་བུད། དེ་ནས་བཟུང་ཁོའི་སྡེ་བའི་ནང་གི་གནའ་རྫས་བསྡུས་ནས་ཚོང་རྒྱག་གིན་ཡོད་ལ། དེང་སྐབས་རླངས་འཁོར་ཉོས་ཡོད་པར་མ་ཟད་དངུལ་ཁང་ནང་དམངས་སྒོར་ཁྲི་ཁ་ཤས་བསགས་ཡོད་ཚུལ་ཐོས་མྱོང་ཡོད་ཕྱིར།  ཁོའི་གཏམ་དེ་བདེན་པར་སྙམ་སྟེ་ཅིས་ཀྱང་ཁ་གྲག་དགོས་བྱུང་།

“རིན་པོ་ཆེ་གང་རེད་དམ།”བཀྲ་ལོས་ཐེ་ཚོམ་དང་བཅས་དྲིས།

“ཁྱོད་ཀྱིས་བལྟས་ན་གང་རེད་དམ།”

“ཁྱོད་ཀྱིས་མ་བཤད་ན་ངས་ག་ལ་ཤེས། དྲང་མོར་ཤོད་དང་།”བཀྲ་ལོས་ངག་འཇམ་པོའི་སྒོ་ནས་དེ་སྐད་དྲིས།

“ཁྱོད་ཀྱིས་ཞིབ་ཏུ་འདང་ཞིག་རྒྱོབས་དང་།”མིག་ཤེལ་ཅན་དེས་དམིགས་ཡུལ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

དང་ཐོག་མིག་ཤེལ་ཅན་གྱིས་བཀྲ་ལོ་ལ་དྲང་བོར་བརྗོད་ན། དངོས་པོ་ཉིས་བགོས་བྱེད་དགོས་པ་དང་། བཀྲ་ལོ་ཧེབ་རྒན་ཡིན་ཕྱིན་ལྐོག་ནས་ཟོས་ཨེ་འགྲོ་ཐེ་ཚོམ་ཞིག་སྐྱེས། ཡང་མ་བཤད་ན་ལག་ཏུ་རེག་དཀའ་སྙམ་ནས་ཡིད་སེམས་འགལ་བར་གྱུར་ཏེ་ཡུད་ཙམ་ལ་མནོ་བསམ་གྱི་ལས་ལ་ཞུགས།

བཀྲ་ལོ་དང་མིག་ཤེལ་ཅན་དེ་གཉིས་ནི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཡིན་ལ། བཀྲ་ལོ་ནི་སྐབས་དེ་དུས་ནས་སློབ་སྦྱོང་ལ་བཟང་རྒྱུ་མེད་ན་ཡང་། འཛིན་གྲྭའི་སློབ་མ་དག་ལས་ལོ་གཉིས་གསུམ་ཙམ་གྱིས་ཆེ་བས་ན། དགེ་རྒན་གྱིས་འཛིན་དཔོན་དུའང་བསྐོས། ཁོ་ནི་ནམ་ཡང་གཞན་གྱི་དངོས་པོ་བཟང་ཤོས་དང་ཡག་ཤོས་ལ་ཧམ་པའི་འགྲམ་ཆུ་ལྡང་མཁན་ཞིག་ཡིན་ཕྱིན། སློབ་གྲོགས་ཚོས་ཡང་ལྐོག་ཏུ་བཀྲ་ལོ་ཧེབ་རྒན་ཞེས་འབོད་ཀྱིན་ཡོད། རྗེས་སུ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ཞང་སྲིད་གཞུང་གི་ལས་བྱེད་པར་རྒྱུགས་འཕྲོད་དེ་སྲིད་གཞུང་གི་ལས་ཀ་ཞིག་བཀོད་སྒྲིག་བྱས། ན་ནིང་ཞང་ཀྲང་ལ་འདེམས་བསྐོ་བྱས། གཞན་གྱིས་བཤད་པ་ལྟར་ན་བཀྲ་ལོས་ཁུལ་དཔོན་ལ་སྒོར་ཁྲི་བཅུ་བརྫངས་ནས་ཞང་ཀྲང་གི་རྐུབ་སྟེགས་དེ་ཉོས་པ་རེད་ཟེར། གང་ལྟར་བཀྲ་ལོ་ནི་མི་རྣམ་དག་ཅིག་ཡིན་མི་འདུག

རླངས་འཁོར་མདུན་ནས་མདུན་དུ་ཤུགས་ཀྱིས་རྒྱུག སྐྱ་ཐིང་ཐིང་གི་ཡུལ་ལྗོངས་དང་གློག་སྡོང་རེ་རེ་རྒྱབ་ནས་རྒྱབ་དུ་བསྐྱུར། རྫོང་མི་དམངས་སྲིད་གཞུང་གི་ཐོག་ཁང་ཇེ་གསལ་ནས་ཇེ་གསལ་དུ་གྱུར།

“རིན་པོ་ཆེ་དེ་ཡང་སྙིང་གང་རེད་དམ།”བཀྲ་ལོས་བསྲན་མ་ཚུགས་པར་ཡང་བསྐྱར་དེ་ལྟར་དྲིས།

“ཐང་ཀ་དེ་རེད།”མིག་ཤེལ་ཅན་དེས་དྲང་བོར་ལན་བཏབ།

“ཐང་ཀ་དེ།”བཀྲ་ལོས་དོགས་པ་དང་བཅས་དྲིས་རྗེས“ཐང་ཀ་དེ་དཔེ་མི་སྲིད། ཐང་ཀ་དེར་དུད་དྲེག་ནག་པོ་ཆགས་འདུག་པ་ལས་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཅི་ཡང་མི་འདུག ལྷག་པར་དུ་རྒད་པོ་སྐྱབས་ལོ་ཚང་ལ་རིན་པོ་ཆེ་ཡོད་མི་སྲིད”ཅེས་ཚིག་ཐག་ཆོད་པས་བརྗོད།

“ངོ་མ་ཟེར་བ་ཡིན། ཐང་ཀ་དེ་མ་མཐའ་ཡང་ལོ་ངོ་སྟོང་གཅིག་ཡར་སྔོན་གྱི་ཡིན་ངེས། དེའི་བཟོ་བཀོད་དང་སྐྱ་ཐིག་སོགས་ལ་ཞིབ་ཏུ་བལྟས་ན་ཉེ་རབས་ཀྱི་ཐང་ཀ་ཞིག་དང་གཏན་ནས་ཡིན་མི་འདུག ཐང་ཀ་གསེར་བྲིས་མ་འདི་ལྟ་བུ་དེང་སྐབས་དགོན་པ་ཁ་ཤས་ན་མ་གཏོགས་ཧ་ཅང་དཀོན་པོ་རེད། གལ་ཏེ་ངེད་གཉིས་ཀྱི་ལག་ཏུ་རེག་ཐུབ་ན་དམངས་སྒོར་ཁྲི་སུམ་བརྒྱ་ཡོད་ཤག་ཤག་རེད། སྒོར་མོ་ངེད་གཉིས་ཀྱིས་ཕྱེད་ཀ་ཕྱེད་ཀ་བགོས་ཆོག་པར་མ་ཟད། ཉོ་བདག་ཀྱང་ངས་བཙལ་ཆོག ང་ལ་རྒྱལ་ནང་གི་སྦྱིན་བདག་ངོ་ཤེས་ཤིག་ཡོད། གོང་མཐོན་པོ་བྱས་ཏེ་བཙོང་ཆོག  ཡིན་ཡང་རྒད་པོ་སྐྱབས་ལོ་ནི་བལྟས་ཚོད་ཀྱིས་རྒན་པོ་བློ་གྱོང་ཞིག་རེད། དེར་ཁྱོད་ཀྱིས་ཐབས་བཀོད་འཐེན། ཁྱོད་ཞང་ཀྲང་ཡིན་པས་ཐབས་བཀོད་ཡོད་ངེས།”

“ཉིན་འདི་གའི་ཚོགས་འདུ་མཇུག་བསྒྲིལ་རྗེས་ངེད་གཉིས་ཡང་བསྐྱར་སྐྱབས་ལོ་ཚང་ལ་འགྲོ། ཐབས་བཀོད་ཡུན་གྱིས་འཐེན་ཡོང་།”བཀྲ་ལོས་ཧ་ཅང་ནན་ཏན་གྱི་ཚུལ་གྱིས “གཞན་མི་གཅིག་ལའང་སྐད་ཆ་འདི་བཤད་མི་རུང”ཞེས་ནན་གྱིས་བརྗོད་པ་ན།  མིག་ཤེལ་ཅན་དེས་ཀྱང་འཐད་པའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡུགས། 

2

“ཁང་བ་དབུབ་ན་ཐང་ཀ་འདིར་འབྲེལ་བ་ཅི་ཡོད་དམ།”ཞོགས་པ་དེར། རྒན་པོ་སྐྱབས་ལོས་ཅི་ཞིག་གི་མཐིལ་དོན་མ་རྟོགས་པས་དེ་ལྟར་དྲིས།

“ཨ་ཁུ་སྐྱབས་ལོ། འདི་ཁུལ་ནང་བསྟན་ཅུས་ཀྱི་ཀྲུའུ་རེན་བློ་བསྟན་རེད། ཉེ་སྔོན་ངེད་གཉིས་ཁྱོད་ཚང་ལ་ཡོང་དུས་བྲེལ་འཚུབ་ཆེ་བས་ངོ་སྤྲོད་བྱེད་མ་ཐུབ།”བཀྲ་ལོས་མིག་ཤེལ་ཅན་དེ་སྟོན་ཞོར་དེ་ལྟར་བཤད།

“ཨོ་རེད་རེད། ཐང་ཀར་འབྲེལ་བ་ཅི་ཡོད་དམ།”བསྐྱར་འདྲི་ཐེངས་གཅིག་བྱས་ནས། ཅུང་ཟད་སེམས་མ་བདེ་བར་གྱུར།

“ཨ་ཁུ་སྐྱབས་ལོ། ངེད་གཉིས་དེ་རིང་ཡོང་དོན་ཐང་ཀ་འདིའི་ཆེད་དུ་ཡིན་ལ། རིག་གསར་སྐབས་མར་ནང་སྡེ་བའི་མ་ཎི་ཁང་གཏོར་བརླག་ཏུ་སོང་བ་དང་བསྟུན། དེའི་ནང་གི་རྟེན་གཙོ་བོ་སྒྲོལ་མའི་ཐང་ཀ་དེ་གར་སོང་ཆ་མེད་དུ་གྱུར།  སྲིད་གཞུང་གིས་ད་བར་དུ་ཐང་ཀ་འདི་ཇི་ལྟར་བཙལ་ཡང་ཅིས་ཀྱང་ལག་སོན་མ་བྱུང་།  སྡེ་བའི་ནང་གི་མི་ཁ་ཤས་ཀྱིས་ཐང་ཀ་འདི་ཁྱོད་ཀྱིས་ཉར་ཚགས་བྱེད་འདུག་ཅེས་སྐད་ཆ་ལབ་པ་གོ་མྱོང་།  ཡིན་ཡང་དེ་དག་རྫུན་རེད་སྙམ་ནས་ད་བར་དུ་མ་རློམ་པ་ཡིན།  ཉེ་སྔོན་ཞང་ཀྲང་བཀྲ་ལོ་གཞི་རིམ་ལ་སྲིད་གཞུང་གི་ལས་གཞི་ཁྱབ་སྒྲོག་བྱེད་པར་འོངས་པ་དང་འགྲོགས་ནས་ཐང་ཀ་ཁྱེད་ཚང་ན་ཡོད་མེད་བརྟག་ཏུ་ཡོང་པ་ཡིན།  ཐང་ཀ་ཁྱོད་ཚང་ན་ཡོད་པ་མཐོང་བས། ཕྱིར་སྲིད་གཞུང་ལ་སྙན་ཞུ་ཕུལ་བ་དང་།  ཉིན་འདི་གར་ཚོགས་འདུ་འཚོགས་ནས་ཐང་ཀ་ཅི་བྱེད་ཀྱི་གྲོས་གཞི་སྣ་ཚོགས་བཏོན། འདི་ཚོགས་འདུ་ལས་གྲོས་མཐུན་བྱུང་བའི་ཡིག་ཆ་རེད……”མིག་ཤེལ་ཅན་དེས་གཅིག་ཐོག་ཉིས་བརྩེགས་ཀྱིས་དེ་ལྟར་བརྗོད་རྗེས། མཆན་འོག་གི་རྒྱ་ཡིག་གིས་བྲིས་པའི་ཡིག་ཆ་དེ་བླངས་ནས་རྒད་པོ་སྐྱབས་ལོར་བསྟན་བྱུང་།

ཡིན་ཡང་། རྒད་པོ་སྐྱབས་ལོ་ནི་བོད་ཡིག་གི་སྦྱོར་ཀློག་ཀྱང་མི་ཤེས་པ་ཞིག་ཡིན་པས།  རྒྱ་ཡིག་ནི་དེ་བས་ཀྱང་སྨོས་ཅི་དགོས། རྒད་པོས་ཡིག་ཆ་ཚུར་བླངས་ནས་རང་དབང་མེད་པར་འཚུབ་ཆ་སྐྱེས་ཏེ་ཁ་ནས“ཨ་ཨ། ད་ནི་ཅི་བྱ”ཞེས་བཤད་བཞིན་ཡིག་ཆ་ཞང་ཀྲང་ལ་གཏད་ནས“སྲིད་གཞུང་གིས་ཐང་ཀ་འདིས་ཅི་བྱེད་དགོས་སམ”ཞེས་དྲིས་པ་ན། ཞང་ཀྲང་བཀྲ་ལོས་ཡིག་ཆ་ཚུར་བླངས་ནས་ཧ་ཅང་གཟབ་ནན་སྒོས་ཀློག་ཁུལ་ཅིག་བྱས་པ་དང་། དེ་ནས“ཨ་ཁུ་སྐྱབས་ལོ། སྲིད་གཞུང་གིས་འདི་ལྟར་ཐག་གིས་བཅད་འདུག”ཅེས་བརྗོད་དུས། རྒད་པོ་སྐྱབས་ལོས་རང་གི་ཚར་ཞྭ་ཕུད་ནས་གམ་དུ་བཞག  ཚུལ་དེ་ནི་བླ་མ་གང་ཞིག་གིས་བཀའ་ཆོས་གསུང་བར་ཉན་པ་དང་ཤིན་ཏུ་མཚུངས།

“གཅིག ཐང་ཀ་ཕྱིར་སྲིད་གཞུང་ལ་སྤྲོད་རྒྱུ་དང་།  སྲིད་གཞུང་གིས་ཐང་ཀ་ཉར་ཚགས་བྱས་པའི་བདག་རྐྱེན་ལ་དམངས་སྒོར་ཁྲི་ལྔ་དང་། དེའི་ཚབ་ལ་སྒྲོལ་མའི་ཐང་ཀ་གསར་བ་ཞིག་ཀྱང་སྟེར་རྒྱུ་རེད། ཐང་ཀ་མི་དམངས་དངོས་དམངས་བཤམས་སྟོན་ཁང་ལ་གདན་དྲངས་ནས་འོག་ཏུ་མར་ནང་སྡེ་བའི་སྡེ་མི་སྐྱབས་ལོས་ཉར་ཚགས་བྱས་པ་རེད་ཅེས་གསལ་བཤད་ཀྱི་ཚིག་ཀྱང་འབྲི་རྒྱུ་རེད། གཉིས། གལ་ཏེ་ཐང་ཀ་ཕྱིར་སྲིད་གཞུང་ལ་མ་སྤྲད་ཚེ། སྲིད་གཞུང་གིས་གཞུང་གི་དངོས་པོར་སྒེར་བཟུང་བགྱིས་པར་གཞི་བཅོལ་ནས་ཁྲིམས་ཁང་ལ་གཏུགས་རྒྱུ་རེད།”

ཞང་ཀྲང་བཀྲ་ལོས་ཧ་ཅང་གཟབ་ནན་གྱིས་དེ་ལྟར་བརྗོད་མ་ཐག སྐྱབས་ལོའི་གནག་ཅིང་གཉེར་མའི་ཁེབས་པས་གདོང་ན་རྔུལ་ཆུ་ཟགས་ཀྱིན་འདུག

“ཐང་ཀ་འདི་ངའི་ཕ་དྲིན་ཆེན་པོ་དེས་ཡབ་མེས་གོང་མ་ནས་བརྒྱུད་ཡོང་བ་ཡིན་ཞེས་ལབ་མྱོང་། དེ་མར་ནང་སྡེ་བའི་མ་ཎི་ཁང་ནས་ཁྱེར་ཡོང་ཚུལ་གསུངས་མྱོང་མེད། ཁྱོད་ཚོ་འཁྲུལ་བ་མིན་ནམ།”རྒད་པོ་སྐྱབས་ལོས་སྐད་དམའ་མོས་དེ་སྐད་དྲིས།

“དཔེ་མི་སྲིད། ཐང་ཀ་འདི་རེད་ཐག་ཆོད་ཡིན།”མིག་ཤེལ་ཅན་དེས་ཡིད་ཆེས་དང་སྤོབས་པའི་སྒོ་ནས་དེ་ལྟར་ཁ་ཚོན་བཅད།

“ཁྲིམས་ཁང་ལ་གཏུགས་ན་ཇི་ལྟར་ཐག་གཅོད་བྱེད་དམ།”རྒད་པོ་སྐྱབས་ལོས་ཧ་ཅང་སེམས་ཁྲལ་ཆེན་པོའི་སྒོ་ནས་དེ་ལྟར་འདྲི་དགོས་བྱུང་།

“དེ་བཤད་ཁག་པོ་རེད་དེ།  ཁྲིམས་ཁང་གིས་མ་མཐའ་ཡང་ལོ་ཁ་ཤས་ཀྱི་ཁྲིམས་ཐག་གཅོད་ངེས།”

རྒན་པོ་ཧ་ལས་ཤིང་འཇིགས་སྐྲག་གློ་བུར་བ་ཞིག་སྐྱེས་ནས་ཡུན་རིང་ལ་མགོ་བོ་སྨད་ནས་ལུས།  ཚུལ་དེ་བཀྲ་ལོ་དང་ཤེལ་མིག་ཅན་དེས་མཐོང་ནས་གདོང་ལ་རྒྱལ་ཁའི་ཉམས་ཤིག་ཤར་བ་དང་། ཕན་ཚུན་ལ་བལྟས་ནས་འཛུམ་ཞིག་བཏོད།  སྐབས་དེར།  བཀྲ་ལོས་ཡང་བསྐྱར་ཁ་གསབ་ཀྱི་ཚུལ་དུ“ཨ་ཁུ་སྐྱབས་ལོ། སྤྱིར་ཡིན་ན་ང་དེ་རིང་སྒོར་ཁྲི་གཉིས་བསྡུ་རུ་ཡོང་བ་ཡིན་མོད། དེ་རིང་ཁྱོད་ལ་དམིགས་བསལ་ཉིན་གསུམ་གྱི་གནང་བ་སྟེར།  ཉིན་གསུམ་གྱི་རྗེས་ནས་ངེད་གཉིས་ཕྱིར་ཡོང་།  དེ་དུས་སྒོར་ཁྲི་གཉིས་དང་ཐང་ཀ་ཇི་ལྟར་བྱེད་པར་ཐག་གིས་ཆོད།  སྤྱིར་ཡིན་ན་ཐང་ཀ་དེ་ཁྱོད་ཀྱིས་བདག་པོ་བརྒྱབ་ན་མི་འགྲིག  ཕྱིར་སྲིད་གཞུང་ལ་སྤྲད་ན་གཟེངས་བསྟོད་ཀྱི་བྱ་དགའ་སྒོར་ཁྲི་ལྔ་གནང་ན་ཁྲི་གཉིས་ཁང་གླར་སྤྲད་ཆོག་པར་མ་ཟད།  ད་དུང་སྒོར་ཁྲི་གསུམ་ཁྱེར་ནས་ལྷ་སར་མཆོད་མཇལ་དུ་ཕྱིན་ཡང་ཆོག དེ་མི་བཟང་ངམ”ཞེས་བཤད་པ་ན། རྒད་པོས་ལན་ཅི་ཡང་མི་འདེབས་པར་སྒྲོལ་མའི་ཐང་ཀར་ཅེར་ཏེ་ཧད་ནས་འདུག

ཞོགས་པའི་ཉི་ཟེར་ཅིས་ཀྱང་ས་ལ་འཕྲོས་མ་བྱུང་།

ཞང་ཀྲང་བཀྲ་ལོ་དང་མིག་ཤེལ་ཅན་གཉིས་སྔ་ཕྱིར་སྒོར་བུད། ཕན་ཚུན་ཤབ་ཤུབ་ཀྱི་སྐད་ཆ་འགའ་བཤད་ཞོར་འཇེམ་འཁོར་བསྐོར་ནས་བྱ་འཕུར་བ་ལྟར་བུད་སོང་།

སོང་ཤུལ་དུ་རྒད་པོ་སྐྱབས་ལོ་ཡུན་རིང་ལ་སྒྲོལ་མའི་ཐང་ཀ་དེའི་མདུན་དུ་མིག་ཅེར་ནས་ལུས་སོང་།  གྲང་རླུང་ལྡོམ་པོ་ཞིག་གིས་སྐྱབས་ལོར་འགྲམ་ལྕག་ཐེངས་གཅིག་གཞུས་ཙ་ན།  སྐྱབས་ལོ་གཞི་ནས་སད་པར་བཏང་།  མིག་གིས་ཡར་མར་ལ་ལྟ་ཙམ་བྱས་རྗེས་ད་གཟོད་མི་དེ་གཉིས་སྔ་མོ་ནས་བུད་སོང་པ་ཚོར།

རྒད་པོ་གཞི་ནས་ཕམ་སོང་། སེམས་སྡུག་གི་རྒྱ་མཚོར་ལྷུང་།  གལ་ཏེ་སྲིད་གཞུང་ལ་སྤྲད་ན་ཡབ་མེས་ནས་བརྒྱུད་ཡོང་བའི་ཐང་ཀ་དེ་རང་གི་ལག་ནས་འདི་ལྟར་བརླག་དགོས་ཤིང་། གལ་ཏེ་མ་སྤྲད་པར་བཙོན་འཇུག་བྱེད་ཚེ། ཡབ་མེས་ཀྱི་གདོང་ལ་ཐལ་བསྐུ་བ་མ་ཡིན་ནམ་སྙམ། ལྷག་པར་དུ་རང་གི་ཡབ་མེས་ཀྱི་ནང་དུ་བླ་སྤྲུལ་མཁན་པོ་སོགས་མང་པོ་བྱུང་མྱོང་ཡོད་པས། ཕ་བཟང་བོ་ཁོག་པ་གསེར་གྱིས་བརྒྱན་མི་ཐུབ་རུང་།  སྐྲ་དཀར་པོ་སྐྱི་བསེར་རླུང་ལ་བསྐུར་ག་ལ་རུང་སྙམ། ཡིན་ཡང་། ཁོ་རང་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་།  སེམས་པ་ལྷག་ཏུ་སྡུག་བྱུང་། 

3

ཟླ་བ་སྤྲིན་གྱིས་བསྒྲིབས་པས་མུན་པ་ཧ་ཅང་སྟུག  གྲང་རླུང་ནི་ཇེ་རྒོད་ནས་ཇེ་རྒོད་དུ་གྱུར།

བར་སྐབས་ཤིག་ལ། རྒད་པོས་ཐབ་ཁུང་གི་མེ་ལྕེ་ལ་ཡུན་རིང་དུ་ཅེར། མེ་ལྕེ་ནི་གར་མ་ཞིག་ལྟར་མིག་ལམ་དུ་ཆེམ་ཆེམ་འཕྱོ།

ཡུད་ཙམ་འགོར་རྗེས། རྒད་པོས་ཅི་ཞིག་ལ་འདང་དཔོགས་པ་ལྟར་ཏོག་སེ་ཡར་ལངས་བྱུང་ལ། སྒྲོལ་མའི་ཐང་ཀ་དེ་མཆོད་སྟེགས་ལས་ག་ལེར་མར་བླངས་ཤིང་། ལག་ཏུ་བཅིངས་ནས་ཡུན་རིང་ལ་ཅི་དང་གང་ཞིག་ལ་མནོ་བསམ་བཏང་ནས་བསྡད།

སྐབས་ཤིག་ལ། རྒད་པོ་ཡར་ལངས་ཏེ་ག་ལེར་མཆོད་སྟེགས་མདུན་དུ་སོང་། ཁོས་ལག་ཟུང་སྤྱི་རུ་བཀོལ་སྟེ་སུ་དང་གང་ཞིག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། ཚམ་ཚོམ་སྤུ་ཙམ་མེད་པར་སྒྲོལ་མའི་ཐང་ཀ་དེ་ཐབ་ཁུང་དུ་བརྫངས་སོང་། ཐབ་ཁུང་དུ་དངོས་འབྲེལ་བརྫངས་པ་ན་སྒྲོལ་མའི་ཐང་ཀ་ནི་མེ་ལྕེའི་ཁྲོད་དུ་ཚག་སྒྲ་དང་བཅས་ཚིག་སོང་། གོ་རིམ་དང་བཅས་ཚིག་སོང་།

རྒད་པོ་སྐྱབས་ལོས་ཚུལ་དེ་ལ་ལྟ་བཞིན་ལྟ་བཞིན་དུ། མིག་ཀོང་ཅི་ཞིག་གིས་བརླན་པར་བཏང་ཞིང་། འཁྱབ་སིབ་སིབ་ཀྱི་ཅི་ཞིག་མཁུར་མགོ་ནས་ས་ལ་གྲིལ་སོང་།

ཉིན་གཉིས་ཀྱི་རྗེས་སུ། ཞང་ཀྲང་བཀྲ་ལོ་དང་ཁོའི་རོགས་པ་མིག་ཤེལ་ཅན་དེ་གཉིས་དགའ་དགའ་སྤྲོ་སྤྲོ་ཡིས་སྔར་བཞིན་འཇེམ་འཁོར་བསྐོར་ཏེ་རྒད་པོ་སྐྱབས་ལོ་ཚང་ལ་འབྱོར་དུས། ཁོ་གཉིས་ནི་རང་གི་མིག་ལའང་ཡིད་མ་ཆེས་པར་གྱུར་ཏེ། ཡུད་ཙམ་ལ་གྲག་མེད་འགུལ་མེད་དུ་ལུས་ཤིང་། དེ་ནས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་རྗེས། སེམས་སུ་སྐྲག་སྣང་ཞིག་དང་འཚུབ་སྣང་ཞིག་ལྷན་དུ་བསྡེབས་ཏེ་བྲོས་སོང་།

མ་གཞིར། རྒད་པོ་སྐྱབས་ལོས་སྒྲོལ་མའི་ཐང་ཀ་མེ་རུ་བསྲེགས་པར་མ་ཟད། རང་ཉིད་ཀྱང་སྐེ་ལ་ཐག་པ་བསྐོན་ཏེ་ལྕེབས་ཟིན།


  • ལེ་ཚན་སྔོན་མ།:སྐར་མའི་བུ་ཆུང་།
  • ལེ་ཚན་རྗེས་མ།:གདོན་གྱིས་བརླམས་པ།