ཀློག་པ་པོ་མེད་པའི་རྩོམ་པ་པོ།

རྣམ་རྒྱལ།        2014-03-31

ཀློག་པ་པོ་མེད་པའི་རྩོམ་པ་པོ།

ཉིན་དེར།ང་རང་རྫོང་གྲོང་དང་ཐག་ཉེ་བའི་གྲོང་ཚོ་ཆེན་པོ་གྲོ་ཐང་ཞེས་པར་བསླེབས་ཤིང་དེར་ང་ལ་གྲོགས་པོ་ཞིག་ཡོད་དེ་མིང་ལ་ཐུབ་བསྟན་དགེ་ལེགས་ཟེར།གྲོ་ཐང་ཞེས་བཏགས་པའི་གྲོང་ཚོ་དེ་ནི་མིང་དོན་མཐུན་པའི་གྲོང་ཚོ་ལྟ་ན་སྡུག་པ་ཞིག་ཡིན་ཞིང་གྱང་ཁང་དཀར་པོ་མུ་ཏིག་བརྡལ་འདྲའི་ཁོར་ར་ཁོར་ཡུག་གི་གྲོ་ཞིང་ནང་དུ་ལྗང་བུའི་དྲི་བསུང་ཁྱབ་ཅིང་ཁང་པའི་བར་གསེང་དག་ལ་སྟར་ཀ་སྡོང་པོས་ཡན་ལག་ཕྱོགས་བཞིར་བརྐྱངས། ང་རང་སྡེ་བ་དེར་སླེབས་མ་ཐག་ཏུ་གྲོ་ཆང་དང་ནས་ཆང་དྲན་འོང་ཞིང་ང་རང་ཆང་འཐུང་ཐུབ་པ་ཞིག་མིན་ཡང་དེར་ངའི་གྲོགས་པོ་དང་སྡེ་མི་རྣམས་ནི་ཆང་ཚུགས་ཅན་ཤ་སྟག་རེད།
    ང་རང་རི་ལམ་ནས་མར་བབས་བཞིན་པ་ངའི་གྲོགས་པོས་རིག་མ་ཐག་ཏུ་ཁམ་སྡོང་ཞིག་གི་འོག་ནས་ང་ལ་ལག་གཡུག་བྱས་ཤིང་དེ་ནི་ཉིན་ཕྱེད་ཙམ་འཁྱམ་པོ་ང་རང་སྒུག་བཞིན་པའི་ཐུབ་བསྟན་དགེ་ལེགས་རེད། ངའི་ཕ་ཡུལ་ནི་ཕྱེད་འབྲོག་ཡིན་པས་ཁོས་ནམ་རྒྱུན་ང་ལ་འབྲོག་རྒན་ཞེས་མིང་བཏགས་པར་གོམས་ཤིང་ཕན་ཚུན་བར་ལ་སྤུན་མཆེད་ལྟར་བུའི་བརྩེ་དུང་དང་ཕ་ལམ་འདྲ་བའི་མི་འགྱུར་ཕུགས་བསམ་ཡོད་པས་ཁོས་ང་ལ་ནམ་རྒྱུན་འབྲོག་རྒན་ཞེས་འབོད་དུས་དེ་ནི་ཆེས་སེམས་པ་དང་ཐག་ཉེ་བའི་མཛའ་བརྩེ་དོད་པའི་མིང་ཡག་པོ་ཞིག་ཡིན་པ་ངས་ཚོར་ཐུབ།
    “ཨ་རོགས། འབྲོག་རྒན། ཁྱོད་མཇལ་ཐུབ་རྒྱུ་འདི་སྐལ་བ་བཟང་པོ་རེད་ཡ། ” ཐུབ་བསྟན་དགེ་ལེགས་ཀྱིས་སྤྲོ་བ་ཆེན་པོའི་ངང་ནས་ང་རང་གི་མདུན་བསུས་ཤིང་ངའི་རྒྱབ་ཀྱི་ཁུར་པོ་དེ་ཁོས་བླངས་ནས་ཁུར་པས་ངའི་ཕྲག་སྟོད་དང་སྒལ་གཞུང་གི་ན་ཟུག་རྣམས་རླུང་གིས་བྱ་སྤུ་ཁུར་བ་བཞིན་ཡལ་ནས་དངོས་གནས་མི་ཚེ་ཞིག་ལ་གྲོགས་པོ་བློས་ཐུབ་གཅིག་ཡོད་པ་ནི་བསོད་ནམས་ནང་གི་ཡག་ཤོས་ཤིག་རེད་སྙམ།
    ཁོའི་རྗེས་འབྲང་ནས་མུ་གྱང་རིང་པོ་ཞིག་གི་བར་ལམ་དེད་ནས་སོང་པ་དང་དེ་མ་ཐག་ཏུ་ཤིང་སྒོ་ཆེན་པོ་ཞིག་ངའི་མིག་ལམ་དུ་ཤར་ཞིང་དེའི་སྟོད་དུ་རྣམ་བཅུ་དབང་ལྡན་གྱི་པར་ཞིག་སྦྱར་ཡོད་པ་དང་སྒོ་པང་གི་དཀྱིལ་ལ་ཁྲཱོཾ
་ཞེས་པའི་ཡིག་འབྲུ་ཆེན་པོ་ཞིག་བྲིས་ཡོད་པ་དེ་ཕར་ལྟ་ཚོད་ནས་ཐུབ་བསྟན་དགེ་ལེགས་ཁོང་གིས་དངོས་སུ་བྲིས་པ་ཤེས་ཐུབ། ཁོ་རང་ནི་སྔོན་ཆད་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཡིན་ཞིང་ལས་འཁྱུར་བྱས་རྗེས་གྲོང་གསེང་ལ་འོང་ནས་ཚེ་སྨད་རོལ་བ་རེད། ཁོ་རང་ལ་བྲིས་གཟུགས་ཡག་ཐག་ཆོད་པ་ཞིག་ཡོད་ཅིང་ཚེ་འདིར་ཁོ་ལ་ཡིག་མཁན་གྱི་མཚན་རྟགས་ཤིག་མ་ཐོབ་པ་ནི་དངོས་གནས་ཡིད་ཕམ་དགོས་པ་ཞིག་རེད་མོད་ཁོས་ཤུལ་དུ་བཞག་པའི་རྩོམ་ཆོས་དེ་དག་གི་རིན་ཐང་ཤེས་མཁན་ནི་མི་ཉུང་ཤོས་ལས་མ་འདས།
    ཕྱི་ར་ཡངས་པོ་དེ་བཤགས་ནས་ཤོད་སྒོ་ལ་འཛུལ་བ་དང་དེ་ནས་རྒྱ་སྐས་རིང་པོ་དེར་འཛེགས་ནས་ཉིས་ཐོག་ལ་བསླེབས། ཁྱིམ་སྒོ་ཆུང་ངུ་དེར་འཛུལ་བས་པང་གཅལ་གཙང་ཉམས་ཆེ་ཞིང་ཁྱིམ་ཕུའི་ཐབ་ཀར་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་གདའ། ཐབ་སྟོད་གྱང་གི་ངོས་སུ་འཇིམ་གྱིས་བཅས་པའི་ཐབ་ལྷ་དང་རྒྱལ་སྲིད་སྣ་བདུན་སོགས་ཀྱི་རི་མོ་སྣ་ཚོགས་ལྟ་ན་སྡུག་པས་ཡིད་ལ་སྐྱིད་དྲོད་རྒྱས་ཤིང་དེ་ལས་ཀྱང་དགའ་འོས་པ་ཞིག་ནི་དེར་མི་རྒྱ་བོ་ཞིག་གིས་ཁ་བཏགས་དཀར་པོ་ཞིག་ང་ལ་ཕུལ་ཞོར་དགའ་བསུ་ཡང་ཡང་བྱས། ཐུབ་བསྟན་དགེ་ལེགས་ཀྱིས་མི་རྒྱ་བོ་དེར་བཀྲ་ཤིས་ཆོས་འཕེལ་ཟེར་དགོས་ཤིང་ཁོའི་གྲོགས་པོ་བཟང་ཤོས་དང་ལུང་པ་འདིའི་བོད་ཀྱི་རྩོམ་པ་པོ་གཅིག་ཁོ་ན་ཡོད་པ་དེ་རེད་ཅེས་ངོ་སྤྲོད་བགྱིས་པས་ཕན་ཚུན་ལག་པ་དམ་པོར་འཇུས་ནས་འཚམ་འདྲི་ཡང་ཡང་བྱས།
“ད་ཁྱོད་གཉིས་ཡར་ལངས་ནས་ཅི་བྱེད།མར་གདན་ལ་སྡོད་ན་ཁ་བརྡ་བྱེད་བདེ།”ཐུབ་བསྟན་དགེ་ལེགས་ཀྱིས་བཤད་པས་ངེད་གཉིས་ཐབ་ར་འགྲམ་གྱི་ལྕགས་གདན་ལ་བསྡད་ཅིང་མེ་དྲོད་ཀྱིས་ལུས་སེམས་གཉིས་ཀར་བདེ་སྣང་བྱིན།
    ཁོང་གཉིས་ཀྱིས་ཐབ་ཀ་ནས་ཤ་རྒྱུ་བཙོས་མ་སོགས་ཕབ་པ་དང་ཇ་མདོང་ཞིག་ལ་མར་ཇ་བསྲུབས་པའི་སྒྲ་དེས་ངའི་ལྟོགས་རྔམས་ཇེ་ཆེར་བཏང་། ཟ་མ་རྒྱགས་ཚད་གཅིག་ཟོས་རྗེས་ཁོང་གཉིས་ཀྱིས་ལྦུ་ཆང་དང་རྒུན་ཆང་དང་ད་རུང་སྡེ་བའི་ནས་ཆང་གྲོ་ཆང་སོགས་ཤེལ་དམ་མང་པོ་ཞིག་མདུན་ཅོག་སྟེང་དུ་སྤུངས་བས་དངོས་གནས་མི་འཐུང་ཟེར་ཐབས་མེད་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྟེར།
“བཀྲ་ཤིས་ཆེས་འཕེལ་ནི་ངའི་གྲོགས་པོ་བཟང་ཤོས་རེད།དེ་རིང་ངེད་སྤུན་ཟླ་གསུམ་པོས་ཆང་ཡག་པོ་ཞིག་འཐུང་། དེའི་རྗེས་ངལ་ཡག་པོ་ཞིག་གསོ།”ཐུབ་བསྟན་དགེ་ལེགས་ཀྱིས་བཤད།
“རེད།དགེན་ལྷུན་གྲུབ་ལགས།ངེད་རྩོམ་པ་པོ་རྣམས་ནི་ཆང་ལ་དགའ་བས་ཁྱོད་ལ་འཚེ་སྣང་སྐྱེ་མི་ཉན།”བཀྲ་ཤིས་ཆོས་འཕེལ་གྱིས་འཛུམ་དང་བཅས་ང་ལ་བཤད།
    “གྲོགས་མཆོག་དང་ཐུག་ནས་ཆང་འཐུང་བའི་གོ་སྐབས་ཤིག་ཡོད་པ་ལས་དགའ་འོས་པ་ཞིག་མེད་པས་དགེན་ལགས་ཀྱིས་ཐུགས་ཁྲེལ་གནང་མི་ཉན།”ངས་བཤད། “ཡ་ཡ།ཆང་དང་པོ་ནམ་མཁའི་ལྷ་ལ་ཕུལ། ཆང་གཉིས་པ་དྲིན་ཆེན་ཕ་མ་ལ་ཕུལ།ཆང་གསུམ་པ་འདི་རྒྱང་ནས་འོང་བའི་གྲོགས་པོ་ལ་ཕུལ།”ཞེས་ཟེར་ཞོར་ཁོང་གཉིས་ཀས་ཆང་ཕོར་བཏེགས་འོང་བས་ངས་ཀྱང་དཀར་ཡོལ་དེ་བཀྱགས་ནས་རྡུང་རེས་ཞིག་བྱས་རྗེས་ཁར་བཞག་ཙམ་བྱེད་མོད་ཁོང་གཉིས་ཀྱིས་གཙང་འཐུང་བགྱིས་ཤིང་དགེན་ལགས་ཀྱིས་ངེས་པར་དུ་གཙང་བཞེས་གནང་ཤོག་ཟེར་བས་ཆང་དེས་ངའི་ལྕེ་ལ་ཚ་དྲོད་འབར་དུ་བཅུག་ཅིང་མིད་པ་ནས་ཚ་ཟུག་དང་བཅས་ནས་སོང་།
    “དགེན་ལགས། ཁྱོད་ཀྱིས་ངའི་དཔེ་ཆ་ལྟ་ཨེ་མྱོང་།”བཀྲ་ཤིས་ཆོས་འཕེལ་གྱིས་དྲིས་པས་ངས་དངོས་གནས་སྒྱུ་རྩལ་རྩོམ་རིག་མ་ལྟ་ནས་ཡུན་རིང་ཙམ་འགོར་བས་དེ་མ་ཐག་ཏུ་ལན་ཡག་པོ་ཞིག་མ་རྙེད།
 “ལོ་ཁ་ཤས་རིང་ལ་དཔེ་ཆ་མང་པོ་ལྟ་ཐུབ་མ་བྱུང་།”ངས་ལན་དེ་འདྲ་ཞིག་བརྒྱབ།
    “ཨོ། མི་སྐྱོན། འདི་ཁྱོད་ཀྱི་ནོར་འཁྲུལ་མ་རེད།”བཀྲ་ཤིས་ཆོས་འཕེལ་གྱིས་ཆང་ཕོར་འདེགས་ནས་གཙང་བཞེས་བྱས་པ་དང་དེ་ནས་ཐུབ་བསྟན་དགེ་ལེགས་ཀྱིས་ཆང་ཕོར་འདེགས་ཞོར་ངེད་གཉིས་ཀྱིས་རྩོམ་པ་པོར་ཆང་ཞིག་ཕུལ་དགོས་ཟེར་བས་ཁོ་བོས་ཀྱང་དེ་བདེན་འདུག་སྙམ་ནས་དེ་མ་ཐག་ཏུ་ཆང་ཕོར་བཀྱགས།
    “རྗེས་སུ་ཁྱོད་ལ་ཕུལ་བྱུང་གི་རྩོམ་ཆོས་ཡག་པོ་མུ་མཐུད་ནས་ཡོད་པར་རྟེན་འབྲེལ་ཞུ།”ངས་བཀྲ་ཤིས་ཆོས་འཕེལ་ལ་དེ་འདྲའི་སྨོན་ལམ་བཏབ་ཅིང་ཐུབ་བསྟན་དགེ་ལེགས་ཀྱིས་ཀྱང་སྨོན་ཚིག་ཕུལ།
      “བཀའ་དྲིན་ཆེ། འོན་ཀྱང་། འོན་ཀྱང་ངའི་རྩོམ་ཡིག་དེ་དག་ངའི་རོ་དང་མཉམ་དུ་སྦས་རྒྱུ་ལས་ཀློག་མཁན་ཞིག་མི་འདུག”ཁོས་ཡིད་ཆད་པའི་ངང་སྨྲས།
    “ཁྱོད་སེམས་མ་ཕམ། ངས་ཁྱོད་ཀྱི་རྩོམ་ཆོས་ཡོད་དོ་ཅོག་བཀླགས་ཡོད།”ཐུབ་བསྟན་དགེ་ལེགས་ཀྱིས་བཤད།
“དེ་ངས་ཤེས།ཕལ་ཆེར་ཁྱོད་ལས་གཞན་སུས་ཀྱང་ཀློག་ཡོད་རྒྱུ་མ་རེད།”བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
“རེད་ཡ།ལོ་ཤས་རིང་ལ་བོད་ཡིག་གི་དཔེ་ཆ་ལྟ་མཁན་ཉུང་མོད་རྗེས་སུ་སྲིད་ཇུས་ཇེ་ཡག་ཏུ་སོང་ན་བོད་ཡིག་གིས་གོ་ཆོད་ཅིང་ལྟ་མཁན་རང་ཤུགས་སུ་ཐོན་འོང་།”ངས་བཤད།
     “ཡ་ཡ། དེ་རྟེན་འབྲེལ་ཡག་ཐལ། ངས་ཁྱོད་ལ་ཆང་ཕུལ་དགོས།”བཀྲ་ཤིས་ཆོས་འཕེལ་གྱིས་ཆང་ཕོར་འདེགས་ནས་ཧུབ་ཀྱིས་བཏུང་། མུ་མཐུད་དུ་ཁོ་རང་ཡར་འགྲེང་ནས་ཆང་ཕོར་འདེགས་ཞོར་ངེད་གཉིས་ལ་སྙན་ངག་ཅིག་ཕུལ་དགོས་ཞེས་བཤད་པས་ངེད་གཉིས་ཀྱིས་ལག་པ་ཡང་ཡང་བརྡེགས།
    “རྩོམ་འདིའི་ཁ་བྱང་ལ་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞེས་ཟེར།”ཁོས་ཁ་འགྲམ་གྱི་ཆང་ཐིགས་དག་ལག་པས་ཕྱིས་ཞོར་སྙན་ངག་བཏོན།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ངའི་བླ་མས་ཀློག་པ་རིམ་གྲོའི་ཞལ་འདོན་ཙམ།
    དེ་ནི་མར་ཁུ་དང་ཤོག་སྒོར་གྱི་ཆེད་དུ་ཀློག་པ་རེད།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ངའི་སློབ་མས་ཀློག་པ་རྒྱུགས་ཚད་དང་འབྲེལ་བའི་དཔེ་ཆ་ཙམ།
    དེ་ནི་ལྕགས་ཕོར་བརྟན་པོ་ཞིག་རྙེད་བའི་དམིགས་ཡུལ་ཁོ་ན་ཙམ།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ངའི་གྲོགས་པོས་ཀློག་པ་རྒྱ་ཡིག་དབྱིན་ཡིག་ཙམ།
    དེ་ནི་མིང་དང་ཐོབ་ཐང་ལ་མཁོ་བའི་རྒྱགས་ཕྱེ་ཙམ།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ངའི་སྡེ་དམངས་ཀྱིས་ཡི་གེ་ཀློག་པ་ད་རུང་རྨི་ལམ་ཙམ།
    ངའི་ཚོང་པ་རྣམས་ཀྱིས་ང་རྩོམ་པ་པོ་ཞིག་གི་སྐྱིད་སྡུག་ཡེ་ནས་བརྗེད།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ངས་ནམ་ཡང་ཕ་སྐད་མ་ཡིག་གིས་རང་གླུ་ལེན་ཞིང་།
    བསིལ་ལྗོངས་འདིའི་སྨྱུག་འཛིན་པ་ཞིག་ཏུ་འགྱུར་བའི་ལས་སྐལ་ལ་གཅེས་བཀུར་བྱས།
    ངས་ནམ་ཡང་ཕ་སྐད་མ་ཡིག་གིས་དཔེ་ཆ་སྐྲུན་ཞིང་།
    ལང་ཚོའི་ཡོད་ཚད་ཕ་སྐད་མ་ཡིག་ལ་ཕུལ་ནས་ཟུངས་ཁྲག་ཟད།
    བདེན་དོན་ཤོར་མ་མྱོང་། དགའ་ཞེན་བརླག་མ་མྱོང་།
    ང་རང་ནི་ཀློག་པ་པོ་མེད་པའི་རྩོམ་པ་པོ་ཞིག་ཡིན།
    ང་ཚོ་གསུམ་པོས་བཀྲ་ཤིས་ཆོས་འཕེལ་གྱི་སྙན་རྩོམ་དེ་བཟླས་ཞོར་ཆང་མུ་མཐུད་དུ་བཏུང་།ཁ་བརྡ་སྣ་ཚོགས་ལ་མགོ་འཁོར་ནས་སོང་ཞིང་མཚན་གུང་ཙམ་ལ་རྫོང་གྲོང་ནས་ཕྱིར་སླེབས་པའི་ཐུབ་བསྟན་དགེ་ལེགས་ཀྱི་ཆུང་མས་ང་ཚོ་རེ་རེ་བཞིན་ཉལ་སྒྲོམ་དུ་བསྙལ་བ་དང་ཕྱི་ཉིན་ཉིན་གུང་བར་དུ་གཉིད་སོང་ངོ་།།
  • ལེ་ཚན་སྔོན་མ།:ཚོན་ལྡན་གྱི་རི་མོ་ཞིག
  • ལེ་ཚན་རྗེས་མ།:ལྷམ་བཟོ་དང་ཕྱུག་པོ།