རྒྱལ་རོང་བ།

ཨོ་རྒྱན་དོན་གྲུབ།        2010-10-29

བྲག་རི་མཐོན་པོ་དགུང་ལ་སྙེག་ཅིང་ཀུན་གསལ་བུ་མོའི་མཐོང་ལམ་བསྒྲིབས།།

བཙན་རྫོང་དམར་པོ་མཁའ་ལ་འགྱིང་ཞིང་བརྟན་བརླིང་བཟོ་བཀོད་ཕུན་སུམ་ཚོགས།།
རྒྱལ་མོ་རྔུལ་ཆུ་རྔམས་ཀྱིས་བཞུད་ཅིང་ཁ་བའི་སྐྱིད་སྡུག་གླུ་རུ་ལེན།།
གདོང་དམར་བོད་པའི་རུས་རྒྱུད་དག་མ་མདོ་སྨད་ཚལ་གྱི་རྒྱལ་རོང་བ།།
 
གཉའ་ཁྲི་བཙན་པོ་མངའ་ཐང་རྒྱས་ནས་བོན་ཆོས་ཐོགས་མ་དར་བའི་ཚེ།།
སྲོང་བཙན་སྒམ་པོས་མཐའ་བཞིའི་ཡུལ་ན་རང་གི་མངའ་སྟོབས་བསྐྱེད་པའི་ཚེ།།
ཁྲི་སྲོང་ལྡེའུ་བཙན་སུམ་གཉིས་ས་ཡི་བདག་སྐྱོང་མི་དབང་གྱུར་བའི་ཚེ།།
རྒྱ་བོད་ས་མཚམས་ང་ཡིས་སྲུང་ཞེས་ཁས་ལེན་དཔའ་བོ་རྒྱལ་རོང་བ།།
 
མེས་དབོན་རྣམ་གསུམ་མངའ་ཐང་རྒྱས་ཏེ་ཁབ་ཀྱི་རྒྱལ་འབངས་བདེ་ལ་བཀོད།།
ལྷ་ཆོས་མི་ཆོས་ཁྲིམས་སྲོལ་གཏོད་དེ་བོད་ཁམས་མངའ་ཐང་དགུང་ལ་རྒྱས།།
མཛངས་བློན་མཁས་པས་བློ་དང་རིག་པས་སྔོན་ཐོན་རིག་གཞུང་རང་ཡུལ་འདྲེན།།
གསེར་མདོག་ཉི་མ་དགུང་ནས་ཤར་མྱོངས་བཙན་པོ་རྒྱུད་ཀྱི་རྒྱལ་རོང་བ།།
 
ལྷ་ལུང་དཔལ་རྡོས་ཉག་ཕྲན་གཅིག་གིས་བཙན་པོའི་རྒྱལ་རབས་རྨང་ནས་གཏོར།།
ཡུམ་བརྟན་འོད་སྲུང་དབུ་གཡོ་འཁྲུག་ཏེ་བོད་ཁམས་སིལ་བུ་འཐོར་བའི་ཚེ།།
རང་ས་རང་ཡུལ་བདག་ཏུ་བཟུང་སྟེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས།།
ལོ་རྒྱུས་དེབ་ཐེར་རྩིག་སྡེབས་ངོས་སུ་གསུབ་མེད་བྲིས་པའི་རྒྱལ་རོང་བ།།
 
ཆིང་ལུང་གོང་མས་བློ་དང་ཐབས་ཀྱིས་མཐའ་བཞིའི་རྒྱལ་ཁབ་བསྡུས་ན་ཡང་། །
ཇིང་གུར་རྒྱལ་པོས་དྲག་པོའི་སྟོབས་ཀྱིས་གུང་མ་ཁྲི་ལས་ཕབ་ན་ཡང་། །
ཞི་དྲག་ཐབས་ལམ་གང་གིས་མ་ཐུབ་མེས་པོའི་རྒྱུད་ཀྱི་དཔའ་རྒོད་པོ། །
རྒྱལ་རོང་བ་ཞེས་ཕྱོགས་བཞིའི་གླིང་ན་སྙན་པའི་གྲགས་པ་རབ་ཏུ་འབར། །
 
རང་གི་སྟོན་པའི་བོན་གྱི་བསྟན་པ་རྒྱལ་རོང་ཡུལ་ན་འཛིན་ཞིང་སྐྱོང་། །
བཻ་རོ་ཙ་ནས་བྱིན་གྱིས་རླབས་པའི་རྒྱལ་མོ་དམུ་རྡོ་གླིང་བཞིར་གྲགས། །
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱལ་རོང་བཙན་རྫོང་མཁའ་ལ་འགྱིང་། །
གནའ་བོའི་སྐད་ཀྱི་སྒྲ་གདངས་མ་ཉམས་གདོད་མའི་སྐད་ཀྱི་བཙན་ས་ཟིན། །
  
ངེས་པ་དོན་གྱི་སྔོན་ཐོན་བཟོ་བཀོད་མཚར་སྡུག་སྟོང་གི་གཟི་བྱིན་ཅན།།
རང་བྱུང་རི་བོའི་པང་ནས་འགྱིང་ཞིང་གནམ་འདེགས་པ་ཡི་ཀ་བ་བཞིན།།
རྒྱལ་རོང་བ་ཡི་བཙན་རྫོང་གམ་ན་དེང་རབས་ངར་ལྕགས་ཁང་བཟང་ཡང་།།
ཉི་མའི་གམ་གྱི་སྲིན་འབུ་མེ་བཞིན་བག་ལ་མི་ཞ་རང་དབང་ཅི།།
 
ཁ་བ་རི་བའི་རེ་ལྟོས་ཆེ་བའི་ཨ་ཕོ་གངས་རིའི་རྒྱལ་རོང་བ། །
ཁྱོད་ཀྱི་རིགས་རུས་གཞན་ལ་འགྱུར་བར་སེམས་ནས་སྣང་མེད་བཞག་ཕོད་དམ། །
དབྱངས་གསལ་སོ་བཞིའི་ཉམ་ཐག་ཚེ་སྲོག་ཁྱོད་ཀྱིས་འདི་ལྟར་གཅོད་ཕོད་དམ། །
སྟོང་བའི་དབྱིངས་ནས་ཕྱིར་མིག་གཟིགས་པའི་མེས་པོ་དག་ལ་ཇི་ལྟར་ཞུ། །
 
ཨ་ཕ་སྤྲེའུས་དུས་གསུམ་བར་ནས་ཁྱོད་ལ་ཅེར་ཡོད་རྒྱལ་རོང་བ།།
ཨ་མ་སྲིན་མོས་ཉིན་མཚན་གཉིས་ལ་ཁྱོད་རང་སྒོམ་ཡོད་རྒྱལ་རོང་བ།།
མེས་པོ་དག་གིས་དར་ཁུང་ནང་ནས་ཁྱོད་ལ་བལྟས་ཡོད་རྒྱལ་རོང་བ།།
སྙིང་སྟོབས་དགུ་འགྱུར་སྤོབས་པ་བསྐྱེད་དང་ཁ་བ་རི་བའི་རྒྱལ་རོང་བ།།
         ༢༠༡༠  ༤  ༣༠   ཉིན་རྒྱལ་རོང་སྐྱེ་ཁམས་མགྲོན་ཁང་ནས། 
 
 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་ནགས་ཚལ་ཉིན་མོའི་འབྱུང་རྐྱེན།