ཁོང་ནི་མདོ་སྨད་རེབ་གོང་ཞོ་འཕང་ཞེས་བྱ་བ་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ལྔ་ཆུ་མོ་ཡོས(༡༩༠༣) ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། དགུང་ལོ༥༡ལས་མ་བཞུགས། དགུང་ལོ་བདུན་ཕེབས་སྐབས་ཡབ་གཤེགས་རྗེས་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་ཕེབས་པར་ཡི་གེ་བསླབས་ནས་ལོ་བཅུའི་ཐོག་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་སྙན་ངག་སོགས་གསན། དགུང་ལོ་བཅུ་གཉིས་སྟེང་གཙོས་གཏེར་དགོན་གྱི་མདུན་ནས་རྩ་རླུང་འཁྲིད། དགུང་ལོ་བཅོ་ལྔ་སྟེང་རྡི་ཚ་དགོན་དུ་རིག་ལམ་གྱི་སྐོར་སོགས་སློབ་གཉེར་མཛད། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བརྩམས་ཏེ་མཚན་ཉིད་རིག་པ་སྦྱངས།
དགུང་གྲངས་ཉེར་ལྔའི་སྟེང་ལྷ་སར་ཕེབས། དེ་ནས་འབྲས་སྤུངས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་པ་དུ་མ་བསྟེན་ནས་ལོ་བདུན་ཙམ་བཞུགས། དགུང་ལོ་སུམ་ཅུ་སོ་གཉིས་ཕེབས་པ་ཤིང་ཁྱི(༡༩༣༤)ལོར་འཕན་ཡུལ་དང་། རྭ་སྒྲེང་། གཙང་ཁུལ་སོགས་ལ་གནས་གཟིགས་དང་སྦྲགས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སཾསྐྲྀ་ཏའི་སྐད་ལ་སྦྱངས་མཐར་གནས་བརྟན་སྡེ་བའི་མདོ《ཆོས་ཀྱི་ཚིགས་སུ་བཅད་པ》ལ་སོགས་པ་ཐོགས་མེད་དུ་བསྒྱུར་བར་མཛད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྟག(༡༩༣༨)ལོར་ཧུ་ལ་དང་རྒྱ་གར་རི་མོ་བ་གཅིག དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་ཕེབས་ནས་དཔལ་ལྡན་ས་སྐྱའི་དགོན་པ་སོགས་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་པར་མཛད་དེ་སླར་རྒྱ་གར་དུ་ཕྱིར་ཕེབས་གནང་། སྐབས་དེར་དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ཨུ་རུ་སུ་རོག་རིས་ཞེས་པ་དེའི་སར་བཞུགས་ཏེ་དེབ་ཐེར་སྔོན་པོ་དབྱིན་ཡིག་ཏུ་བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས།
བོད་ཤིང་བྱ(༡༩༤༥)ལོ་ནང་རྐྱེན་སྣ་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཞལ་ཕྱོགས་ཏེ། སྟོད་ལ་དྭགས་ག་ཤའི་རྒྱུད་དང་། དེ་ནས་རིམ་བཞིན་མོན་རྟ་དབང་བརྒྱུད་ལྷ་སར་ཕེབས། ལྷ་སར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཞིབ་འཇུག་མཛད་དེ་ལྗགས་རྩོམ་མཛད་བཞིན་པའི་མུར་དབྱིན་ཇི་བཙན་རྒྱལ་པས་དེ་སྔའི་བོད་ཀྱི་སྲིད་གཞུང་ལ་ངན་སྐུལ་བྱས་ནས་མ་ཉེས་ཁ་གཡོགས་ཀྱིས་བོད་མེ་ཁྱི(༡༩༤༦)ལོའི་ཧོར་ཟླ་བཞི་བའི་ནང་ཙམ་ལ་གློ་བུར་འཛིན་བཟུང་གིས་ཁྲིམས་གཅོད་བྱས་ཐོག་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང(༡༩༤༩)ལོར་བཙོན་གྲོལ་ཐོབ། ཁོང་གི་རྩོམ་པར་མཛད་པའི་བསྟན་བཅོས་ལ།《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》《སིང་ག་ལའི་ལམ་ཡིག》 《རྒྱལ་པོ་ར་མ་ཎའི་རྟོགས་བརྗོད》《བྱ་ལེན་མའི་རྟོགས་བརྗོད 》ནག་མོ་ཁོལ་གྱིས་མཛད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ《སྒྲའི་ཟིན་བྲིས》《གངས་རིའི་སྐོར》《ཞང་དགའ་བའི་བློ་གྲོས་ལ་བྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《དབུ་ཚད་དཀའ་བའི་གནད》《ལུ་བྱེད་མཐའ་དཔྱད》《འདོད་པའི་བསྟན་བཅོས》《རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག》 《རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིགསྔ་རྗེས་གཉིས》《ཀེ་ཏ་ཀ་སོགས་ཀྱི་བཤད་པ》《ཞབས་བརྟན་འཆི་མེད་དབྱངས་སྙན》《ལེགས་ལྡན་ནག་པོའི་གླུ》《རང་བཞིན་གསུམ་ངེས་པ》《གཏམ་གྱི་ཚོགས་ཉིན་མཚན་བདུན་པ》 《སིང་ག་ལའི་གནས་བརྟན་སྡེ་བའི་མདོ་དྷརྨ་པ་དཱ་ཞེས་བྱ་བ》ཆོས་ཀྱི་ཚིགས་སུ་བཅད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། 《ལེགས་སྦྱར་བང་མཛོད》སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་རྣམས་སོ། །དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས(༡༩༥༡)ལོའི་ཧོར་ཟླ་བརྒྱད་པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས།