རྗེ་འདི་ནི་དཀར་མཛེས་འཁྲིགས་ལུང་རི་ཁྲོད་དུ་ཡབ་བསམ་གཏན་ཚེ་རིང་དང་ཡུམ་ཚེ་རིང་མའི་སྲས་སུ་རབ་བྱུང་བཅུ་བཅུ་པ་མེ་སྟག་སྤྱི་ལོ༡༨༦༦ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིད་འཁྲུངས། དགུང་ལོ་བཞི་ལ་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ལྔ་ལ་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན། དགུང་ལོ་དགུ་ན་ས་ཡོངས་འཛིན་བློ་ལྡན་ཆོས་འཕེལ་གྱི་དྲུང་ནས་དག་ཡིག་དང་། སུམ་རྟགས། སྙན་ངག མདོ་སྔགས་ཀྱི་གཞུང་ཆེན་སྐོར་གྱི་བཤད་ཁྲིད་སོགས་སྦྱངས། དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། རྒྱལ་རོང་བླ་མ་དཀོན་མཆོག་བཟང་པོ་དང་ཁང་གསར་བློ་བཟང་མཐུ་སྟོབས་རྒྱ་མཚོ་གཉིས་ལས་དབྱངས་ཅན་སྒྲ་མདོ་དང་སྙིང་ཐིག་གི་རྩ་རླུང་འཕྲུལ་འཁོར་ལག་ཁྲིད།
འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་སོགས་གསན། གདུང་ལོ་བཅུ་བདུན་ཐོག་དབུས་ལྷ་ལྡན་དུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་ཧྲེ་ཧོར་ཁང་ཚན་དུ་བཞུགས། གཞུང་བཀའ་པོད་ལྔ་ལ་གསན་བསམ་རྒྱ་ཆེར་གནང་ཐོག་རིགས་ལམ་རྩོད་གྲྭའི་ནང་དུ་གྲྭ་སྐོར་མཛད་སྐབས་མང་ཐོས་དགེ་བཤེས་རྣམས་ཀྱིས་བསྔགས་བརྗོད་གནང་ཞིང་། མཁས་པའི་སྙན་གྲགས་བརྟས།
དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང་ཆོས་དབྱིངས་དགོན། སྲག་མགོའི་དགེ་ཐར་ལུང་སོགས་སུ་གདན་ས་མཛད་དེ་གཞུང་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་འཆད་ཁྲིད་མཛད། གཞན་ཡང་དཀར་མཛེས། བྲག་འགོ། མི་ཉག གསེར་ཐར་སོགས་གནས་མཆོག་མང་པོར་ཞབས་ཀྱིས་བཅགས་ཏེ་བདེ་གསང་འཇིགས་གསུམ། སྙིང་ཐིག ཞི་གཅོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་དང་། བཀའ་འགྱུར་དང་། རྗེ་ཙོང་ཁ་པའི་གསུང་འབུམ། བླ་མ་སོ་སོའི་གསུང་འབུམ་སྣ་ཚོགས་ཀྱི་ལུང་གནང་བ་སོགས་གདུལ་བྱ་རྣམས་སྐལ་ལྡན་གྱི་ལམ་དུ་བཀོད། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་། དགེ་ཐོག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག རྭ་ཧོ་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་ཞལ་སློབ་ཏུ་གྱུར།
བཀའ་འགྱུར་གསེར་བྲིས་མ་དང་། རྡོ་རྗེ་སེམས་དཔའ་དང་། བྱམས་པ་སོགས་གསེར་ཟངས་ཀྱི་སྐུ་མང་པོ་བཞེངས། སྙན་ངག་གི་དཔེར་བརྗོད། བསྟོད་ཚོགས། བླ་མ་རྒྱུད་པའི་རྣམ་ཐར། གསང་འདུས་རྩ་རྒྱུད། སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་པར་དུ་འཁོད་པ་གླེགས་བམ་བཅུ་བདུན་ཙམ་བཞུགས། མཐར་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་སྤྱི་ལོ༡༩༢༩ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་སྐུ་གཤེགས།
རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།