རྒྱལ་བ་བསྐལ་བཟང་རྒྱ་མཚོ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།        2019-01-28

རྒྱལ་བ་བསྐལ་བཟང་རྒྱ་མཚོ།

༼ ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ།༽ ཁོང་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་མཚན་སྙན་ཧ་ཅང་ཆེ་བའི་གྲས་ཤིག་ཡིན།འཁྲུངས་ཡུལ་ནི་མདོ་ཁམས་ལི་ཐང་བྱམས་པ་གླིང་གི་ལྷ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ས་བྱི༼༡༧༠༨༽ ལོར་ཡབ་བསོད་ནམས་དར་རྒྱས་དང་ཡུམ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་ལྔ་བཅུ་པ་མེ་གླང་ལོར་སྐུ་གཤེགས།ལི་ཐང་ཆོས་སྐྱོང་ནས་རྒྱལ་བའི་ཡང་སྲིད་ཡིན་པའི་ལུང་བསྟན་བཞིན་སྐུ་ཞང་ཨ་དགེ་བཀྲ་ཤིས་ནས་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ།གནས་ཚུལ་དེ་རིམ་བཞིན་དབུས་གཙང་དུ་ཁྱབ་རྗེས།རྒྱལ་པོ་ལྷ་བཟང་གིས་ཕྱོགས་དེར་ལྐོག་ཉན་བྱེད་མི་མདའ་དཔོན་ནོར་བུ་དངོས་གྲུབ་ཅན་མི་གཉིས་བཏང་།མདའ་དཔོན་ནོར་བུ་དངོས་གྲུབ་ཀྱིས་འདི་ཚངས་དབྱངས་རྒྱ་མཚོའི་སྐུ་སྐྱེ་ཡིན་ཞེས་བརྗོད་ན་ཕན་ཐོགས་མེད་ཅེས་ཡོངས་གྲགས་སུ་བརྗོད་པ་དང་གསང་བའི་ཐོག་ནས་སྐུ་སྐྱེ་འདི་ས་ཁུལ་གཞན་ཞིག་ཏུ་གདན་ཞུ་བྱས་ན་ལེགས་ཚུལ་བསླབ་བྱ་ཡང་བྱས་པར་བརྟེན་དེ་ནུབ་རང་ཡབ་ཀྱིས་འབྲོག་པའི་ས་ཆར་གདན་དྲངས་ཤིང་།དེ་ནས་ཤིང་རྟ༼ ༡༧༡༤༽ ལོའི་ཟླ༣ཚེས༡༤ཉིན་སྡེ་དགེར་གདན་ཞུ་བྱས།དེའི་གནས་ཚུལ་མཚོ་སྔོན་ཕྱོགས་ཀྱི་སྦྱིན་བདག་སོག་པོ་ཆིང་ཝང་བ་ཐུར་ཐའི་ཇི་སོགས་ཀྱིས་ཐོས་ཏེ་ལྷ་བཟང་ཁང་གིས་ཚངས་དབྱངས་རྒྱ་མཚོར་མི་འཚམས་པ་ཞུས་པ་དང་།ད་དུང་ཡང་སྲིད་ལའང་གནོད་འཚེ་བཏང་དོགས་གདན་ཞུའི་མི་སྣ་བཏང་སྟེ་ལོ་དེ་རང་དུ་སྡེ་དགེ་ནས་མཚོ་སྔོན་དགའ་ལྡན་ཨེ་ཏི་ནི་ཇུ་ནང་གི་སྡོད་སྒར་ལ་ཕེབས་པ་དང་དབུས་ཕྱོགས་ནས་གདན་ས་གསུམ་དང་།སྟག་རྩེ་སྡེ་སྲིད་སོགས་གཞུང་འབངས་བསམ་ཤེས་ཅན་རྣམས་ནས་གསང་སྟབས་ཀྱིས་ཡང་སྲིད་རིན་པོ་ཆེར་གཞུང་ཐོག་ནས་ཏཱ་ལའི་བླ་མར་ངོས་འཛིན་ཞུས་པ་དང་།བོད་སོག་ཡོངས་ནས་ཡང་སྲིད་རིན་པོ་ཆེ་འདིར་ངོས་འཛིན་ཁས་ལེན་ཞུས།དགུང་ལོ་བརྒྱད་ལ་ཕེབས་སྐབས་མན་ཆིང་གོང་མ་ཁང་ཤིས་ནས་ཀྱང་སྔར་ཡབ་དུས་སུ་ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲོལ་རྒྱུན་ལྟར།སྐུ་ཚབ་ཆེད་བཏང་གིས་རྒྱ་བོད་ཧོར་སོགས་ཀྱི་ཆིབས་ཧྲིག་ཟབ་རྒྱས་དང་བཅས་ཡང་སྲིད་རིན་པོ་ཆེ་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས།རྒྱལ་དབང་བསོད་ནམས་རྒྱ་མཚོའི་བཞུགས་ཁྲིར་མངའ་གསོལ་གྱི་མཛད་སྒོ་དང་སྦྲགས།གོང་མའི་བཀའ་ཕབ་པའི་ནང་དོན་དུ།ཏཱ་ལའི་བླ་མའི་སྤྲུལ་སྐུ་འདི་དེ་ཕྱོགས་ལ་ཕེབས་པ་ནས་བཟུང་ངེད་སེམས་ཤིན་ཏུ་བདེ།ངེད་དང་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཐམས་ཅད་སྦྱིན་བདག་ཡིན།སྤྲུལ་པའི་སྐུ་འདི་ཏཱ་ལའི་བླ་མ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པས།མཆོག་དམན་ཐམས་ཅད་ཀྱིས་གུས་འདུད་ཞུ་དགོས་དང་།ཐམས་ཅད་མཁྱེན་པ་འཛམ་གླིང་ལ་ཉི་མ་ཤར་བ་ལྟ་བུ་སྦར་མོས་འགེབ་ཐུབ་པ་མི་ཡོང་བས།ཁོང་རང་གི་ཐུགས་རྗེ་དང་འཕྲིན་ལས་ཀྱི་འོད་ཟེར་ས་སྟེང་ཐམས་ཅད་ལ་ཁྱབ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་འབྱུང་།ཞེས་ཁྱབ་བསྒྲགས་བྱས།དེ་ནས་བཟུང་།ཆ་གན་ནོ་མིན་ཧན་དང་།ཆུ་བཟང་ནོ་མིན་ཧན་སོགས་ཡོངས་འཛིན་དུ་བསྟེན་ནས་ནང་པ་སངས་རྒྱས་པའི་གཞུང་ཆེན་པོ་རྣམས་ལ་ཚིག་སྤྱི་ཙམ་མིན་པར་གསན་བསམ་གཙོ་བོར་མཛད།མེ་སྤྲེལ་ལོའི་ཧོར་ཟླ༡༠ནང་སྐུ་འབུམ་དངུལ་གདུང་ཆེན་མོའི་དྲུང་དུ་ཡོངས་འཛིན་ཆུ་བཟང་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་བར་མཛད། མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་བསམ་སྒོམ་སྒྲུབ་ཐོག  ཆོས་འཆད་སྤེལ་སོགས་ཀྱི་སྒོ་ནས་གདུལ་བྱ་གྲངས་ལས་འདས་པ་བསམ་པ་ཆོས་ཕྱོགས་སུ་འགོད་པར་མཛད།སྦྱིན་བདག་གི་གཙོ་བོ་བསྟན་འཛིན་ཆིང་ཝང་དང་དགའ་ལྡན་ཇུ་ནང་གིས་གཙོས་སོག་ཡུལ་དང་མཚོ་སྔོན་ཕྱོགས་ཡོད་པའི་དཔོན་ཁག་ཡོད་དོ་ཅོག་ནས་སྐུ་འབུམ་དུ་ཡོད་པའི་སྤྲུལ་སྐུ་རིན་པོ་ཆེ་དབུས་ཕྱོགས་སུ་གདན་འདྲེན་ཞུ་རྒྱུའི་གྲོས་མཐུན་བྱུང་བ་དང་།ཆིང་གོང་མས་ཀྱང་རྗེ་བླ་མ་མཆོག་ཉིད་དབུས་གཙང་ཕྱོགས་སུ་གདན་དྲངས་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་དགོས་ཚུལ་གྱི་བཀའ་རྒྱ་དང་མི་སྣ་འབྱོར་བའི་མདུན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་དུས་ཀྱི་སྲོལ་ལྟར་འཇའ་ས་ཐམ་ཀ་སོགས་ཀྱང་ཕུལ།དགུང་ལོ་བཅུ་གསུམ་དུས་སྐུ་འབུམ་བྱམས་པ་གླིང་ནས་བོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ཚེ།གོང་མའི་སྲས་བཅུ་བཞི་པ་ཅང་ཇུན་ཕེབས་སྐྱེལ་དུ་མངགས་པ་དང་དེ་བཞིན་སོག་པོ་དང་མཚོ་སྔོན་ཁུལ་གྱི་སྦྱིན་བདག་དང་།གོང་མའི་སྐུ་ཚབ་ཏུ་ཐུའུ་བཀྭན་ཧོ་ཐོག་ཐུ།བཀའ་འགྱུར་ཏཱ་བླ་མ།ཁལ་ཁ་དོན་གྲུབ་ཝང་སོགས་ཤིན་ཏུ་གཏོས་ཆེ་བའི་ཆིབས་ཞབས་དང་།རྒྱ་སོག་གི་སྐུ་སྲུང་དམག་མི་ཁྱོན་ཆེ་དང་བཅས།ལྕགས་བྱི་ལོའི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས།ཟླ༡༡ཚེས༥ཉིན་པོ་ཏ་ལར་པཎ་ཆེན་བློ་བཟང་ཡེ་ཤེས་ནས་མཁན་སློབ་སྦྲགས་མ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ལ་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ།སྐབས་དེའི་ཚེ་བོད་གཞུང་ནས་མཛད་སྒོ་ཁག་བཅས་ལ་གོང་མའི་དཔོན་རིགས་དང་།བོད་ཀྱི་དཔོན་རིགས་རྣམས་མདུན་གྲལ།སོག་པོའི་དཔོན་རིགས་རྣམས་རྒྱབ་གྲལ་དུ་བཞག་པས་གྲལ་གནས་བློར་མ་བབ་པའི་ཐོག སྡེ་སྲིད་སྟག་རྩེའི་སྲོག་བསྐྱབས་པ་ཡང་དོན་སྨིན་མ་བྱུང་བ།སྔར་བོད་དུ་གུ་ཤྲི་ཧན་གྱི་སྲས་རྒྱུད་ལ་རྒྱལ་པོའི་མཚན་གནས་རྒྱུད་འཇགས་གནང་བ་དེ་ཡང་ད་མཚམས་མེད་པ་ལ་འདོད་བློ་མ་ཁེངས་པར་སོག་པོའི་དཔོན་རིགས་རིམ་བཞིན་མཚོ་སྔོན་དུ་ཕྱིར་ལོག་ཟིན་ཉིད། མན་ཆིང་སྲིད་གཞུང་ལ་ངོ་རྒོལ་དུས་ཟིང་སློང་རྒྱུ་ཡིན་ཞེས་ཇོ་བོའི་སྐུ་མདུན་དུ་དམ་བཅའ་བྱས།དེ་མཇུག་ལྷ་སྡོད་མན་ཆིང་དཔོན་དམག་ནས་མི་སེར་ཐོག་བརྡབ་གསིག་གཟན་གོད་ཆེ་བ་སོགས་ཀྱིས་བོད་མི་རྣམས་ནས་མི་དགའ་བའི་རྣམ་འགྱུར་ཡང་ཡང་བསྟན་པ་དང་།ལྷག་པར་མཚོ་སྔོན་ཕྱོགས་སུ་གཞིས་ཆགས་སོག་པོ་དང་ཨ་མདོ་བ་རྣམས་མཉམ་འབྲེལ་གྱིས་ཆིང་གོང་མར་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱས་པར་བརྟེན།བོད་ཆུ་ཡོས༼ ༡༧༢༣༽ ལོར་མན་ཆིང་གོང་མ་ཡུང་ཀྲེང་ཁྲི་ལོ་དང་པོར་ལྷ་སྡོད་ཨ་ས་ཨམ་བན་གྱིས་གཙོས་རྒྱ་སོག་གི་དཔོན་དམག་ཚང་མ་ཕྱིར་འཐེན་བྱས།ལོ་འདིར་མཚོ་སྔོན་ཕྱོགས་གུ་ཤྲི་ཧན་གྱི་སྲས་རྒྱུད་བློ་བཟང་བསྟན་འཛིན་སོགས་བོད་སོག་རྣམས་ནས་མན་ཆིང་གོང་མར་ངོ་རྒོལ་གྱི་འཁྲུག་ཟིང་བསླངས་པ་ཏཱ་ལའི་བླ་མས་གསན་འཕྲལ་ཐུགས་ཀྱིས་མ་བཟོད་པར་བོད་སོག་རྣམས་ལ་བཀའ་སློབ་ཡང་ཡང་གནང་བ་དང་།རྒྱ་སོག་ཆིངས་བྱེད་པར་དགའ་ལྡན་ཁྲི་རིན་པོ་ཆེ་དཔལ་ལྡན་གྲགས་པ་དང་མགྲོན་གཉེར་བློ་བཟང་དཀོན་མཆོག་ཆེད་རྫོངས་མཛད་དེ།དཔོན་ཁག་རྣམས་ནས་རྒྱལ་བསྟན་ཆབ་སྲིད་ཀྱི་ལ་རྒྱར་བསམ་ཤེས་བྱས་ཏེ་འཕྲལ་ཕུགས་བདེ་འཇགས་དགོས་པའི་བཀའ་ཡིག་གནང་ཡང་ཕན་ཐོགས་མ་བྱུང་།སྐབས་དེར་རྒྱའི་དམག་དཔོན་ཉན་གུང་ཡའོ་དང་།ཡོ་ཙུང་ཆི་སོགས་ཀྱིས་རྒྱ་དམག་གྲངས་ལས་འདས་པ་ཁྲིད་དེ་མཚོ་སྔོན་དུ་དམག་དྲངས་ཐོག གསེར་ཁོག་དགོན་དང་།དགོན་ལུང་།སྐུ་འབུམ་སོགས་ཨ་མདོ་ཁུལ་གྱི་དགོན་ཁག་མང་པོ་གཏོར་བཅོམ་དང་མི་སྡེ་ཁྲི་ཁྲག་མང་པོར་གནོད་འཚེ།སྐབས་དེའི་སྐུ་འབུམ་མཁན་པོ་ཆུ་བཟང་རིན་པོ་ཆེ་གསོན་པོར་མེར་བསྲེགས།སེར་སྐྱ་ཕོ་མོ་མང་པོ་བསད་རྨས་བཏང་བ་བཅས་བྱུང་བར་བརྟེན།རྒྱལ་དབང་མཆོག་ནས་མན་ཆིང་གོང་མར་དམག་མཚམས་འཕྲལ་དུ་འཇོག་དགོས་སྐོར་ཐད་ཀར་ཕྱག་བྲིས་དང་།ཐུའུ་བཀྭན་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱ་མཚོ་བརྒྱུད་ཐེངས་མང་འབོད་བསྐུལ་གནང་བ་བཅས་ཀྱི་ཐུགས་རྗེས་དམག་མཚམས་བཞག་སྟེ།གོང་མའི་མཛོད་ནས་གོང་གསལ་གཏོར་བཤིག་བྱུང་པའི་དགོན་ཁག་ཉམས་གསོ་བྱེད་རྒྱའི་བཀའ་ཕབ་པ་མ་ཟད། བོད་གཞུང་ནས་ཀྱང་དགོན་སྡེ་ཚང་མར་ཉམས་གསོའི་མཐུན་རྐྱེན་དང་།བཟོ་རིགས་མཁས་པ་མང་པོ་མངགས་ཏེ་རོགས་རམ་རྒྱ་ཆེ་བྱས་ཡོད། བོད་མི་སེར་སྐྱ་མཆོག་དམན་ཚང་མས་རྒྱལ་དབང་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུས་པར་བརྟེན། སྐབས་དེའི་བོད་ཀྱི་སྲིད་སྐྱོང་མི་དབང་ཕོ་ལྷའི་སྲིད་དོན་གྱི་ལམ་ཕྱོགས་ལ་འགལ་རྐྱེན་ལྟ་བུར་མཐོང་སྟེ།བོད་ས་གནས་སུ་ང་ལུམ་སྦྱར་གསུམ་གྱིས་བསླངས་པའི་ཟིང་འཁྲུག་གི་བྱེད་གཏེ་གཙོ་བོ་ཏཱ་ལའི་བླ་མ་རང་ལ་ཐུག་ཡོད་པའི་སྙན་ཞུ་ཞིག་ཕོ་ལྷ་བ་ངོ་མས་གོང་མར་ཕུལ་བར་བརྟེན།བཀའ་ཕབ་པ་ལྟར་ཏཱ་ལའི་བླ་མ་མཆོག་ཀྱང་ཡབ་རྗེས་དབུས་ཞབས་གྲས་ཉིས་བརྒྱ་བཅས་ལྷ་ས་ནས་ཕེབས་ཐོན་གྱིས་ལི་ཐང་བྱམས་པ་གླིང་བརྒྱུད་མགར་ཐར་དུ་ཕེབས་ནས་ལོ་ཤས་རིང་བཞུགས་དགོས་བྱུང་།དེར་བཞུགས་པའི་རིང་མགར་ཐར་དགོན་པ་ཕྱག་བཏབ།དེར་དགེ་འདུན་ལྔ་བཅུ་ཐམ་པ་འཛུགས་གནང་ཐོག་སྐྱེ་འགྲོ་གྲངས་མེད་པར་ཆོས་ཡང་ཡང་གསུངས།ཤིང་ཡོས༼ ༡༧༣༥༽ ལོར་བོད་མི་མང་སྐྱ་སེར་ཡོངས་ཀྱིས་རེ་བ་ཞུས་པ་ལྟར།མན་ཇུ་གོང་མས་གཞི་ནས་ལྕང་སྐྱ་རོལ་པའི་རྡོ་རྗེ་སྐུ་ཚབ་ཏུ་ཆེད་མངགས་གཏོང་གནང་མདུན་མགར་ཐར་ནས་བོད་ལྗོངས་སུ་ཕྱིར་ཕེབས་དགོས་རྒྱུའི་བཀའ་ཕབ་པ་དང་སྦྲགས་གོང་མའི་སྲས་དང་།ལྕང་སྐྱ་ཧོ་ཐོག་ཐུ་ཡང་ལྷན་དུ་བོད་དུ་ཆིབས་ཁ་བསྒྱུར་ནས་ལྷ་ལྡན་དུ་ཕེབས།གོང་མ་ཆན་ཡུང་གིས་བཀའ་ཕབ་པ་ལྟར། བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག༼ ༡༧༥༡༽ ལོར་ཏཱ་ལའི་བླ་མ་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ། ཞབས་ཞུར་བཀའ་བློན་བཞི་བསྐོ་གཞག་བྱས་ཤིང་བཀའ་ཤོག་ཐོག་མར་བཙུགས་ཏེ་བཀའ་བློན་གྱི་གཙོ་བོ་དགའ་བཞི་གུང་པཎྜི་ཏ་དང་། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲི་ཆོས་ཚེ་བརྟན། སེར་མོ་བ་དར་ཧན་ཉི་མ་རྒྱལ་མཚན་བཅས་དང་། བཀའ་དྲུང་། བཀའ་མགྲོན་བཅས་བསྐོ་གཞག་བསྩལ་ཏེ་བཀའ་ཤག་གི་དམ་ཕྲུག་བདེ་སྐྱིད་མར་ཐུགས་སྨོན་དང་བཅས་བཀའ་བློན་གུང་ཐུན་མོང་གི་ཕྱག་ཏུ་གསོལ་རས་བསྩལ། བོད་ཤིང་ཁྱི༼ ༡༧༥༤༽ ལོའི་ཟླ་གཉིས་པའི་ནང་།བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ལྷ་སྐུ་རྟེན་བཞེངས་ཀྱི་བྲིས་ཚུགས་དང་།སྒྲ།སྙན་ངག་ལ་སོགས་པའི་རིག་གནས།ལཉྩ་དང་།ཝརྟུ་ལ་སོགས་པའི་ཡིག་གཟུགས་བཅས་སློབ་སྦྱོང་བྱེད་པའི་རིག་གནས་སློབ་གྲྭ་གསར་འཛུགས་དང་ཕོ་བྲང་ཆེན་པོའི་ཞོལ་དུ་བཟོ་གྲྭ་འདོད་འཇོ་དཔལ་འཁྱིལ༼  ཞོལ་འདོད་དཔལ་ཞེས་པ་དེ་ཡིན༽ གསར་འཛུགས་མཛད། ལོ་དེའི་རྗེས་མར་རྩེ་ཡིག་ཚང་ལས་ཁུངས་ཀྱང་ཆེད་འཛུགས་གནང་བ་སོགས་མཛད་རྗེས་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་འདུག རྒྱལ་བའི་དབང་པོ་འདི་ཉིད་ནས་སྐུ་གཞོན་ནུའི་སྐབས་སྐུའི་ཡོངས་འཛིན་ཆ་གན་ནོ་མིན་ཧན་དང་།ཆུ་བཟང་ནོ་མིན་ཧན།ཁྲི་བློ་བཟང་དར་རྒྱས།ཁྲི་ཆེན་དཔལ་ལྡན་གྲགས་པ་སོགས་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུར་གསན་སྦྱོང་དང་།ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་དེ།པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་ཧོ་ཐོག་ཐུ་རོལ་པའི་རྡོ་རྗེ་སོགས་དངོས་སློབ་གྲངས་ལས་འདས་པར་རབ་བྱུང་དང་།བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་སོགས་དང་།བྱང་ཆུབ་ལམ་གྱི་རིམ་པའི་བཤད་ཁྲིད་ཀྱིས་མཚོན།མདོ་རྒྱུད་མན་ངག་དུ་མས་སྣོད་ལྡན་གྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོར་འགོད་པར་མཛད།ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཕུལ་དུ་ཕྱིན་པ་དང་། སྡོམ་པ་གསུམ་གྱི་བསླབ་ཁྲིམས་གཙང་མར་སྲུང་བ།ཐུགས་རྒྱུད་བཟང་ཞིང་ཉམས་ཐག་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེ་བ། དགེ་ལུགས་པའི་བསྟན་པའི་བདག་པོར་བཞུགས་ཀྱང་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་མེད་པ།དཔལ་འབྱོར་རྒྱ་ཆེན་པོ་ལ་མངའ་བརྙེས་ཀྱང་རྒྱས་སྤྲོས་གཏན་ནས་མི་མཛད་པ།མན་ཆིང་གོང་མ་སོགས་མཆོག་དམན་ཀུན་གྱིས་གུས་བཀུར་ཞུས་ཀྱང་ཁེངས་དྲེགས་ཀྱི་རྣམ་འགྱུར་གཏན་ནས་མི་མངའ་བ་བཅས་ཡིན་སྟབས་རྒྱ་སོག་བོད་གསུམ་གྱི་ས་གནས་ཡོངས་ལ་མཚན་སྙན་གྱིས་ཡོངས་སུ་ཁྱབ་པ་ཞིག་ཡིན།གསུང་རྩོམ་གྲས་དཔར་དུ་འཁོད་པ་པོད་བདུན་ཡོད།

        ༼  དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།༽

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:བོད་ཀྱི་རྒྱལ་མོ་ཐོག་མ་འབྲོ་བཟའ་ཁྲི་མ་ལོད།
  • ལེ་ཚན་རྗེས་མ།:རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ།