དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས། 2019-01-28
༼ འཕགས་པ་ལྷ་སྐུ་ཕྲེང་བཅུ་གཅིག་པ།༽ རབ་བྱུང་བཅུ་དྲུག་པའི་ས་ཡོས༼ ༡༩༣༩༽ ལོའི་ཧོར་ཟླ༡༢ཚེས༨ཉིན་ལི་ཐང་དགོན་ཆེན་དང་ཉེ་བ་མཚོ་གསུམ་པའི་ཁོངས་ཨ་མདོ་གྲོང་སྣ་ལུ་ཚང་ངམ་ཆུ་བསྐོར་ཞེས་པར་ཡབ་བློ་བཟང་ངག་དབང་དང་ཡུམ་རིག་འཛིན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས།སྔར་ལམ་གསེར་བུམ་དཀྲུགས་འདོན་ཞུ་སྲོལ་ཡང་དེ་སྐབས་དེ་ལྟར་བྱ་རྒྱུའི་ཆ་རྐྱེན་མེད་ཁར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་སྐུ་ན་ཕྲ་བས་སྲིད་སྐྱོང་སྟག་བྲག་ལ་གནས་ཚུལ་སྙན་ཞུ་ཕུལ་བར་ཆེད་མངགས་ལྷ་སར་མི་སྣ་མངགས་གཏོང་གིས་ཟླ་བ་བཞི་པའི་ཚེས་ཤར་ལ་སྙན་ཞུའི་བཀའ་ལན་ཕྱིར་ཕེབས་སུ་འཕགས་པ་ལྷའི་ཡང་སྲིད་དུ་ངོས་འཛིན་ཁྲི་གསོལ་བྱས་འཐུས་ཞེས་སྲིད་ཐམ་འགོ་མཆན་བསྩལ་འབྱོར་སྐབས་དགའ་བསུའི་མཛད་སྒོ་བསྟར།ཏཱ་ལའི་བླ་མ་ནས་མཚན་བསྟན་འཛིན་འཇིགས་མེད་དགེ་ལེགས་རྣམ་རྒྱལ་ཞེས་དང་སྲིད་སྐྱོང་སྟག་བྲག་ནས་གོས་ཆེན་སེར་པོའི་ཐོག་འཕགས་པ་ལྷར་ངག་དབང་བློ་བཟང་ལུང་རྟོགས་བསྟན་པའི་གསལ་བྱེད་དཔལ་བཟང་ཞེས་པའི་མཚན་ཡིག་དམ་འབྱར་དང་མཚན་སྤེལ་གྱི་ཞབས་བརྟན་གསོལ་འདེབས་བཅས་གནང་།དགེ་བཤེས་མཁྱེན་རབ་མཐར་ཕྱིན་ཡོངས་འཛིན་དུ་བསྟེན་ནས་ཕྱག་བྲིས་ཡིག་ཀློག་དང་ཕྱག་དཔེ་ཐུགས་འཛིན་གནང་།དགེ་བཤེས་བྱམས་པ་མཐའ་ཡས་ཀྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་སྡོམ་བཞེས།དགེ་བཤེས་ཐུབ་བསྟན་དམ་པ་བསྟེན་ནས་གཞུང་ཆེན་བཀའ་པོད་ལ་གསན་བསམ་ཐུགས་གཉེར་བས་རྒྱུན་འཁྱོངས་མཛད།དགུང་གྲངས་བཅུ་གཉིས་བཞེས་པ་ལྕགས་སྟག༼ ༡༩༥༠༽ ལོར་ཆབ་མདོ་མཚན་ཉིད་གྲྭ་ཚང་དུ་རིགས་ཆུང་ཚོགས་བཞེངས་གནང་།གོང་ལོའི་ཟླ༡༠པའི་ཚེས༡༩ཉིན་ཏེ་ཆབ་མདོར་བཅིངས་འགྲོལ་ལས་དམག་འབྱོར་བའི་ཉིན་གསུམ་པར་འཐབ་ས་མདུན་མའི་བཀོད་འདོམས་དམག་སྤྱི་ཝང་འཆི་མེད་བླ་བྲང་དུ་ཕེབས་ནས་ཕན་ཚུན་འཚམས་འདྲི་མཛད།རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག༼ ༡༩༥༢༽ དགུང་ལོ་བཅུ་བཞིའི་ཐོག་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཞིང་།དེ་ནས་མི་རིང་བར་སེ་རར་ཆོས་ཞུགས་མཛད་པ་ནས་བཟུང་སེ་རར་གཏན་བཞུགས་ཀྱིས་རིགས་ལམ་ཆེ་ཆུང་གི་སློབ་གཉེར་དམ་བཞེས་སོགས་ལེགས་གྲུབ་ཟིན་ནས་ལྕགས་བྱི༼ ༡༩༦༠༽ དགུང་གྲངས་ཉེར་གཉིས་སུ་ཕེབས་སྐབས་ལྷ་རམས་མཚན་རྟགས་བཞེས་འཆར་ཡོད་ཀྱང་ས་ཕག༼ ༡༩༥༩༽ ལོའི་ཟིང་འཁྲུག་དུས་དབང་གི་རྐྱེན་པས་ལྷ་རམས་མཚན་བཞེས་གནང་ཐབས་བྲལ།སྐུ་ཕྲེང་འདིའི་སྲིད་ཕྱོགས་ཀྱི་མཚན་གནས་ཐད་ཐོག་མ༼ ༡༩༥༡༽ ལོའི་ཟླ་དང་པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མདོ་སྨད་མངའ་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་པོའི་མཚན་གནས་བཞེས་པ་ནས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཀྲུའུ་རེན་ཨུ་ཡོན་གཞོན་པ།རང་སྐྱོང་ལྗོངས་མི་དམངས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་གསུམ་པ་དང་།བཞི་པ།ལྔ་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུའུ་ཞི། རྒྱལ་ཡོངས་སྲིད་གྲོས་སྐབས་གསུམ་པ་དང་།བཞི་པ།ལྔ་པ།དྲུག་པ།བདུན་པ་བཅས་ཀྱི་ཨུ་ཡོན་དང་།ཀྲུའུ་ཞི་གཞོན་པ་བཅས་གནང་ཐོག་སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་མཚན་གནས་བཞེས་ཏེ་ད་ལྟ་རབ་བྱུང་བཅུ་བདུན་པའི་ཤིང་ཕག༼ ༡༩༩༥༽ ལོར་དགུང་གྲངས་ང་བདུན་དུ་འཚོ་ཞིང་བཞེས་པ་ལགས་སོ།།
༼ དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།༽
རྩོམ་གསར། 10